ང་ཡི་ང་ལགས། ཁྱོད་ཀྱི་མིག་ཟུང་ལ་ལྗིད་ཤུགས་བབ་འདུག

    རྩོམ་པ་པོ། ཀུན་དགའ་དོན་གྲུབ།


ང་ཡི་ང་ལགས། ཁྱོད་ཀྱི་མིག་ཟུང་ལ་ལྗིད་ཤུགས་བབ་འདུག ཞར་བཀོད་བཞི་ཡོད།
 

                         ཀུན་དགའ་དོན་གྲུབ། བླ་རུང་། 



  ཀྱེ་་་  སྙིང་ཉེ་ཁྱོད་ནི་ངའི་དར་བ་ཐམས་ཅད་ཀྱི་འགོ་འཛིན་ས་དང་། རྒུད་པ་ཐ་དག་གི་མཇུག་བསྡུ་ས་ཡིན་པས། ཁྱོད་ཀྱི་མིག་ཟུང་གི་གཏིང་དང་མཐའ་ནས་མངོན་པའི་ལྗིད་ཤུགས་དེས་ང་རང་བསམ་གཞིག་གི་གཏིང་མཐར་ཉུལ་དུ་བཅུག་སོང་།  སྤྱིར་བཏང་ཁྱོད་ནི་ང་སྟེ། སློབ་སྦྱོང་ཆད་མ་མཐུད་ཀྱི་ངང་དུ། ཡི་གེའི་སྲད་བུ་བསྒྲིལ་ཏེ་འདུ་ཤེས་དང་ཚོར་སྣང་གི་མུ་ཏིག་བརྒྱུ་བར་དགའ་བ་ལས། ཁྱོད་ཀྱིས་ཅི་ཡང་མི་ནུས་ལ་ཅི་ཡང་བྱེད་པར་མི་སྤྲོ་བས།  ངས་ཁྱོད་ནི་ཤིན་ཏུ་སྙིང་རྗེ་བོ་ཡོད་བསམ་ཞིང་། ལྷག་པར་དྭངས་གཙང་ཡིན་བསམ་ཡོད།  སྤྱི་ཚོགས་འདུ་འགོད་ཀྱི་གཏིང་ལ་བྱིང་མ་མྱོང་བའི་ཁྱོད་ཀྱིས་སྐད་ཆ་སྦོམ་པོ་རེ་སྨྲ་ན་ཡང་། དེ་མ་ཉིད་དུ“རང་གི་ལུས་ལ་ཐིམས་ཤིང་ནུབ་པ་ཉིད་དུ་འགྱུར”བས་དེ་ནི་སྐྱོན་ཅི་ཡང་མ་རེད། ཁྱོད་ཀྱིས་དཀྱིལ་མོ་ཀྲུང་གིས་དཔེ་དེབ་ཀློག་ཞོར་བསམ་གཞིག་རེ་བྱེད་ན་ཡང་། དཔེ་ཀློག་གི་གོམ་ཞེང་ཆུང་དྲེགས་ཤིང་། བསམ་གཞིག་གི་ཁ་སྟབས་ཞན་ཆེ་བས་ས་ཆོད་ཅི་ཡང་མ་བྱུང་། དེ་བས་ཁྱོད་ནི་ཤ་ཚ་མོ་ཡང་ཡོད་བསམ་ཡོད།

 

   ཁྱོད་རང་དཔལ་འབྱོར་རྩོལ་སྒྲུབ་ཀྱི་ཧམ་སེམས་ཀྱིས་མ་བསྲེག་པས་ངས་ད་དུང་ཡང་ཁྱོད་ཀྱི་གཤིས་ལ་གནས་ལུགས་དང་དྲང་བདེན་གྱི་དེ་ཉིད་ཕབས་ཐུབ་བསམ། ཁྱོད་རང་ཆེན་པོ་ཚོའི་མདུན་ནས་ལྕེ་ལོ་བསྣར་བསྣར་བྱེད་ཀྱིན་རང་གཤིས་ལ་གནོང་འགྱོད་དང་དམའ་འབེབས་མ་བྱས་ལ། དམའ་མོ་ཚོར་མགོ་བོ་མཐོ་མཐོ་ཡིས་ཐུར་ལྟ་བྱེད་མ་མྱོང་བས། ཁྱོད་ཀྱི་སྒལ་ཚིགས་སྲ་མོ་དེ་བདེན་ལུགས་དང་རྒྱུ་འབྲས་ཀྱི་ཐིག་ཤིང་བརྒྱུད་ནས་དྲང་མོ་སྲོང་ཆོག་བསམ། 

ཁྱོད་ཀྱི་བསམ་དཔྱོད་དང་དཔེ་ཀློག་གི་འབབ་རྒྱུན་བསྐྱངས་ནས་གངས་ཅན་གཙུག་ལག་རིག་པར་དག་ཐེར་དང་ཞལ་འདེབས་ཕུལ་ཐུབ་བསམ། དེ་ལྟར་ངས་ནི་ང་ཡི་ཁྱོད་ལ་རེ་བཞག་དང་ཡིད་ཆེས་བཀན་བཀན་ལ་ཡོད་ཅིང་།  སྐུལ་འདེད་དང་ཡར་འཐེན་བྱས་བྱས་ལ་ཡོད།

 

ང་ཡིས་སྡེ་མཁས་ཆེན་ཚོའི་ངོ་མཚར་བའི་རྩོམ་རིག་དག་ཀློག་དུས་ཀྱང་། ཁྱོད་ཀྱིས་ཀྱང་འབད་འབུངས་གྱིས་དང་འདི་ལྟ་བུ་འོང་ངེས་ཅན་ཡིན་ཞེས་དཔའ་གདེང་གནང་ཞིང་། བརྗོད་པ་སྐྱོན་གྱིས་གོས་པའི་བརྩམས་ཆོས་རེ་མཐོང་དུས་ཁྱོད་ཀྱི་འདི་ལྟ་བུ་བསྒྲུབས་མི་སྲིད་ཅེས་དབུགས་དབྱུང་དང་ངལ་གསོ་གནང་། དེ་བས་ན་ཁྱོད་ཀྱིས་ཅི་ཡང་མ་ནུས་པར་ནམ་ཞིག་འཆི་བ་ཟེར་བའི་གྲིབ་ཡོལ་ནག་རབ་རིབ་ཅིག་མགོ་ཐོག་ཏུ་འཐེན་ན། སུ་ཞིག་ཁྱོད་ལ་ཡི་མི་ཆད་དམ་སྙམ། གང་ཞིག་གིས་ཁྱོད་ལ་ལས་མི་འདེད་དམ།  ཀྱེ་་་་  ང་ཡི་ཁྱོད་ལགས། བསམ་རོགས་གནོང་དང་། 

 

ངས་བཤད་འདོད་པ་ནི། ང་ཡི་ཁྱོད་རང་བརྩེ་དུང་ཟེར་བའི་མཁའ་དབུགས་རྫོབ་པོ་དེས་ཉབ་ཉོབ་དུ་བཏང་བྱུང་ངམ། ང་ཡི་ཁྱོད་རང་ནད་གཞི་ཟེར་བའི་འབགས་བཙོག་གིས་ཏབ་ཏུབ་ཏུ་བཏང་བྱུང་ངམ།  ལོ་ན་ཚོད་ཟེར་བའི་རྡུལ་བརྩེགས་ཀྱིས་དྭངས་གཙང་ཡིད་ཁམས་ཀྱང་ཡོངས་སུ་བསྒྲིབས་ལ་ཉེ་བྱུང་ངམ། ཁྱོད་ཀྱི་མིག་ཟུང་གི་ལྗིད་ཤུགས་དེའི་ལྟག་རྒྱབ་ན། ལོ་ཟླའི་ཁུག་པ་ལས་གཞན། ད་དུང་འགྱུར་ལྡོག་དང་མཚོ་ཚིས། སྤྱི་ཚོགས་དང་བསམ་གཞིག  རེ་བ་དང་འདུན་མ་སོགས་ཤིན་དཀའ་བའི་ཁུར་བོ་མང་པོ་ཞིག་གིས་སེམས་པ་ནོན་ཚུལ་ཡོད་དམ། ཁྱོད་ནི་མཐོང་མི་ཐུབ་པའི་དཀའ་སྡུག་ཅིག་གིས་གོ་མེད་ཚོར་མེད་དུ་མནན་ཟིན་ནམ།  རང་གིས་ཀྱང་མི་ཚོར་ས་ནས་དཀའ་སྡུག་མང་པོས་ཁྱོད་ནི་ཤིན་ཏུ་ཐང་ཆད་པར་བྱས་མི་འདུག་གམ།  ཁྱོད་ལ་གོ་མེད་ཚོར་མེད་དཀའ་སྡུག་དང་དངུལ་ཆུ་སྦྱིན་མཁན་དེ་སུ་ཡིན་ནམ།  སྙིང་ཉེ་བའི་ང་ཡི་ང་ལགས། ངས་གློག་བརྙན་ལ་ལྟ་བའི་འཆར་ཤེལ་གྱི་མཐའ་ཁ་ནས་ཁྱོད་ཀྱི་གྲུབ་རིས་མཐོང་བྱུང་། ངས་ཁྱོད་ཀྱི་མིག་ཟུང་གི་ལྗིད་ཤུགས་དེ་ལ་ཡང་ཡང་ལྟ་དགོས་བྱུང་བར་མ་ཚད། སྐད་ཆ་ཁ་ཤས་ཀྱང་མི་སྨྲ་རང་དབང་མ་བྱུང་།

                    2018.9.21ལ་བྲིས་ཤིང་ཕྱི་ཉིན་དག་པར་བསྡེབས།
 

 སྒུགས་དང་ཐོབ་འོང་། མ་སྒུག་ཤོར་འགྲོ།
                    

  འུ་ཚོ་སུས་ཀྱང་རང་གི་སྙིང་ཉེ་ལ་སྒུག་མྱོང་ཡོད་ངེས་ཤིང་། མྱི་གཞན་གྱིས་སྙིང་ཉེ་བསྒུགས་པའི་རྣམ་པ་ཡང་མཐོང་ཡོད་ངེས། དེའི་རྐྱེན་གྱིས་ང་ཚོ་སུ་ཡིན་ཡང་ངང་སྒུག་ལ་ཚོར་བ་སྐྱེན་པོ་ཡོད།  སྤྱིར་བཏང་སྒུག་པར་རེ་སྒུག་དང་། ངང་སྒུག་སོགས་རྣམ་པ་མང་པོ་ཡོད་ཅིང་། སེམས་ནང་གི་ཕེབས་སྒུག་སོགས་མེ་ལྟར་འབར་བ། ཆུ་ལྟར་གྲང་བ། རླུང་ལྟར་རྒོད་པ། ས་ལྟར་ལྗིད་པ་སོགས་ཡོད། རྐྱེན་དེས་སྒུག་མ་བཟོད་ནས་ངུས་པ་མཐོང་། རྒྱུག་པ་མཐོང་། ལྕེབ་པ་མཐོང་། ཐ་ན་ཤི་བ་ཡང་མཐོང་བ་ཡིན་ནོ།།  སྒུག་པ་ནི་སྤྱིར་བཏང་ཁོ་ཆད་ཁ་མའི་རེ་བ་ཞིག་ཡིན་པས། དེ་ནི་སྐྲག་སྣང་དང་བསྡོངས་པ་ཡིན་ལ། འདུན་པ་དང་འདྲེས་མ་ཡང་ཡིན་ནོ།། དེ་འདྲའི་འདུ་ཚོར་དེས་ང་ཚོ་སུ་ཡང་ཁང་སྟོང་ནག་བུག་བུག་གི་སྦུགས་སུ་འཕངས་ལ། ཆུ་མོ་གྲང་ཤུར་ཤུར་གྱི་འཁྲིས་སུ་ཡང་དེད། མུན་ནག་གི་ནང་ནས་ལངས་སུ་བཅུག་ལ། དཀར་འོད་ཀྱི་ངོགས་ནས་ཉལ་དུ་བཅུག  སྐབས་ལན་རེར་འུ་ཚོའི་ངང་སྒུག་ལ་རྒྱུ་མཚན་མེད་ལ། སྐབས་ལན་རེར་འབྲས་བུ་མེད་ཀྱང་། རེ་སྒུག་ནི་འུ་ཚོའི་ཚེ་སྲོག་གི་ངོས་སུ་ཆོས་ཉིད་ཀྱིས་བརྐོས་པའི་ལས་དབང་ཟེར་བའི་འབུར་དོད་རི་མོ་དེ་ཡིན་པས་ལན་རེར་ཅི་བྱ་མེད་ལ།  སྐབས་རེར་འུ་ཚོའི་ཚེ་སྲོག་གི་བཞུར་རྒྱུན་ལ་གཡེངས་པའི་དཀར་དམར་གྱི་འདབ་མ་རེ་ཡིན་པས་མཛེས་སྡུག་ལྡན། དེ་ལྟར་སྨྲ་དོན། རེ་སྒུག་གིས་འུ་ཚོའི་ཚེ་སྲོག་གི་རྒྱུན་བསྐྱངས་ཤིང་། སྤོབས་པ་ཡི་མཐུ་བསྐྱེད། གདོང་མཆོང་གི་སྣ་དྲངས། དཔའ་ངར་གྱི་རྣོ་ཕྱུང་།   བརྩེ་དུང་གི་མདངས་བསླངས་པས། རེ་སྒུག་ལ་མཛེས་སྡུག་མང་པོ་མཐོང་བྱུང་། བརྩེ་དུང་ཅན་མང་པོས་སྒུག་པ་དང་རེ་བ་ནི་སྐྱོ་ཡུས་ཀྱིས་གླེང་ཞིང་། འཁང་ཡུས་ཀྱིས་ལྟའོ།། ངས་ནི་ཕྱོགས་མང་པོ་ཞིག་ནས་སྒུག་པ་འདིར་མཆི་མ་འདོན་སྙིང་བྲོད་མོད། སྐབས་ལན་རེར་སྒུག་པ་ཞེས་པ་འདི་མཛེས་སྡུག་གི་མཛོད་དུ་མཐོང་བྱུང་། ངང་ཚུལ་འདིར་ངས་ནམ་ཞིག་མཉམ་བཞག་བྱུང་ཟེར་ན། དཀར་དམར་གྱི་འདབ་མས་སྤང་ལྗོངས་བརྒྱན་པའི་སྐབས་ཤིག ཁུ་བྱུག་གི་གསུང་གིས་ཡིད་སེམས་གསོ་བའི་དུས་ཤིག་ལ། ང་རང་རི་པུས་མོ་འདྲ་ཞིག་གི་ངོས་ནས་མར་འོང་པ་ན། ཡིད་དུ་འོང་བའི་སྨན་ཆུང་ཞིག་གིས། རང་ཁྱིམ་ནས་འུར་རྒྱང་གང་གི་ས་མཚམས་ན་ངང་སྒུག་གིས་སྨད་ཕྱོགས་ལ་བལྟས་ཡོད་པ་མཐོང་ཞིང་། ང་རང་རི་དེའུ་དེའི་འོག་ཏུ་ཐོན་དུས་མོའི་ཕ་རྒན་གྱིས་མོ་རང་གི་བུ་དང་། ཧཱ་པ་ཞིག་ཁྲིད་ནས་འོང་གིན་པ་མཐོང་བྱུང་བས། ངས་སྨན་ཤར་དེར་ཡར་བལྟས་ནས་བསམ་གཞིག་རིང་མོ་ཞིག་གི་འོབས་སུ་མི་ལྷུང་རང་དབང་མ་བྱུང་།   སྨན་ཆུང་དེ་ལོ་ན་ཆུང་བས་སྤྱིར་བཏང་ནས་མོའི་སྟེང་ན་མཛེས་སྡུག་མང་པོ་ཞིག་མངོན་ཡོད་ལ། ལྷག་པར་རུ་བ་ཐོན་མ་ཁར་བྱ་བའི་བྲེལ་ཟིང་མང་ངེས་ཀྱང་། ཁོ་མོས་རང་གི་བུ་ཆུང་ཕྱིས་སུ་ཅུང་ཙམ་ལུས་པ་ཡང་སྒུག་མ་བཟོད་ནས། མར་རི་དེའུ་མགོར་འོང་ནས་སྒུག་བཟོད་མེད་པར་སྨད་ཕྱོགས་སུ་བལྟས་འདུག་པས་ང་ལ་ངང་སྒུག་ནི་མཛེས་སྡུག་ཅིག་ཡིན་པའི་སྣང་བ་བསྩལ་བྱུང་། སྣང་ཚུལ་དེས་ང་ལ་ཨ་མའི་བརྩེ་བ་ནི་བཅའ་བཅོས་གང་ཡང་མེད་པར་འཚོ་བའི་གཏིང་དང་ཟུར་ནས་མངོན་འོང་བ་ཞིག་ཡིན་པར་བསྟན་ལ། བུ་ཆུང་ལ་ལྟོས་ན་ཨ་མ་ནི་སེམས་ཆུང་དང་གཉོམ་ཆུང་། ཚོར་བ་སྐྱེན་ལ་བློས་གཏོང་ཆེ་བ་ཞིག་ཡིན་པར་བསྟན། ངས་སྣང་ཚུལ་དེ་ཉིན་ཐོར་བྲིས་ནས་སེམས་ཚེགས་ཕབས་ཀྱང་། ད་དུང་རེ་སྒུག་དང་ངང་སྒུག་ལ་བསམ་གཞིག་ཤོར་བས། སེམས་ཚེགས་འདི་ལྷུག་རྩོམ་ཞིག་ཏུ་ཕབས་དགོས་བྱུང་།  སྒུག་པ་ནི་སྙིང་ཉེ་ཞིག་གི་ལོག་ཕེབས་ལ་མཚོན་ན་བཟོད་པ་ཞིག་ཡིན་པས་མཁོ་བར་མཐོང་ལ། བྱ་བཞག་ཅིག་གི་གྲུབ་དོན་ལ་གཞིག་ན་སྒྱིད་ལུག་ཅིག་ཡིན་པས་དོར་དགོས་པར་སྙམ། སྒུག་པ་ནི་མཛེས་སྡུག་ལྡན་པ་ཞིག་རེད་ལ། གདུག་རྩུབ་དང་གཡོ་སྒྱུའི་རང་བཞིན་ཞིག་ཀྱང་རེད་དོ།།

                                     2018.10.25

 

འཕྲིན་ལས་དཀར་པོ་ཅན་གྱི་སློབ་དཔོན།                       

 

   དུས་རབས་དང་ཡུལ་སྲོལ། རིག་གནས་བསམ་བློ་སོགས་འགྱུར་ནས་གནའ་བོའི་གོ་ལ་ཆེན་པོ་དེ་ཡང་། ཆུང་ཆུང་རིལ་མ་ཙམ་དུ་འགྱུར་བའི་སྐབས་འདིར་ཡང་། འཛམ་བུས་མཚོན་པའི་ཡུལ་དུ་ངོམ་པར་རུང་བའི་ཁྱད་པར་གྱི་ཆོས་སུམ་ཅུ་རྩ་གསུམ་མངའ་བའི་གནས་དེ་ནས་ཁྱོད་ཉིད་ཡུལ་གྱི་བྱེ་བྲག་འཛམ་བུ་གླིང་དེར་ཕེབས་པའི་དུས་ཚོད་དགུ་བའི་ཉེར་གཉིས་ནི་འགྱུར་བ་ཅི་ཡང་མ་ཐེབས་པར་ལོ་རེ་བཞིན་འཁོར་འོང་བས་ཅི་འདྲས་དགའ་ཨང་། 

 

    ཁྱོད་ཀྱིས་རང་ཉིད་བཙས་ཏེ་སྐུ་གྲོངས་པའི་མ་ཡུམ་གྱི་ཕྱིར། ཟླ་བ་ཧྲིལ་བོ་གསུམ་ལ་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཀྱིས་མཚོན་པའི་གནས་དེར་མ་ཡུམ་གྱི་བཀའ་དྲིན་རྗེས་སུ་དྲན་ཞིང་།  འོད་རླབས་དཀར་བའི་དགེ་བའི་ཚོགས་མང་དུ་བསགས་ཏེ་བཀའ་དྲིན་གཞལ་མཐའ་མེད་ཅིང་། ལྷག་པར་རང་གིས་སྲོག་ཐོག་ལ་བཏང་བའི་མ་ཡུམ་གྱི་སླད་དུ་བསྔོས་ཡོད་པ་གདོན་མི་ཟ་ཞིང་འོལ་མི་དབྱི་མོད། དམ་པ་ཁྱེད་ཀྱིས་མ་ཡུམ་གྱི་ཕྱིར་དུ། ཡང་ན་མ་ཡུམ་གྱི་བདེ་སྡུག་གི་རྗེས་སུ་འགྲོ་ཤག་ཤག་གི་དགེ་རྩ་བསྒྲུབ་སྟངས་ནི་ག་འདྲ་ཞིག་ཡོད་དམ། ཚུལ་ཇི་ལྟར་བསྒྲུབས་ཡོད་དམ་སྙམ་པ་ནི་ཨ་མ་གྲོངས་ཟིན་པའི་སློབ་འབངས་ང་ཅག་ལ་མཚོན་ན་ཅི་འདྲས་ཤེས་པར་འདོད་པ་ཞིག་ཨང་། ལོ་ཆེན་རིན་ཆེན་བཟང་པོ་ལྟར་རྟེན་བཞེངས་བགྱིས་ཡོད་དམ། རྗེ་བློ་བཟང་གྲགས་པ་བཞིན་ཆོས་ཀྱི་འཆད་ཉན་བགྱིས་ཡོད་དམ། ཞབས་དཀར་ཚོགས་དྲུག་རང་གྲོལ་ལྟར་ཨ་མར་འཆི་ཚུལ་གདམས་མ་ནུས་ལ། མཁས་དབང་དགེ་འདུན་ཆོས་འཕེལ་བཞིན་རྒྱང་རིང་ནས་འཕྲིན་ཡིག་ཙམ་ཡང་སྤྲིང་མ་ཐུབ་པའི་དམ་པ་ཁྱེད་ཀྱིས་མ་ཡུམ་གྱི་བཀའ་དྲིན་གསོ་ཕྱིར་སུམ་ཅུ་རྩ་གསུམ་དུ་གཤེགས་ཤིང་། ཟླ་གསུམ་གྱི་རྗེས་སུ་ཕྱིར་ཕེབས་པའི་ཉིན་མོ་རྗེས་སུ་དྲན་ན། ཐོག་མར་ཨ་མ་དྲན་པ་ནས་འགོ་རྩོམ་དགོས་པ་འདྲ་ལ། ཨ་མ་གཤེགས་རྗེས་སུ་ཨ་མའི་དྲིན་ལན་གཞལ་སྟངས་ལ་བསམ་གཞིག་བཏང་སྟེ་མཇུག་བསྡུ་འོས་པ་འདྲ། 

 

   ངས་དེ་རིང་རྒྱལ་པོ་འཁོར་བཅས་ཀྱིས་དད་གདུང་དྲག་པོས་བསྒུགས་ཡོད་པའི་མདུན་ཕྱོགས་ཀྱི་རི་བོ་མཐོན་པོ་ཞིག་ན། བཻ་ཌཱུརྱའི་མདངས་ཀྱིས་མཛེས་པའི་སྐས་ཐེམ་བརྒྱུད་ནས་དེས་ཤིང་ཞི་བའི་ངང་དུ་ངུར་སྨྲིག་གི་གཟན་སྣེ་བསིལ་རླུང་འཇམ་པོས་ཡོ་ཙམ་བྱེད་ཀྱིན་ཕེབས་ཀྱིན་པའི་དམ་པ་ཞིག་མཇལ་འོང་ཞིང་། དམ་པ་དེ་སློབ་ཚོགས་ཁྲི་མ་འབུམ་གྱི་གཙུག་རྒྱན་དུ་གྱུར་ཅིང་། ཡུལ་ལུང་སྤྱི་དང་བྱེ་བྲག་མང་པོ་ཞིག་གི་སྙིང་ནོར་དུ་གྱུར་ཀྱང་། མ་ཡུམ་གྱི་དྲིན་ལན་མ་བརྗེད་པར། ཆེད་དུ་ཡུལ་ཆེ་གེ་མོ་ཞིག་ཏུ་རྣམ་དཀར་གྱི་ལས་བསྒྲུབས་པར་བྱོན་པ་དྲན་བྱུང་། 

 

  དྲན་ནས་ཀྱང་། འདི་ལྟར་སྙམ་བྱུང་སྟེ། དམ་པ་དེ་ནི་གང་དུ་གཤེགས་ཀྱང་། གང་ནས་བཞུགས་ཀྱང་ཤིན་ཏུ་དཀར་བའི་དགེ་ལས་ཀྱི་འོད་རླབས་འབར་ཞིང་། དམ་པ་ཁོང་གི་སྐུ་ཚེ་ཡི་ཆ་ཤས་གང་ནས་དྲན་ཡང་། རྣམ་དཀར་གྱི་རླབས་དང་བསྡོངས་འདུག་པ་ཚོར། ངས་རྒྱ་ཆེ་གཏིང་ཟབ་ཀྱི་ཐེག་རིམ་དེ་དག་ཁོང་གི་དགོངས་པ་ཡིན་ཚུལ་བཤད་མ་ཤེས་ལ། སྣ་མང་བམ་འཐུག་གི་གསུང་རབ་དེ་དག་ཁོང་གི་ཞལ་གསུང་ཡིན་པར་བསྒྲུབས་མ་ཤེས་ཀྱང་། ཁྱེད་ཉིད་གང་དུ་གཤེགས་ཤུལ་གྱི་ལམ་བུར་གོམ་པ་འདེགས་མཁན་ཞིག་ཡིན་ཚེ། དཀར་པོ་དགེ་བའི་ལས་ཀྱིས་ཤིས་འདུག་པ་གསལ་བོ་རྟོགས་ཡོད་ལ། ཁྱེད་ཉིད་གཤེགས་མྱོང་སའི་བཤུལ་ལམ་གང་ཞིག་ཡིན་ཚེ་དམར་པོ་སྲོག་ལ་འཚེ་བ་ལྟ་ཅི། སྲིན་བུ་ཕྲ་མོ་ཡན་ཆད་ལའང་ཁབ་རྩེས་གནོད་པ་ཡང་ཡོངས་སུ་བསལ་ནས་ཡོད་པ་རྟོགས་པས། ད་གཟོད། ཁྱེད་ཀྱི་འཕྲིན་ལས་ལ་རྣམ་དཀར་གྱི་དགེ་བ་ཞེས་སུ་བསྙད་པ་ནི་ཅི་འདྲས་འཕྲོད་ཅིང་མཐུན་པ་ཞིག་རེད་ཨང་སྙམ་བྱུང་ལ། ཁྱེད་ཀྱི་ཕ་ཡུལ་འཕགས་པའི་ཡུལ་ནས་ཆེན་པོ་བོད་དང་། མ་ཧཱ་ཙི་ན། སངྒ་ལ་དང་དང་ནུབ་ཡོ་རོབ་སོགས་སུ་བརྐྱངས་པའི་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་མེད་ཀྱི་ངང་ཚུལ་དེ་ལ། རྒྱལ་བསྟན་དཀར་འཇམ་ཡུག་གཅིག་གིས་ཁྱབ་ཅེས་སུ་སྨྲས་པའང་ཅི་འདྲས་འོས་ཤིང་འཚམ་ཨང་སྙམ་དུ་ཡང་ནས་ཡང་དུ་སྙམ་སོང་།  ཞི་བའི་སྟོན་པ་ལགས། འཕྲིན་ལས་དཀར་པོ་ཅན་གྱི་སློབ་དཔོན་ལགས། ཁྱེད་ཉིད་དྲན་ཚེ། འཆར་སྒོ་དང་པོ་ནི་འཚེ་མེད་ཞི་བ་ཡིན་ལ། འཆར་སྒོ་གཉིས་པ་ནི་རྟེན་ཅིང་འབྲེལ་འབྱུང་ཡིན་པས། ཁྱོད་ཀྱིས་ཁྱོད་ལ་མི་འཇིགས་པ་བཞི་དང་། སྟོབས་བཅོ་བརྒྱད་མངའ་འོ་ཞེས་སྨྲས་པར། རྟོག་གེ་བ་ངས་ཀྱང་དུས་ཀྱི་མར་གཤམ་འདིར། ས་སྒང་གི་ཡང་རྩེར་འགྲེངས་ཏེ། ཁྱོད་ཀྱི་སློབ་ཆེན་ཚོས། ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་མེད་ལ་བརྡར་ཤ་ཆོད་ཚེ། ཁྱེད་ཀྱི་དཔལ་གྱི་མགུལ་ནས་བདེན་པའི་གསུང་གིས་ལེགས་སོ་ཞེས་གནང་བ་བཞིན། ལེགས་སོ།། ལེགས་སོ།། དེ་དེ་བཞིན་ནོ་ཞེས་བརྗོད་སྙིང་བྲོའོ།།

                           2018.10.31

རང་ཉིད།

                              

  བཞུར་རྒྱུན་རིང་བའི་མི་ཚེ་ཡི་འཕེན་པ་མ་རྫོགས་བར་དུ་དཀའ་སྡུག་གི་རྔུལ་ཆུ་ཐོད་ལ་བཏེགས་ཤིང་། དགའ་སྐྱོ་ཡི་ལ་མོ་གདོང་གིས་བསུས་ཏེ་རང་ཉིད་གཅིག་པུར་འགྲོ་དགོས་ཤིང་། རང་ཉིད་གཅིག་པུར་འཚོ་དགོས་པས། ལས་ཀྱིས་གདུང་བའི་མི་ཚེ་ཡི་ཁེན་ས་རང་ཉིད་ཡིན་ལ། རྐྱེན་གྱིས་བདས་པའི་མི་ཚེ་ཡི་བརྟེན་སའང་རང་ཉིད་ཡིན། ཡིན་ཏེ། རང་ཉིད་ནི་མི་ཚེ་རྒྱབ་དཔུང་བརྟན་འཇགས་འཇགས་དེ་ཡིན་ལ། བདེ་སྡུག་གི་ཁུར་བོ་འཁུར་བའི་ལག་རྟེན་བརྟན་ཐག་ཆོད་དེ་ཡང་ཡིན། དར་རྒུད་ཀྱི་སྒང་གཤོང་འགྲིམ་དུས་རང་ཉིད་ནི་ཁྲེལ་ཡོད་གཞུང་བཟང་གི་གྲོགས་པོ་མཐར་ཐུག་དེ་ཡིན་ཞིང་། བླང་དོར་གྱི་གལ་ལ་ཐུག་ཚེ་རང་ཉིད་ནི་དབྱེ་བསལ་གྱི་དཔྱོད་ཤེས་གནང་བའི་བཤེས་གཉེན་ཁྲོ་བ་མེད་པ་དེ་ལགས།  དུས་ནམ་ཡིན་ཡང་རང་ཉིད་ནི་རྒྱབ་དཔུང་ཡིན་ལ་མདུན་རི་ཡང་ཡིན། ཁེན་ས་ཡིན་ལ་བརྟེན་གནས་ཀྱང་ཡིན། སྐྱབས་ས་ཡིན་ལ་རེ་གནས་ཀྱང་ཡིན། དེ་བས་ན་ཁྱེད་ལ་རང་ཉིད་ཡོད་ན་དགོས་འདོད་ཀུན་འབྱུང་གི་ནོར་བུ་ཡོད་ལ། བསམ་དོན་མཆོག་སྩོལ་གྱི་དཀོན་མཆོག་ཡོད། བརྒྱ་ལ་ཁྱོད་ཀྱིས་རང་ཉིད་བོར་སོང་ཚེ་ཁྱོད་ལ་ཅི་ཡང་མེད་ཅིང་། རང་ཉིད་བརླགས་བཞག་ཚེ་ཁྱོད་ལ་གང་ཡང་ལུས་མེད། རང་ཉིད་ཀྱིས་ཁྱེད་རང་བྱིས་པ་རློན་ཞར་ཞིག་ནས་དར་མ་སྟོབས་ལྡན་ཞིག་ཏུ་བསྲིངས་ཤིང་། ཅང་མེད་དབུལ་ཕོངས་ཀྱི་གནས་ནས་ཉམས་མྱོང་སྣ་འཛོམས་ཀྱི་དཔལ་དུ་བསྐྱལ་བས་ཁྱོད་ཀྱིས་རང་ཉིད་ནི་དྲིན་ཆེན་གྱི་རྒྱལ་པོ་ཡིན་པ་ཤེས་པར་གྱིས་ལ། གུས་བརྩི་གྱིས་ཤིག ཁྱོད་ཀྱིས་རང་ཉིད་ནི་གྲོགས་མཆོག་གི་དང་རྩེ་ཡིན་པ་ཤེས་པར་གྱིས་ལ། འགྲོག་བཟང་གྱིས་ཤིག རང་ཉིད་ཡོད་པས་ཁྱོད་ཀྱི་མི་ཚེ་ཡུན་ཐུང་འདི་ཡང་བསྐལ་པར་མི་ནུབ་པའི་རྡོ་རིང་དུ་བཞེངས་ཆོག་ཅིང་། རང་ཉིད་ཡོད་པས་ཁྱོད་ཀྱི་རྨོངས་བློ་ནག་འཐིབ་འཐིབ་འདིར་ཡང་རྣམ་པར་བཀྲ་བའི་ཤེས་བྱའི་སྐར་ཚོགས་བཀྲམ་ཆོག་ལ། རང་ཉིད་ཡོད་པས་ཁྱོད་ཀྱིས་མི་ཚེ་ཟེར་བའི་རྨང་རྡོ་བརྟན་པོ་ཞིག་འཛུགས་ཐུབ་ཅིང་། ཕུགས་བསམ་ཟེར་བའི་ཀ་བ་མཐོན་པོ་ཞིག་སློང་ཐུབ། དེ་བས་ན་རང་ཉིད་ནི་ཁྱོད་ཀྱི་ཡོད་ཚད་འགོ་རྩོམ་ས་ཡིན་ལ། ཐམས་ཅད་ཀྱི་མཇུག་བསྡུ་སའང་ཡིན། 

 

  འུ་ཅག་ཀུན་ལ་གསལ་ཏེ། ང་བརྒྱད་གསང་མཐོར་སྒྲོག་པའི་ས་པཎ་གྱི་སྒལ་ཚིག་རང་ཉིད་ཀྱིས་བསླངས་ཤིང་། ཐ་སྙད་ཚད་གྲུབ་གཏོར་བའི་ཐ་སྙད་པའི་ང་རྒྱལ་རང་ཉིད་ཀྱིས་བསྐྲུན་པ་རེད། གནའ་བོའི་མགོན་པོ་ཀླུ་སྒྲུབ་རང་ཉིད་གྱིས་བསྐྱངས་ཤིང་། ཉེ་རབས་ཨེ་དབྱིན་སི་ཏན་ཡང་རང་ཉིད་བསྐྱངས། མ་ཟད་དེང་རབས་འཇིག་རྟེན་གྱི་རྒྱལ་སྲས་རུ་ཐོགས་པའི་ཧྭོ་ཅེན་ཡང་རང་ཉིད་ཀྱིས་བཞེངས་པ་རེད། མཁས་བླུན་གྱི་རྩ་དོན་རང་ཉིད་ཀྱི་སྟེང་ན་ཡོད་ཅིང་། དར་རྒུད་ཀྱི་གནད་འགག་རང་ཉིད་ཀྱི་ལག་ན་ཡོད་པས། ཁྱོད་ཀྱིས་རང་ཉིད་ལ་ང་ནི་བླུན་པོའོ། གཉོམ་ཆུང་ངོ་།། ནུས་མེད་དོ་ཞེས་དམའ་འབེབ་མ་བྱེད་ཅིག ནུབ་ཕྱོགས་མི་ཆོས་སྨྲ་བ་ཚོས་རང་ཉིད་ནི་ནམ་ཡང་ལྟེ་བ་ཡིན་ཞེས་བཤད་པ་ཡིན་ལ། སྟོན་པ་མཆོག་གིས་རང་གི་མགོན་ནི་རང་ཉིད་ཁོ་ན་འོ་ཞེས་ཡང་དང་འོར་གྱིས་གདམས་པ་ཡིན་པས། མི་ཆོས་ཐམས་ཅད་ཀྱི་རྩ་བ་ནི་རང་ཉིད་ལེགས་པོ་བསྲུང་རྒྱུ་དེ་ཡིན་ལ། ལྷ་ཆོས་ཐ་དག་གི་མདོ་དོན་ནི་རང་ཉིད་ལེགས་པར་ཐུལ་བ་ཉིད་ཡིན་པས། འུ་ཚོས་ནམ་ཡང་འབོར་མི་ཉན་རྒྱུ་དེ་རང་རེད་ལ། རྙེད་དགོས་པ་དེ་ཡང་རང་རེད།   

 

   ཁྱོད་རང་ཉིད་ལ་ཆ་རྒྱུས་ཨེ་ཡོད། རང་ཉིད་ནི་རང་དགར་བཞག་ན་འཁུམ་འགྲོ་བའི་དཔྱིད་ཉིའི་ནང་གི་ཀོ་རློན་ཞིག་དང་འདྲ་ལ། འཐེན་ཞིང་འཐེན་ན་ཅི་དགར་ཉད་པའི་ཐང་ཆུ་དང་མཚུངས། རང་ཉིད་ནི་བཀལ་ན་ཅི་ཡང་ཐེག་པའི་ས་ཆེན་ཡིན་ལ། བདག་མེད་བྱས་ན་ཅི་ཡང་མི་ནུས་པའི་རྩ་རྐང་ཞིག་ཀྱང་རེད།  རང་ཉིད་ཀྱི་སྟོབས་ཤུགས་ནི་མཆོང་དང་ཆུ་དང་གསེར་གྱི་དཔེ་ཡིས་གཞལ་དུ་མེད་པར། གོམས་པ་མཐའ་མེད་དང་ཐུག་མེད་དུ་སྤེལ་རུང་བས་ཆེ་བཙན་འགྲན་ཟླ་མེད་ལ། རང་ཉིད་ཁྲོས་ཚེ་ས་ཆེན་འདི་སྐད་ཅིག་གིས་འཇིག་ཅིང་རློག་པར་ནུས་ལ། རང་ཉིད་ཞི་ཚེ་བདུད་མཚོན་རྩུབ་ཧྲག་འབར་བ་དག་ཀྱང་སྐད་ཅིག་གིས་འཇམ་མཉེན་མེ་ཏོག་གི་དཔལ་དུ་སྒྱུར་ནུས། དེ་བས་ན་དམ་པ་དག་གིས་ཐམས་ཅད་རང་ཉིད་ནས་འགོ་བརྩམས་ཏེ་འཛམ་གླིང་ལ་ངོ་མཚར་བསྐྲུན་ཡོད་ལ། བླུན་པོ་དག་གིས་ཡོངས་རྫོགས་རང་ཉིད་ནས་མཇུག་བསྡུས་ཏེ་སྐྱེ་པ་རང་གིས་མ་གོ ཤི་བ་གཞན་གྱིས་མི་ཚོར་བར་མི་ཚེ་རྫོགས་ཀྱིན་འདུག

 

   ཁྱོད་ལ་རང་ཉིད་ཡོད་པས། བརྒྱ་ཚོགས་སྟོང་འདུས་ཀྱི་མི་ཚོགས་དབུས་ནས་མགོ་འཕངས་མཐོན་པོ་བྱས་ནས་སྒེར་ཚུགས་ཀྱིས་འགྲོ་ནུས་ཤིང་། ཁྱོད་ལ་རང་ཉིད་ཡོད་པས་ནམ་ཡང་ཁེར་ཚུགས་སུ་འགྲེང་ནས་རང་ཉིད་ཀྱི་ལང་ཚོ་དང་གསོན་ཤུགས་ཕྱི་རུ་མངོན་ཆོག རྒྱལ་ཁབ་སྔོན་ཐོན་གྱི་སྲོག་ཤིང་མི་བུ་སྒེར་གྱི་རང་ཉིད་ལ་ཐུག་ཡོད་ཅིང་། མི་རིགས་སྟོབས་ལྡན་གྱི་ཁ་ལས་སྐྱེ་བུ་སྒེར་གྱི་རང་ཉིད་ལ་ཐུག་ཡོད།  གཙུག་ལག་གསུང་རབ་ཀྱི་ཡས་སྣེ་དམ་པ་ཚོའི་རང་ཉིད་ཀྱི་སྒེར་གཤིས་སྲ་ཐག་གེ་བ་ཞིག་ལ་ཐིག་ཡོད་ཅིང་།  འཕྲུལ་ཆས་གནོད་སྐྱོན་གྱི་མས་སྣེ་དབང་ཆེན་སྒེར་བ་ཚོའི་ཧམ་སེམས་སྟོང་སང་ངེ་ཞིག་ལ་ཐུག་འགྲོ།  མདོར་ན་ཆེ་རྒུ་ཉམས་རྐྱེན་ཀྱི་གནད་རྩ་ཡར་ལ་དེད་ན་ཆོག འཁོས་ཆུང་རྒྱལ་རྐྱེན་གྱི་མདོ་དོན་མར་ལ་དེད་ཀྱང་བླ། མཐའ་དོན་གཅིག་ཏུ་སྡུམ་ས་ནི་མྱི་སྒེར་གྱི་རང་ཉིད་ཀྱི་འཕེལ་འགྲིབ་ལ་ཐུག་པ་ལས། མཁས་ཆེན་ཚོའི་ཤེས་རབ་ཀྱིས་ཁྱོད་རང་དོན་དམ་གྱི་རྒྱལ་ཁའི་ཁྲི་འཕངས་ལ་འཇོག་མི་ནུས་ཤིང་། ཕྱུག་ཆེན་ཚོའི་རྒྱུ་དངུལ་གྱིས་ཀྱང་ཁྱོད་ཀྱི་ཕུགས་བསམ་ཉོ་མི་ཐུབ། 

   

  རང་ཉིད་གླེང་ན་ཡ་ཐོག་བསྐལ་པ་རིང་མོའི་ཁུགས་པ་ནས་འཇིག་རྟེན་རྟེན་འབྱུང་གི་ངང་ཚུལ་ཇི་ལྟར་དར་ཚུལ་གླེང་རྒྱུ་ཡོད་ཅིང་། མ་ཐོག་བསྐལ་པ་རིང་མོའི་ཁུགས་པ་རུ་སྣོད་བཅུད་འཇིག་རྟེན་གྱི་སྣང་བ་ཇི་ལྟར་བསྡུ་ཚུལ་གླེང་རྒྱུ་ཡོད།  རྡོ་ཆས་དུས་རབས་དང་ལྕགས་ཆས་དུས་རབས།  མ་དབང་ལམ་ལུགས་ནས་ཕ་དབང་ལམ་ལུགས།  དུས་རབས་བར་མ་ནས་རིག་རྩལ་བསྐྱར་སོགས་ན་འཛམ་གླིང་གི་མི་བུ་སྒེར་གྱི་རང་ཉིད་ཀྱི་འཁོས་འཇོན་དང་སྙིང་སྟོབས་མཐོང་རྒྱུ་ཡོད་ཅིང་།  འབད་བརྩོན་དང་གྲུབ་འབྲས་རིག་རྒྱུ་ཡོད།མཀཀ  བོད་ལ་ཆ་བཞག་ནའང་།  བརྩམས་བསྒྱུར་ཟུང་འབྲེལ་གྱི་བཀའ་བསྟན་པོ་ཏི་བྲག་རི་ལྟ་བུར་བརྩིགས་པ་འདིའི་ངོས་ན་ལོ་པཎ་བརྒྱ་སྟོང་གི་རང་ཉིད་ཟེར་བའི་ལྷོ་ཕྱོགས་འཕགས་ཡུལ་གྱི་བཤུལ་ལམ་རིང་མོ་འདེད་པའི་ཁེར་རྐྱང་གི་འགྲུལ་བ་ཞིག་གི་དམ་བཅའ་རི་རྒྱལ་བཞིན་བརྩན་ཅིང་།  ལྷག་བསམ་འོ་མ་ལས་དཀར་བ་དག་ཡོད་ཅིང་།  ཡ་གླིང་ཤར་རྒྱུད་ཀྱི་སུམ་གཉིས་དབང་དུ་བསྡུས་པའི་ཐུ་བྷོད་ལོ་རྒྱུས་ཀྱི་མངལ་ན་བཙན་པོ་རྒྱལ་བློན་དང་། སྲིན་པོ་གདོང་དམར་བོད་ཀྱི་དམགས་དཔུང་གི་རང་ཉིད་ཟེར་བའི་སྙིང་སྟོབས་མེ་ལྕེ་ལྟར་འབར་ཞིང་།  དཔའ་སྙིང་གནམ་ལྕགས་བཞིན་རྒོད་པའི་ཟུར་སྣེ་མི་འདྲ་བ་མང་དུ་མཐོང་འོང་། 

 ཡིན་ན་ཡང་།  དེང་གི་དུས་འདིར་གངས་ཅན་པའི་རང་ཉིད་ཀྱི་འཁོས་འཇོན་དང་ལ་རྒྱ་གང་ན་ཡོད།  ང་ཅག་བོད་མི་རིགས་ཀྱི་མི་བུ་སྒེར་རེ་རེའི་རང་ཉིད་ཟེར་བའི་ཡོད་ཚད་ཀྱི་རྨང་འདིང་ས་དེ་གང་ན་ཡོད།  གང་ན་ཡོད། འུ་ཚོ་སྒེར་རེ་རེ་དང་། མི་རིགས་སྤྱིའི་རང་ཉིད་ཟེར་བའི་སོ་སོ་འཇིག་རྟེན་དུ་གནས་པའི་དཔང་རྟགས་གསོན་པོ་དེ་གང་ན་ཡོད། གང་ན་ཡོད།

                               2017  7  1   

སྡིགས་རྩོམ་ཡག་པོ་བསང་དང་གསོར་ཀ་སོགས་ན་ཡོད།

                                               

      ཉིན་འགའི་སྔོན་ང་འབྲོག་ས་ནས་འཕྲིན་སར་འབྲོར་ཏེ་དྲྭ་ཉུག་ཡིད་ཚིམ་པ་ཞིག་བྱས། སྐུ་ཞབས་འགའ་རེས་སྡིགས་རྩོམ་ཐད་ནས་སྐད་ཆ་ཁ་ཤས་ལབ་འདུག་པར་བལྟས་པས། སྐུ་ཞབས་ཁོང་ཅག་ལ་རྒས་རྟགས་དོད་པ་ཙམ་སྟེ། རྒན་པ་ཚོའི་ཉེ་འཁོར་ནས་ལོ་ཆུང་ཚོས་བདའ་རེས་རྒྱག་རེས་བྱས་ཏེ་གསར་རྟགས་ངོམ་པར་རྒན་པ་ཚོའི་ཡིད་སུན་ཏེ་བྱིས་པ་རྣམས་ལ་དམོད་མོ་གཏོང་བ་དང་གཅིག་མཚུངས་སུ་མཐོང་།། སེམས་ཅན་རིགས་སུ་གཏོགས་སོ་ཅོག་རྒས་པའི་འགྲོས་དང་བསྟུན་ནས་ཇེ་འཇམ་ཇེ་རྟུལ་ལ་བུད་འགྲོ་བ་ནི་ཆོས་ཉིད་ཅིག་ཡིན། སྣང་བ་ཨ་སྒང་གི་སོང་བའི་གཡག་སར་རྣམས་ཀྱང་རིམ་གྱིས་གཡུང་མ་བ་ཆགས་འགྲོ་བ་མིན་ནམ། ང་ནམ་ཞིག་ཁྱེད་ཅག་གི་ཆོས་ཉིད་དེར་ཐིམ་ནས་སྡིགས་རྩོམ་རྒོད་པོ་འབྲི་རྒྱུར་མི་དགའ་ངེས། ཡིན་ཡང་སྐབས་དེར་ང་ཉིད་ཀྱིས་སྡིགས་རྩོམ་མི་འབྲི་བའམ། མི་འབྲི་ཟེར་གྱི། སུས་ཀྱང་སྡིགས་རྩོམ་ཁ་ཚ་མོ་བྲིས་ན་ཡག་པོ་མི་འདུག་ཟེར་མི་སྲིད།
 

      རྩོམ་རིག་ནི་མི་གཤིས་ཀྱི་དོད་ཡིན་ཅེས་ཁྱེད་ཅག་ཀྱང་སྨྲ་ངེས། དེ་ལྟར་ན་མི་གཤིས་ཀུན་པོ་གཉོམ་དུང་ངེ་བ་ཞིག་གམ། འཇམ་ལྷང་ངེ་ཞིག་ཡིན་ནམ། ན་གཞོན་རྣམས་ནི་རིག་པ་རྒོད། རྩོམ་གཤིས་རྣོ། སྐད་ཆ་ཚ་མོ་དེ་འདྲ་ཡིན་འོས་ཀྱི། མི་རབས་ལ་སྔ་ཕྱི་མེད་པར། མི་གཤིས་ལ་རྒོད་ཞན་མེད་པར་ཐམས་ཅད་ཀྱི་སྐད་ཆ་འཇམ་པོ་ཁོ་ན་ཡིན་ག་ལ་འོས། སྤྱིར་བཏང་ནས་སྡིགས་རྩོམ་ལ་སྐད་ཆ་དང་ཡི་གེ་རྩིབ་མོ་མ་བཀོལ་ཟེར་ན་འགལ་བ་ཡིན་ཏེ། སྡིགས་རྩོམ་ནི་གར་དགུའི་ནང་ནས་དྲག་ཤུལ་དང་འཇིགས་པ། དཔའ་བའི་ཉམས་ཀྱིས་འབྲི་དགོས་ཀྱི། སྙིང་རྗེ་དང་ཞི་བའི་ཉམས་ཀྱིས་བྲིས་ན་སྡིགས་རྩོམ་མ་ཡིན་པས་སོ།། གཅིག་བྱས་ན་ཁྱེད་ཅག་ཉེ་བའི་ཆར་གྱི་བོད་ཀྱི་རྩོམ་པོ་ངན་རུལ་སྐྱག་ལངས་སུ་སོང་བ་འགས་གྲོགས་པོའི་ཁྱུ་ལ་སྨྱོན་པ་བཞིན་ཤོར་ཏེ་མཚང་བྲུས། རྐུབ་ཕུད་མི་གཞི་དང་བྱ་བ་ཁོ་ན་གླེང་སྟེ། ཡིད་སུན་པར་བྱས་པས་ཡིན་མཆི། བརྒྱ་ལ་དེ་ལྟར་ཡིན་ཚེ་ནི་ད་ཆའི་སྡིགས་རྩོམ་གྱི་བརྗོད་བྱ་སྒྱུར་བར་འབད་འོས་ཀྱི་རྣམ་པ་འགོག་པ་ནི་སྐབས་དོན་མ་ཡིན།

 

      འོ་ན་སྡིགས་རྩོམ་ཟེར་བ་ངེས་པར་དགོས་དོན་གང་ལགས་ཤེ་ན། འཇིག་རྟེན་འདི་འཇམ་པོ་རྩུབ་མོ་གཉིས་ཀྱིས་གྲུབ་ལ། མིའི་རིགས་ཀྱང་ཕོ་མོའི་དབྱེ་བས་མཚོན་པའི་འཇམ་རྩུབ་གཉིས་ཀྱིས་གྲུབ། དཔེར་ན་བཙན་པོའི་སྐབས་སུ་ལེགས་ལ་གཟེངས་སུ་བསྟོད། ངན་ལ་ཆད་པས་གཟིར་བ་བཞིན། བྱ་བ་ལེགས་ཉེས་གཉིས་སུ་མཆིས་ཤིང་མི་ལའང་བཟང་ངན་གཉིས་སུ་མཆིས་པས་སྡིགས་རྩོམ་ལའང་རང་གི་ངོས་སྐལ་གྱི་བྱེད་ལས་དང་ཉིང་དགོས་ཀྱང་གྲུབ་བོ།། འུ་ཅག་ལ་ཤིན་ཏུ་ཆ་རྒྱུས་གསལ་བ་ཞིག་ནི་ལྷ་རྣམས་ལ་ཞི་དྲག་གཉིས་སུ་མཆིས་ཤིང་། དེ་དག་གི་སེམས་ཅན་གདུལ་ཚེ་ཞི་དྲག་གཉིས་སུ་མཆིས་པར་གསུངས་པ་དེ་རེད། གཞུང་ལས་ཀྱང་། ཞི་བའི་ཐབས་ཀྱིས་འདུལ་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་མ་ཐུལ་ན། ཆད་པས་བཅད་བ་དང་། བཀྲད་ཅིང་གཟིར་བ་དང་ཞེས་གསུངས་པ་རེད། དེ་དག་ནི་དཔེ་འདྲ་མོ་འགྲིག་མོ་དག་ཡིན། སྡིགས་རྩོམ་དྲག་ཤུལ་ཅན་མི་དགོས་ཞེ་ན། འཇིག་རྟེན་ན་སློབ་གསོ་ཡོད་པས་ཁྲིམས་ཀྱིས་གཟིར་མི་འོས་ཟེར་བ་ཡིན། ཁྲིམས་ཀྱིས་དེ་དག་གི་སེམས་ལེགས་པོ་ཐུལ་ལམ། དེ་ཡང་དཔེ་ཡིན་ནོ།།

 

    སྤྱིར་ན་སྐད་ཆ་རྩུབ་མོ་དང་མཁྲེགས་པོ་བཤད་བསམ་ན། བསང་དང་གསོར་ཀའི་ཁྲོད་ན་དགྲ་མནན་ཟེར་བ་དང་གཏོར་འཕེན་ཟེར་བ་སོགས་འདུག་པར་སློབ་སྦྱོང་བྱས་ན། ཤིན་ཏུ་རྣོན་པོ་དང་ངར་བ་བཤད་འདུག་ཅིང་། སྐད་ཆ་ཚ་ཞིང་རྩུབ་པའི་ངོ་བོར་འདུག དཔེར་ན་སྔགས་སྐོར་དང་ཕར་ཕྱིན་སྐོར་གྱི་སྐད་ཆ་དག་ཚིག་རྫོགས་ཆེ་ཞིང་། བརྗོད་བྱའི་གཏིང་ལོན་པར་ཤིན་ཏུ་བཟང་བ་བཞིན། སྐད་ཆ་རྩུབ་མོ་ནི་བསང་དང་གསོར་ཀའི་ཁྲོད་ན་ཡོད་བསམ། དགོངས་དག་ཞུ་འོས་པར་དཔེ་རེ་རེ་ནས་དྲངས་ཏེ་སྨྲ་བའི་རྔོ་མ་ཐོགས་ཏེ། རྫི་བོར་འགྲོ་ཞོར་རྩོམ་བྲིས་ན་ཚོར་སྣང་ཤས་ཆེ་བ་ལས། ལུང་དང་རིགས་པས་ཞིབ་མོ་རྣམ་པར་འཐག་པ་ནི་མི་ནུས་པས་སོ།།         2018-9-4 བོད་ཟླ་བརྒྱད་པའི་ཚེས་ཉེར་བཞི་ལ་སྐད་ཆ་བསྟུངས་ཏེ་སྤེལ།
 

                     རྩོམ་སྒྲིག་པ། འཕགས་མི