ལང་ཚོའི་སྒྱུ་རྩལ།

    རྩོམ་པ་པོ། རིག་འཚོལ།


ལང་ཚོའི་སྒྱུ་རྩལ།

 

                   རིག་འཚོལ།


 

(ཀ)

     དཔྱིད་དུས་ཤིག་ལ། ཉི་འོད་མག་མོག་ཡིན་དུས། ཐལ་རྡུལ་དག་རེ་རེ་བཞིན་རླུང་གིས་སྤུར་བའི་ཕྱི་དྲོ་ཞིག་ལ། ངས་ཁྱོད་ཀྱི་ལང་ཚོའི་སྒྱུ་རྩལ་གྱི་ཆ་ཤས་རེ་རེ་ནས་རེ་རེར་སྙན་ངག་ཏུ་འབྲི་བཞིན། རླུང་ནག་གིས་བཟུང་བའི་ཕ་ཡུལ་དུ་བསྡད། མདུན་ཕྱོགས་ཀྱི་རི་ཀླུང་གི་མཛེས་སྡུག་ལ་ཅེར། གློ་རྡེག་ཏུ། འཁྲིས་ཀྱི་སྡོང་པོའི་ཐོག་ཏུ་བྱེའུ་ཞིག་བབས་ཤིང་། སྐད་ཅོར་སྒྲོག་པ་དང་བྱེའུས་ཀྱང་མདུན་ཕྱོགས་ཀྱི་རི་བོ་དང་ལུང་གཞུང་ལ་ཅེར་ཏེ་འདུག
 

     ངས་ཐ་སྙད་ཀྱི་གོ་རིམ་དག་ལེགས་པར་བསྒྲིགས་པའི་ཁུལ་བྱས་ཏེ། ལོ་ཟླ་རིམ་གྱིས་བསྐྱལ་བའི་ཁྲོད་ནས་ངའི་ནང་སེམས་ཀྱི་ངལ་དུབ་དག ང་དང་འདྲ་བའི་ཁེར་རྐྱང་གི་བྱེའུ་ལ་བརྗོད་དེ། མཆི་མ་རྡོག་པོ་འགའ་ཡང་མཁུར་མགོ་ནས་ཟག་སྟེ་ཐང་དུ་ལྷུང་། ཉི་འོད་སྔར་བཞིན་མག་མོག་ཏུ་གནས་ལ། ཐལ་རྡུལ་ཡང་སྔར་བཞིན་རླུང་གིས་སྤུར་གྱིན་འདུག ངས་མུ་མཐུད་དེ་ལུས་སེམས་ཆད་པའི་སྐྱོ་གདུང་དག་བྱེའུ་ལ་བཤད་པ་ན། བྱེའུ་དེས་མགོ་བོ་གུག་གུག་རེ་བྱེད་ཀྱིན་ངའི་འཚོ་བའི་ཁྲོད་ཀྱི་དཀའ་སྡུག་གི་སྒྲུང་ཐུང་ལ་ཉན་པར་བྱེད། ལག་ཟུང་གིས་ངོ་གདོང་གི་མིག་ཆུ་ག་ལེར་འབྱིད་པ་དང་། སྡོང་པོའི་ཡལ་གར་གནས་པའི་བྱེའུ་ལ་ཅེར་ཏེ། ང་ཡི་དཀའ་སྡུག་གི་སྒྲུང་ཕྲན་ལ་གསན་པར་ཐུགས་རྗེ་ཆེ་ཞེས་བརྗོད་ཙ་ན། བྱེའུ་དེས་གཤོག་ཟུང་རྡེབ་ཙམ་རྡེབ་ཙམ་གནང་བ་དང་། ཁོ་བོ་ཡང་མིག་ཟུང་མཆི་མས་ཁེངས་འདུག
 

     ཕྱི་དྲོའི་དུས་ཚོད་ཡོལ་ལ་ཉེ་ཞིང་། ཉི་མ་ཡང་ནུབ་རིའི་ཕྲག་པ་ནས་ནུབ་ལ་ཉེ་འདུག ངས་ཁྱོད་ཀྱི་ལང་ཚོའི་མཚར་སྡུག་སྙན་ངག་ཏུ་བྲིས་མ་ཚར་པ་ཚོར། ད་དུང་ཁྱོད་ཀྱི་ལང་ཚོའི་སྒྱུ་རྩལ་ཡང་རི་མོར་འབྲི་དགོས་པ་དྲན་འོང་། རླུང་བུ་གཡུག་མཚམས་ཇེ་དལ་དུ་འགྱུར་གྱིན་འདུག་ཅིང་། བྱེའུ་དེ་ཡང་ཚང་དུ་ལོག་པར་བྲེལ་གྱིན་འདུག ངས་ཤོག་དཀར་དང་སྙུ་གུ་ལག་པར་འཆང་སྟེ། མཚན་མོ་ཞིག་ལ་ངས་གཞོན་ནུ་མ་ཞིག་དྲན་ཚུལ་དང་། ད་རུང་ཁོ་མོའི་འདྲ་པར་ལ་བལྟས་ཏེ་གཞོན་ནུ་མ་དེ་རི་མོར་བྲིས་ཚུལ་ཡང་བཤད། མཚན་མོ་དེར། ང་རང་ཁེར་རྐྱང་གི་གདུང་བས་མནར་ཚུལ་ཡང་བཤད།
 

     མཚམས་དེར། བྱེའུ་དེས་ང་ལ་ཕྱིར་མིག་ཅིག་འཕངས་ཏེ་གཤོག་ཟུང་རྡེབ་ཀྱིན་རྡེབ་ཀྱིན། ཚང་མལ་དུ་འཕུར་སོང་། འདི་ལྟར་ང་རང་བྱེའུ་ཞིག་དང་ལྷན་དུ་དཔྱིད་དུས་ཀྱི་ཕྱི་དྲོ་ཞིག་རོལ་བའི་རྣམ་པ་སེམས་ཀྱི་གཞིས་ཀར་རྟོག་བཟོ་བྱས། ང་རང་བྱེའུ་ཞིག་ལ་ཡིད་སེམས་འདྲིས་པས་མིན་པར་ཕྱི་དྲོ་ཞིག་ལ་ང་ཁྱོད་དང་ལྷན་དུ་དཔྱིད་དུས་རོལ་འདོད་པའི་དྲན་རྟོག་ཅིག་ཡིན། དཔྱིད་དུས་རེ་རེ་ལ་ཁྱོད་ཀྱི་ལང་ཚོ་བདག་གི་མིག་ཟུང་གིས་འཚོས་ཏེ། ཕྱི་དྲོ་གྲངས་མེད་ཅིག་ཡིད་ཀྱི་མཁའ་རུ་བློས་བསླང་གིས་རྟོག་བཟོ་བྱས་ན། ངའི་འཚོ་བའི་ལེའུའི་ནང་དུ་སེམས་པར་དྲོད་ཁུལ་གྱི་མྱོང་བ་ཟབ་མོ་ཞིག་འཇོག་སྲིད་པས། ཆེས་མང་པོའི་དཔྱིད་དུས་ཀྱི་ཕྱི་དྲོ་ཚོད་མེད་ཅིག་ཁྱོད་དང་མཉམ་དུ་རོལ་གྱིན་ཡོད་པར་རྟོག་བཟོ་བྱེད་པར་འདོད།

 

()

     དབྱར་གཞུང་ཞིག་ལ། ང་རང་མཐའ་ཡས་པའི་རྩ་ཐང་དུ་འགྲེང་སྟེ། ཕྱེ་མ་ལེབ་ཅིག་མེ་ཏོག་གི་ཚལ་དུ་འཕུར་བའི་ངང་ཚུལ་དག་ཟིན་བྲིས་སུ་འགོད་ཀྱིན། <<ཡུལ་ལ་ལོག་པ>>ཞེས་པའི་ས་ཁི་སིའི་རོལ་དབྱངས་ལ་རྣ་བ་གཏད་པར་བྱས། དུས་ཡུན་ཅུང་འགོར་བ་ན་བསིལ་རླུང་དལ་གྱིས་ལྡང་ཞིང་། མེ་ཏོག་གི་མགོ་ལྕོག་ལྡེམ་ལྡེམ་དུ་གཡོས། སྔར་བཞིན་ཁྱོད་ཀྱི་ལང་ཚོའི་མཛེས་པ་དག་སྙན་ངག་གི་ཚུལ་གྱིས་ཟིན་བྲིས་སུ་འགོད་དགོས་པ་དྲན་བྱུང་། དུས་དེར། ཕྱེ་མ་ལེབ་ང་དང་རྒྱང་རིང་ནས་རྒྱང་རིང་དུ་འཕུར་གྱིན་འདུག བདག་གི་མཁའ་དབྱིངས་ནས་སྤྲིན་དཀར་ཐར་ཐོར་ཞིག་བྱང་ནས་བྱང་དུ་རྒྱུ་བཞིན་འདུག
 

     ཁྱོད་རང་ཁུ་སིམ་མེར་ལོག་འོང་སྟེ་ངའི་ཕྲག་པར་ལག་ཟུང་ཁེན་པ་དང་། ཆར་བ་འབབ་ལ་ཉེ་བས་འུ་གཉིས་ངའི་ཕ་ཡུལ་དུ་ལོག་འགྲོ་ཟེར། ངས་ཁྱོད་ལ་བཏགས་པའི་གཅེས་མིང་ལས་བོས་ཏེ། ཁྱོད་ཀྱིས་མཐོང་ངམ། འུ་གཉིས་ཀྱི་མདུན་ཕྱོགས་སུ་ཕྱེ་ལེབ་ཆ་གཅིག་མེ་ཏོག་གི་སྐྱེད་ཚལ་དུ་བག་ཕེབས་ཀྱིས་ཟེའུ་འབྲུ་ལ་ལོངས་སུ་སྤྱོད་ཀྱིན་པ་མཐོང་ངམ་ཞེས་དྲིས། ཁྱོད་ཀྱིས་མཐོང་བའི་བརྡ་ཞིག་བསྟན་ཏེ། ཁྱོད་ཀྱིས་སྔར་བཞིན་ཆར་བ་འབབ་ལ་ཉེ་བས་འུ་གཉིས་ཁྱིམ་དུ་ལོག་འགྲོ་ཟེར། ངས་ཁྱོད་ཀྱི་གདོང་ལ་ཅེར་བ་དང་། འུ་གཉིས་ཀྱིས་ཆར་བས་རྩྭ་ཐང་བརླན་པའི་མཛེས་སྡུག་དང་ཆར་སྒྲ་ལ་རོལ་མྱོང་བྱས་རྗེས། ཁྱོད་ཀྱི་ཕ་ཡུལ་དུ་ལོག་ན་ཆོག་གམ་ཞེས་དྲིས། ཁྱོད་ཀྱིས་དཀར་ལ་འཇམ་པའི་ལག་ཟུང་རྐྱང་འོང་སྟེ། བདག་གི་མགོ་བོ་བྱིལ་བྱིལ་བྱེད་པ་དང་སྔར་བཞིན་ཆོག་པའི་བརྡ་བསྟན་ཙམ་བྱས།
 

     ཆར་བ་རིམ་གྱིས་འབབ་པར་གྱུར་། ཁྱོད་ཀྱིས་རྒྱབ་ཁུག་ལས་ཆར་གདུགས་དམར་པོ་དམར་པོ་ཞིག་ཕྱིར་སྟོན་ཞིང་། ངའི་འཁྲིས་སུ་བསྡད་དེ་འབུབས་པར་བྱས། ངའི་མགོ་བོ་ཁྱོད་ཀྱི་པང་དུ་བསྔས་ཏེ། ཁྱོད་ཀྱི་འཛུམ་མདངས་ལ་ཅེར་ནས་བསྡད་པས། ཁྱོད་ཀྱིས་ཆར་བས་བརླན་པའི་རྩྭ་ཐང་དང་ཆར་སྒྲ་ལ་རོལ་མྱོང་བྱེད་དགོས་པ་མིན་ནམ། ངའི་གདོང་ལ་ཅེར་ནས་རྣམ་གཡེང་མ་བྱེད། ཆར་བས་བརླན་པའི་མེ་ཏོག་གི་མཛེས་སྡུག་ལ་རོལ་མྱོང་གྱིས་ཟེར། ངས་ཁྱོད་ཀྱི་བརྩེ་དུངས་དང་འཛུམ་མདངས་ལས་ཡོད་ཚད་རོལ་མྱོང་བྱེད་ཐུབ་ཅེས་བརྗོད། ཁ་ཡག་ཏག་ཏག་མ་བཤད། ཁྱོད་ཀྱིས་ཅི་ཞིག་རོལ་མྱོང་བྱེད་ཐུབ་བམ་ཟེར། ངས་ཆར་བའི་བརླན་པའི་རང་བྱུང་ཁམས་ཀྱི་མཛེས་སྡུག་མཐོང་སོང་། ད་རུང་། དབྱར་དུས་ཀྱི་ས་སྲོད་དང་མཚན་ལྗོངས་ཀྱང་མཐོང་སོང་ཞེས་བཤད། ས་སྲོད་དང་མཚན་མོ་མ་བསླེབས་པས་ཁྱོད་ཀྱིས་དེ་དག་ཚང་མ་མཐོང་ངམ་ཟེར་ཏེ། གད་མོ་དགོད་ཀྱིན་ཀུ་རེ་རྩེད་པར་བྱས།
 

     ངས་དབྱར་དུས་ཀྱི་འཇིག་རྟེན་ཞིག་ནས་ཁྱོད་ལ་བྲིས་པའི་སྙན་ངག་ཅིག་གྱེར་འདོན་བྱེད། དེ་ནི་འུ་གཉིས་གཙང་ཆུ་མང་པོའི་ཕར་ཚུར་དུ་གནས་པའི་མཚན་མོ་ཞིག་ལ་བྲིས་པ་ཡིན། གདུང་དབྱངས་གྲངས་མེད་ཅིག་དང་། དྲན་པའི་གླུ་དབྱངས་ཚོད་མེད་ཅིག་ཉན་རྗེས་བྲིས་པ་ཡིན། ཁྱོད་ཀྱི་ལང་ཚོའི་སྒྱུ་རྩལ་གྱི་རྣམ་པ་ཡིད་དུ་འོང་བ་དེ་དྲན་ཐེངས་རེ་རེའི་ཁྲོད་ནས་བྲིས་ཤིང་། ཁྱོད་ཀྱིས་མཛའ་བརྩེའི་དྲོད་ཁུལ་གནང་སྦྱིན་བྱེད་ཐེངས་རེ་རེའི་ཁྲོད་ནས་བྲིས་པའི་སྙན་ངག་གཅིག་པུ་དེ་ཡིན། དེ་ནི་སྐྱེ་བ་འདིར་ཁྱོད་ཁོ་ནར་བྲིས་པའི་སྙན་ངག་དེ་ཡིན་ཞིང་། ཁྱོད་ཁོ་ནར་གྱེར་ན་འདོད་པའི་སྙན་ངག་དེ་ཡང་ཡིན།

 

()
     སྟོན་དུས་ཤིག་ལ། ང་རང་གཙང་པོ་ཞིག་གི་འགྲམ་དུ་འགྲེང་ནས། ལྷུང་ལྷུང་དུ་འབབ་པའི་གཙང་ཆུའི་རླབས་སྒྲར་ཉན། མུ་མཐའ་མེད་པའི་གཙང་པོའི་འགྲམ་གྱི་ཡུལ་སྐོར་པ་དེ་དག་གིས་མཐའ་མི་མངོན་པའི་གཙང་པོ་དང་རྒྱ་མཚོའི་མཛེས་ལྗོངས་འདྲ་པར་འགའ་ཤས་བླངས་ཏེ། རེ་རེ་བཞིན་ལོག་སོང་། ངས་སྐད་ཅིག་རེ་རེ་བཞིན་མི་སྡོད་པར་གཡོ་བཞིན་པའི་རྒྱ་མཚོ་དང་གཙང་པོ་རི་མོར་འབྲི་བར་བརྩམས། ཁྱོད་རང་གནས་འདིར་ཡོད་མེད་དྲན་པར་བྱས།
 

     ངས་མིག་ཟུང་གཙང་པོའི་མཛེས་སྡུག་ལ་གཏད་དེ་ཁ་རོག་གེར་བསྡད། མཚམས་དེར། ཁྱོད་རང་ངའི་ལྟག་རྒྱབ་ནས་ལོག་འོང་སྟེ་ངའི་མིག་ཟུང་ཁྱོད་ཀྱི་ལག་པས་བཀབ་ནས་ང་རང་སྐར་ཆ་འགའ་ཤས་ལ་མུན་ནག་གི་འཇིག་རྟེན་དུ་འཁྲིད་པར་བྱས། ཁྱོད་ཀྱིས་ང་དང་ལྷན་དུ་སྟོན་དུས་ཀྱི་གཙང་བོའི་བཞུར་རྒྱུན་ལ་ལྟ་ཞིང་། གཙང་འགྲམ་གྱི་རྡེའུ་རེ་ཟུང་ཞིག་གཙང་པོའི་ནང་དུ་གཡུག་པ་དང་། ངའི་གམ་དུ་ལོག་འོང་སྟེ། འུ་གཉིས་ཐོག་མར་འཕྲད་པའི་ས་ཆ་དེར་ལོག་ན་ཆོག་གམ་ཟེར། ངས་ཁྱོད་ཀྱི་ལག་ཟུང་དམ་པོར་འཇུས་ཤིང་། མགོ་བོ་ཁྱོད་ཀྱི་བྲང་གཞུང་དུ་བསྔས་ཏེ། ཁྱོད་སྐྱིད་ན་ང་ཡང་སྐྱིད་ཅེས་སྨྲས་ནས་ས་ཆ་དེར་འགྲོ་བར་ཁས་བླངས།
 

     ངས་ཁྱོད་ཀྱི་ལག་ཟུང་མ་གློད་པར་ས་ཆ་དེར་འགྲོ་བར་བྱས། སྟོན་རླུང་དལ་གྱིས་ལྡང་སྟེ། ཁྱོད་ཀྱི་སྐྲ་ལོ་ཤིག་ཤིག་ཏུ་གཡོ་བཞིན་འདུག འུ་གཉིས་སྨྲ་བ་ཅི་ཡང་མེད་པར་མིག་ཟུང་ཕན་ཚུན་དུ་ཕྱོགས་ནས་སྐར་མ་འགའ་ཤས་ལ་ཧད་དེ་ལུས། ཁྱོད་རང་གློ་བུར་དུ་འཛུམ་ཙམ་གནང་སྟེ། མདུན་ཕྱོགས་ཀྱི་སྡོང་པོའི་ཡལ་ག་དང་ལོ་མར་ཅེར་འདུག ཁྱོད་ཀྱིས་སྡོང་ལོ་དང་ས་གཞི་གསེར་མདོག་གི་རྣམ་པར་འགྱུར་གྱིན་པར་ལྟོས་དང་། ད་དུང་སེར་ཐིགས་བབས་པའི་ཤིང་ལོ་དག་རེ་རེ་བཞིན་འཐོར་གྱིན་པར་ལྟོས་དང་ཟེར། འུ་གཉིས་ཤིང་སྡོང་དེའི་བསིལ་གྲིབ་འོག་ཏུ་བསྡད། ཁྱོད་ཀྱི་མགོ་བོ་ངའི་ཕྲག་པར་བསྔས་ནས། འུ་གཉིས་ཐོག་མར་འཕྲད་དུས། སྐྱེ་བ་འདིར་འུ་གཉིས་གཏན་ནས་ཁ་མི་འབྲལ་ཞེས་དམ་བཅས་པ་དེ་ཁྱོད་ཀྱིས་བརྗེད་མེད་དམ་ཞེས་དྲིས་བྱུང་།
 

     ངས་བརྩེ་བའི་ཚུལ་གྱིས་ཁྱོད་ལ་བོས་ཏེ། འུ་གཉིས་ཡུལ་དུ་ལོག་འགྲོ་ཞེས་བཤད། ཉི་མ་ནུབ་ཕྱོགས་ཀྱི་རི་གསེབ་ཏུ་ཡིབ་ཀྱིན་འདུག་ལ། འུ་གཉིས་འགྲོ་བའི་ལམ་ཕྲན་གྱི་ཐོག་ནས་སྡོང་ལོ་དག་རེ་རེ་བཞིན་རླུང་གིས་སྤུར་གྱིན་འདུག འུ་གཉིས་རྡོག་འགྲོས་སྒྲིག་སྟེ་ཕ་ཡུལ་གྱི་ཕྱོགས་སུ་ཆས། ངའི་ཟུར་མིག་གིས་ཁྱོད་ཀྱི་ལང་ཚོའི་སྒྱུ་རྩལ་གྱི་རྣམ་པ་ཡིད་འབབ་དེ་ལོངས་སུ་སྤྱོད་ཀྱིན་སྤྱོད་ཀྱིན་ཡུལ་དུ་ལོག་པ་ཡིན། ངས་ལམ་ཟུར་ནས་མེ་ཏོག་ཅིག་འཐོག་སྟེ། ཁྱོད་ཀྱི་སྨན་མཚམས་ཀྱི་སྐྲ་ལོར་འདོགས་པར་བྱས། ཁྱོད་ཀྱིས་ངའི་དཔུང་པར་འཇུས་ཤིང་། ཁྱོད་ཀྱིས་ང་ལ་བརྩེ་བ་རྣམ་དག་ཅིག་བཅངས་ཡོད་པ་ངས་ཤེས་ཡོད་ཅེས་སྨྲས་བྱུང་། ཡུལ་དུ་སླེབ་ལ་ཉེ་ཞིང་། ས་སྲོད་ཀྱང་ཐོན་ལ་ཉེ་འདུག ངས་འུ་གཉིས་ཀྱིས་དོ་ནུབ་ཀྱི་ས་སྲོད་ལ་རོལ་ཏེ་ཁྱིམ་དུ་ཕྱིན་ན་ཆོག་གམ་ཞེས་བཤད། ཁྱོད་ཀྱིས་འཐད་པའི་དོན་དུ་སྨན་མ་འགུལ་ཙམ་གནང་བྱུང་། འུ་གཉིས་ཕ་ཡུལ་གྱི་ཉེ་འགྲམ་དུ་བསྡད་དེ་ས་སྲོད་ཀྱི་ལང་ཚོ་དང་ཟླ་འོད། ད་དུང་སྐར་མ་འགུལ་གྱིན་པའི་མཛེས་སྡུག་ལ་ལོངས་སུ་སྤྱད་དེ། ད་གཟོད་ཁྱིམ་དུ་ལོག་པ་ཡིན།

 

()

     ཁ་བ་འབབ་ཞོད་ཆེ་བའི་དགུན་དུས་ཤིག་ལ། ངས་ཁ་བའི་མེ་ཏོག་གི་འདབ་མར་ཅེར། དུས་དེར་ངས་ཁྱོད་ཀྱི་ལང་ཚོའི་སྒྱུ་རྩལ་དྲན་བྱུང་། སྒྱུ་རྩལ་འོག་གི་ཁྱོད་ཀྱི་ཟུར་མིག་དྲན་བྱུང་། ཁྱོད་ཀྱི་གོམ་སྟབས་རེ་རེ་བཞིན་སྒྱུ་རྩལ་གྱི་འཇིག་རྟེན་དུ་སྤོ་བའི་ངང་ཚུལ་དེ་དྲན་བྱུང་། ངས་ཁྱོད་ཀྱི་མིང་ཡིག་ཁ་བར་བྲིས་པ་ཡིན། གློ་བུར་དུ། རླུང་བུ་ལྡང་ཞིང་། ཁ་བ་སྤུར། ང་རང་ཡར་ལངས་ཏེ། ནམ་མཁར་ཅེར་བ་ཡིན། ནམ་མཁར་སྤྲིན་ནག་འཁྲིག་གིན་འདུག སྔར་བཞིན་ཁ་བ་དྲག་ཏུ་འབབ་པ་འདྲ།
 

     ངས་ཁྱོད་ཀྱིས་ཆེད་དུ་ང་ལ་གྱེར་བའི་སྙན་ངག་ལ་ཉན་ཏེ། གོམ་པ་རེ་རེ་བཞིན་མལ་ཤག་གི་ཕྱོགས་སུ་སྤོས། ཁ་བ་དྲག་ཏུ་བབས་པས་ངའི་མཐོང་ལམ་རབ་རིབ་ཏུ་གྱུར། ངས་ཁ་བ་འབབ་དྲག་པའི་དགུན་གཞུང་ཞིག་ལ་འུ་གཉིས་གྲོང་ཁྱེར་འདིར་བསྡད་པའི་ལོ་ཟླར་ཕྱིར་དྲན་ཤོར། ངས་གཞུང་ལམ་དེ་ཁེར་རྐྱང་གིས་བརྒལ་ཏེ། མལ་ཤག་གི་སྒོ་འགྲམ་དུ་ཐོན་སོང་། ང་རང་ནང་དུ་འཛུལ་ཏེ་མལ་ཁྲིའི་ཐོག་ཏུ་གན་ཀྱལ་གྱིས་ཉལ་བ་དང་། ཁྱོད་ཀྱིས་ང་ལ་གནང་བའི་ལེགས་སྐྱེས་ཆུང་ཆུང་དེ་མིག་ལམ་དུ་མངོན་བྱུང་། ད་རུང་། ཁྱོད་ཀྱིས་ཆེད་དུ་ང་ལ་བྲིས་པའི་འཕྲིན་པ་དེ་དག་ཀྱང་མཐོང་འོང་། ངས་སླར་ཡང་འཕྲིན་པ་དེ་དག་ཀློག་པར་བྱས། འཕྲིན་པའི་ནང་གི་ཡིག་འབྲུ་རེ་རེའི་ཁྲོད་ན་ཁྱོད་ཀྱིས་ང་ལ་བཅངས་བའི་བརྩེ་དུང་གི་སྒྱུ་རྩལ་དེ་ཡོད་པར་རྟོགས་འོང་།
 

     ངས་མགོ་བོ་དགྱེ་བ་ན་སྒེའུ་ཁུང་ཆུང་ཆུང་དེ་མཐོང་། སྒེའུ་ཁུང་ཆུང་ཆུང་དེ་ལས་ཕྱི་རོལ་ན་ཁ་བ་འབབ་ཀྱིན་པ་མཐོང་། ཁ་བའི་འདབ་མ་གྲངས་མེད་ཀྱི་ཁྲོད་ནས། ང་རང་སེམས་གཏིང་ནས་ཁྱོད་ལ་དགའ་མྱོང་བ་དྲན། ངས་སྐད་ཅིག་རེ་རེ་བཞིན་དུ་ཁྱོད་དང་ལྷན་དུ་དགུན་གཞུང་བརྒལ་ཏེ། ངའི་ལུས་སེམས་ལ་དྲོད་ཁུལ་འབྱིན་པའི་སྨོན་ལམ་བཏབ་མྱོང་། ཁྱོད་རང་འདི་ལྟར་གོ་མེད་ཚོར་མེད་དུ་བུད་འགྲོ་བ་ཡིད་དུའང་འཁོར་མ་མྱོང་། འུ་གཉིས་ཀྱིས་སྐྱེ་བ་བརྒྱར་ཡང་ལྷན་དུ་འདུག་ཐུབ་པའི་སྨོན་ལམ་བཏབ་མྱོང་། ངའི་ཉལ་ཁང་གི་ཕྱི་རོལ་དུ་ཁ་བའི་མཛེས་སྡུག་སྔར་བཞིན་གསོན་པོར་གནས་འདུག ང་ལ་དབང་བ་ནི་ཉལ་ཁང་ཆུང་ཆུང་དེའི་ནང་གི་དཔེ་དེབ་དེ་དག་ཡིན་པ་ཚོར་འོང་།
 

     དགུན་གཞུང་དེར་ང་རང་ཁེར་རྐྱང་ཡིན་དུས། ངས་ཁ་རོག་གེར་རང་ཉིད་ལ་དྲི་བ་མང་པོ་ཞིག་དྲིས་ཏེ། དྲིས་ལན་ཡང་རེ་རེ་བཞིན་རང་ཉིད་ཀྱིས་བཏབ་པ་ཡིན། ཉིན་ཞིག་ལ་ང་རང་རི་སྒང་དུ་འཛེགས་ཏེ། ཉི་མ་སྤྲིན་གསེབ་ཏུ་ཡིབ་ཀྱིན་པའི་མཛེས་སྡུག་ལ་ཅེར་ནས། ཁྱོད་ལ་འཕྲིན་པ་བྲིས། འཕྲིན་པའི་ནང་དུ་ན་གཞོན་ཞིག་དྲན་གདུང་གིས་མནར་ཚུལ་བྲིས། ད་དུང་། ན་གཞོན་དེས་བརྗེད་མི་ཐུབ་པའི་མི་ཞིག་དྲན་ཚུལ་བྲིས། མི་དེ་འཕྲད་པར་སྒུག་བཞིན་པའི་ངང་ཚུལ་བྲིས། སྐབས་དེར། ངས་ཁྱོད་ཀྱི་མིང་ནས་བོས། ཁྱོད་རང་ནམ་ཞིག་ལ་ངའི་འཁྲིས་སུ་ལོག་གམ། ཁྱོད་ཅི་ཞིག་ལ་རྒྱང་རིང་ནས་རྒྱང་རིང་དུ་བུད་སོང་བ་ཡིན་ཞེས་བཤད། ང་རང་གཅིག་པུ་རི་སྒང་ལས་བབས་ནས། ལྷན་འཛོམས་ཀྱི་དུས་སྐབས་སུ། འུ་གཉིས་མལ་ཤག་ཏུ་འགྲོ་བའི་གཞུང་ལམ་བརྒྱུད་དེ་ང་རང་གཅིག་པུ་ཉལ་ཁང་དུ་ཕྱིན་པ་ཡིན། ངས་བྱ་དངོས་ཡོད་ཚད་འགྱུར་གྱིན་པ་རྟོགས་བྱུང་།

                            ༢༠༡༧--༨ཉིན་གྲུབ།
   
                                རྩོམ་སྒྲིག་པ། མྱི་གསར་བ།