དཔྱིད་ཁ་ལ་ཕུལ་བ།

    རྩོམ་པ་པོ། སྲིན་པོ།


དཔྱིད་ཁ་ལ་ཕུལ་བ། 


                        རྩོམ་པ་པོ། སྲིན་པོ། 
 
         ཀྭ་ཡེ། དཔྱིད་ཁ་ལགས། ཁྱེད་ཀྱི་དྲོད་ཁོལ་ང་ལ་གཡོར་དང་། ངས་གྲང་ཤུར་ཤུར་གྱི་ས་གཞི་འདི་ཡི་བྲང་ཁོག་བསྲོ་ན་འདོད། ངས་སྐྱོ་གདུང་གི་ཐབ་ཁ་ན་འཁྱག་རལ་ཏུ་གྱུར་པའི་མེ་ལྕེ་དེ་བསྲོ་འདོད། མེ་ལྕེ་དང་མཚུངས་པའི་སེམས་པ་དག་གི་ཕུག་པ་བསྲོ་འདོད། ཁྱེད་ཀྱིས་བདག་ལ་ཕྱི་དྲོ་འདི་ཙམ་གྱི་དྲོད་ཁོལ་གཡར་རོགས་གནང་། ངས་ཡུན་རིང་ལ་ཁ་ཆར་གྱིས་གཙེས་པའི་སེམས་ཁོང་གི་འཚེར་ཤུལ་དེ་བསྲོ་འདོད་པས་སོ།།
 
         ཀྭ་ཡེ། དཔྱིད་ཁ་ལགས། ཁྱེད་ཀྱི་ཁ་དོག་ང་ལ་གཡོར་དང་། ངས་སྐྱ་ཐང་ཐང་གི་རི་བོ་འདི་ལ་ལྗང་མདོག་གི་ལྭ་བ་ཞིག་བཟོ་འདོད།  ལྭ་བའི་ངོས་སུ་མེ་ཏོག་དཀར་སེར་དམར་ལྗང་བཙུགས་ནས་ཁྱེད་ལ་དགབ་ཆོག ངས་སྡོང་བོ་འདི་ཡང་ལྗང་ཁུར་བསྒྱུར་ཆོག་ལ། ཡལ་ག་དང་ལོ་མ་ཡང་ལྗང་ཁུ་རུ་བསྒྱུར་ནས་ཁྱེད་རང་དེ་ཡི་གྲིབ་བསིལ་འོག་ཏུ་ངལ་གསོ་མཛད་ཆོག
 
          ཀྭ་ཡེ། དཔྱིད་ཁ་ཡ། ཁྱེད་ཀྱི་གསོན་ཤུགས་ང་ལ་གཡོར་དང་། ངས་ཆབ་རོམ་གྱིས་བསྡམས་པའི་ཆུ་ཕྲན་ལ་བཞུར་རྒྱུན་བསྩལ་འདོད། རི་ལྡེབས་སུ་ཚང་ཚིང་གིས་སྐྱེས་པའི་ལྗོན་ཚོགས་ལ་གསོན་ཤུགས་བསྩལ་ན་འདོད། ངས་ཡུལ་གྱར་བ་ཞིག་དང་མཚུངས་པའི་ཁྱེད་ལ་རྒྱང་བཞུད་ཀྱི་སྙིང་སྟོབས་དང་སེམས་ཤུགས་བསྩལ་ན་འདོད། མགོ་བོ་ཡར་ལ་ཁྱོགས་དང་། ང་ཡི་ལྗོན་པ་ལགས།  ཁྱེད་རང་དབྱར་ཟླ་དང་ཐག་མི་རིང་། ཆར་སྤྲིན་གྱི་གསེེབ་ནས་དབྱར་ཟླ་དང་པོའི་བཀྲག་མདངས་འཚེར་འོང་གིན་འདུག
 
          ཀྭ་ཡེ། དཔྱིད་ཁ་ལགས། ཁྱེད་ཀྱིས་ང་རང་ཉི་འོད་ཀླུང་དུ་འཁྲིད་རོགས། ངས་ཉི་ཟེར་གྱི་སྙུ་གུ་སེར་པོ་དེས་མི་སེམས་སུ་དྲོད་ཁོལ་བྲི་ན་འདོད། ངས་ངེད་ཚང་གི་མགོ་སྦྲ་སྨུག་པོ་དེ་ད་ལྟ་ད་དུང་རྩྭ་ཐང་གི་རུམ་ན་སྨུག་ལྡེམ་མེར་ཡོད་པ་བྲིས་ཆོག ངས་རང་ཉིད་གཅིག་པུ་ནར་སོན་རྒྱུ་མེད་པའི་བྱིས་པ་ཞིག་ལྟར་ཨ་མའི་ཐུ་ཁུག་ཏུ་གཉིད་དུ་ཡུར་ཡོད་པ་བྲིས་ཆོག  མི་ཚེ་ནི་ཆུ་རྒྱུན་ཞིག་དང་འདྲ་བར་བཞུར་མི་ཚར་བ་ཞིག་རེད། ད་དུང་ཡང་ཆལ་ཆིལ་གྱི་རླབས་དཀར་འཕྱོ་བཞིན་གྲོག་རོང་དང་གཡང་གཟར་དུ་འབབ་ཀྱིན་འདུག ད་ལྟ་བདག་གིས་ཆུ་རྒྱུན་དེའི་སྣེ་རུ་སྤང་ལྗོངས་དང་ནེའུ་གསིང་བྲིས་ཆོག་ལ། མེ་ཏོག་གི་དྲི་ངད་དང་ཕྱེ་ལེབ་ཀྱི་གཤོག་གླུ་ཡང་བྲིས་ཆོག  དཔྱིད་ཉི་ལགས།  ཁྱེད་ཀྱིས་ང་ལ་ཉི་ཟེར་མང་ཙམ་གཏོར་རོགས་ཀྱེ།
                           རྩོམ་སྒྲིག་པ། མྱི་གསར་བ།