སྙིང་ཉེ། ངས་ཁྱོད་ལ་དམ་བཅའ།

    རྩོམ་པ་པོ། བསམ་འགྲུབ་རྣམ་རྒྱལ།


སྙིང་ཉེ། ངས་ཁྱོད་ལ་དམ་བཅའ།
 
                   བསམ་འགྲུབ་རྣམ་རྒྱལ། འཇོ་མདའ།

ཞག་ནག་སུམ་བརྒྱ་དྲུག་ཅུའི་དུས་ཚོད་ནི་རླུང་ནང་གི་ལྕང་ལོ་བཞིན་འཁྱུག་ཙམ་གྱིས་ཕར་ལ་འདས་སོང་།   ཁྱོད་ལ་དྲན་གདུང་གི་འཕྲིན་ཡིག་མ་བྲིས་པ་ཡང་ཟླ་ངོ་ཁ་ཤས་ཕྱིན་འདུག   སྔོན་ཆད་བཞིན་ངས་ནང་སེམས་ཀྱི་གཏིང་རུམ་ནས་ཁྱེད་རང་ཞིབ་ཚགས་ཀྱིས་མ་དྲན་ནས་ཀྱང་ཡུན་རིང་ཕྱིན་འདུག   ང་ད་ལྟ་མུན་ནག་གི་འཐབ་ར་ལྟ་བུའི་སྤྱི་ཚོགས་ཀྱི་ཁོག་པ་རུ་འཛུལ་བཞིན་འདུག   ངས་ད་ལྟ་ད་དུང་རང་ཉིད་སྤྱི་ཚོགས་འདིར་ཇི་ལྟར་གསོན་པ་དང་ཅིའི་ཕྱིར་གསོན་དགོས་པ་ཤེས་ཀྱིན་མེད།   ཡུལ་འདིར་ཉི་འོད་དང་བར་ཐག་རིང་བས་རང་གི་གྲིབ་གཟུགས་ཀྱང་མཐོང་བར་དཀའ།   རྒྱུ་མཚན་དེ་བས་མཚམས་རེར་ང་རང་ཉིད་འཇིག་རྟེན་འདིར་གསོན་ཡོད་མེད་ཡང་ཐེ་ཚོམས་ཀྱི་འདུག   ཆུང་ནས་ད་བར་དྲན་པ་ཙམ་གྱིས་འཛུམ་གྱི་ལེར་མཐོང་ཆོག་པ། བོས་པ་ཙམ་གྱིས་དགའ་ལྷང་ངེར་གམ་དུ་བྱོན་ཡོང་མཁན།  གཉོམ་ཆུང་གི་རང་ཉིད་དར་རྒུད་གང་གི་སྐབས་སུ་ཡང་།   དེ་ལས་ཀྱང་ལྷག་པར་ཆེས་ཆེར་བརྩེ་བའི་འཇིག་རྟེན་གྱི་སངས་རྒྱས་གང་ཉིད་དེ།   དྲིན་ཆེན་གྱི་ཡབ་ཡུམ་ཟུང་ནི་ཤིན་ཏུ་དྲན་པས་གདུང་ན་ཡང་།   ང་ཅིས་ཀྱང་དོན་སྙིང་ཡོད་པ་འདྲ་ཞིང་མེད་པ་འདྲ་བའི་བས་མཐར་འཚོ་དགོས་སོང་བ་དང་།   བདག་རང་ལང་ཚོའི་ཁོ་ལག་རྫོགས་པ་ནས་ཁྱོད་ཀྱི་བརྩེ་བའི་མིག་ཟུང་གིས་འཚོས་ཤིང་།   ལས་དབང་ལ་ཅོ་འདྲི་བར་དགའ་བའི་ཁྱོད་ཀྱིས་ནང་སེམས་ཀྱི་དགའ་སྐྱོ་མ་ལུས་སྦ་གསང་མེད་པར་བདག་ལ་བརྗོད་དེ།   སྐབས་རེ་ངའི་གམ་དུ་ཡིད་ཚིམ་པ་ཞིག་ངུས་ངུས་ནས་མིག་རྩ་དམར་པོ་དམར་པོར་གྱུར་ཡོང་བ་དང་།    ནང་སེམས་བརྩེ་བའི་དར་དཀར་རྟག་པར་བདག་ཕྱོགས་སུ་འཐེན་ནས་ཡོད་པའི་ཁྱོད་རང་ད་ལྟ་ད་ལྟ་ལ་ཤིན་ཏུ་ཤིན་ཏུ་དྲན་གྱིན་འདུག་ན་ཡང་།    བདག་གིས་ཆེད་དུ་མ་བཟོས་ཀྱང་ཆེད་དུ་བྱས་སོང་བ་བཞིན་ཁྱོད་དང་རི་ཆུ་མང་པོའི་བར་ཐག་གིས་ཆོད་པའི་ཡུལ་ཟང་ཟིང་ཞིག་ན།   ང་རང་ཅིས་ཀྱང་སྐྱིད་པ་འདྲ་ཞིང་མི་སྐྱིད་པ་འདྲ་བའི་འཁྱམ་ཉུལ་དུ་བསྐྱོད་དགོས་སོང་བ་སོགས་ལ་བསམ་ན།   གསོན་ངོགས་ཀྱི་གྱེས་བྲལ་ནི་ཤི་གསོན་གྱི་གྱེས་བྲལ་ལས་ཀྱང་རབ་ཏུ་རབ་ཏུ་སྡུག་བསྔལ་ལྕི་སོང་།

ཡུལ་འདིར་ང་ལ་ཅི་ཡང་མེད།    མཐའ་ན་སྡོད་གནས་གཏན་ཁེལ་ཞིག་ཀྱང་མེད།    འོན་ཀྱང་རང་སེམས་དྲོད་ཀྱིས་གཏམས་ཆོག་སའི་གྲོགས་པོ་ཁ་ཤས་ཡོད།    གྲོགས་པོ་ན་རེ།    མི་ཞིག་འཇིག་རྟེན་དུ་མུ་མཐུད་དུ་འཚོ་ཐུབ་པའི་རྒྱུ་མཚན་ནི་ཕུགས་བསམ་དང་བརྩེ་བའོ་ཟེར།    ཁོང་ཡང་ང་དང་འདྲ་བར་ཕུགས་བསམ་དང་བརྩེ་བ་རུམ་དུ་བཅུག་ཡོད་པ་ལས་དེའི་ཕྱོགས་གོམ་པ་མང་པོ་སྤོ་མ་ཐུབ་མཁན་ཞིག་རེད།    ལྷག་པར་དུ་ཁོང་གི་སྙིང་ཉེ་ཡང་ཡུལ་ཐག་རིང་ཞིག་ཏུ་འབྲོག་ལས་ལ་བྲེལ་ནས།   ཁ་པར་གྱི་འབྲེལ་བ་ཡང་མང་པོ་བྱེད་མི་ཐུབ་མཁན་ཞིག་རེད།    སྐབས་རེར་ཕ་ཡུལ་འབྲོག་ས་རུ་བརྡ་རྟགས་མེད་པ་སོགས་ཀྱིས་ཁོང་གཉིས་ཀྱི་ནང་སེམས་སུ་ཡུན་རིང་བསྙལ་བའི་དྲན་གདུང་མང་པོ་ལ་ཚ་འདྲི་གནང་བཞིན་འདུག   དེ་ལ་ལྟོས་ན་འུ་གཉིས་ཀྱི་འབྲེལ་བ་ནི་ཅུང་སྟབས་བདེ་དེངས་རབ་ཅན་དུ་གྱུར་ཡོད་པ་འདྲ་ཡང་།   སྟབས་བདེ་དེང་རབས་ཅན་འདིའི་འུ་གཉིས་གཏན་ནས་མི་ཁོམ་པ་བཟོས་འདུག    སྤྱི་ཚོགས་འདིར་ཁ་གཡར་ས་ལྟ་བུའི་བྱ་བ་མང་དྲགས་པ་དང་།    ཁ་གཡར་ས་ལྟ་བུའི་བྱ་བ་དེ་དག་གིས་འུ་གཉིས་གཞི་ནས་རི་ལུང་མང་པོ་མང་པོ་ཞིག་གིས་ཆོད་པར་བྱས་སོང་།  

ངས་མི་ཚེ་འདིར་རྣམ་དག་གི་བརྩེ་བ་ལས་གལ་ཆེ་བ་ཞིག་ནི་གཞར་ཡང་མེད་པར་ཤེས་ཤིང་།   ལྷག་ཏུ་སྟོན་ལོ་བཞིན་ཤིན་ཏུ་མི་བརྟན་པའི་འགྲོ་བ་མི་ཡི་རིགས་དག་གི་ནང་སེམས་ཀྱི་བརྩེ་བ་སྲུང་སྐྱོབ་བྱ་དགོས་ཚེ།   ཕན་ཚུན་གྱི་ཁ་བརྡ་དང་སེམས་གཏམ་ནི་རྟག་པར་བཤད་བཤད་ནས་རྒྱུན་བསྲིང་དགོས་པ་རྟོགས་ཀྱང་།   དཀའ་ངལ་ལྔ་བརྩེགས་དྲུག་བརྩེགས་ལྟ་བུའི་མི་ཡུལ་འདི་ནས་མི་འདོད་བཞིན་ང་ཚོའི་རྣམ་དག་ལྷག་བསམ་གྱི་བརྩེ་བ་ནི་ག་ལེ་ག་ལེར་གབ་པ་ནས་ཡལ་བ།   ཡལ་བ་ནས་གཏན་ནས་མེད་པར་འགྱུར་བཞིན་འདུག    ང་རང་ད་ལྟའི་སྤྱི་ཚོགས་འདི་ལ་སྡང་དོན་འདི་ཡིན་ལ།   ང་རང་འཇིག་རྟེན་འདིར་སྐྱེ་བ་ནས་བཟུང་སྤྱི་ཚོགས་འདིས་གཏན་ནས་མི་ཁོམ་པ་ཞིག་བཟོས་འདུག་ཟེར་དོན་ཡང་འདི་ཡིན།    

དུས་རབས་འདིའི་ཁུག་སོ་རུ་བྲེལ་འཚུབ་འཚུབ་ཀྱིས་འཚོ་བཞིན་ཡོད་པའི་འུ་ཅག་ནི་མཚར་པོ་མཚར་པོ་ཞིག་རེད།    ཞོགས་པ་ནས་ས་སྲོད་ཀྱི་བར་དུ་ཡར་མར་འདུར་རྒྱུག་བྱེད་བཞིན་པའི་ང་ཚོ།   དོན་དུ་ཅི་ཞིག་གི་ཆེད་དུ་གང་ཞིག་ཏུ་འགྲོ་བཞིན་ཡོད་མེད་མི་ཤེས།    གལ་ཏེ་ཡུལ་འདི་ནས་གནས་གང་ཞིག་ཏུ་སླེབས་ཀྱང་དོན་སྙིང་ཅི་ཞིག་ལག་ཏུ་ཐོབ་མིན་ཡང་མི་ངེས།    འོན་ཀྱང་འུ་ཚོ་ད་ལྟའི་བར་ཡུལ་དུས་མི་འདྲ་བ་མང་པོ་ཞིག་བརྒྱུད་ནས་ལམ་ལ་ཆས་པ་འདྲ།   གཞུག་གི་ལོ་ཟླ་དག་ཀྱང་དེ་ལྟར་རྫོགས་ངེས་སུ་འདུག    འུ་ཚོས་མང་པོ་མང་པོ་ཞིག་བསམ་ན་ཡང་།   མང་པོ་མང་པོ་ཞིག་བསྒྲུབ་ན་ཡང་།    ཆེས་ཞེན་ཁ་ལོག་བྱེད་ནི་ཚེ་ཐོག་འདིར་མི་སུ་ལ་ཡང་རྣམ་དག་ལྷག་བསམ་གྱི་བརྩེ་བ་བཅངས་ཁོམ་མེད་སོང་བ་དང་།   རང་གི་གདོང་མགོར་ཡོད་པའི་ཚུལ་འཆོས་ཀྱི་རྫུན་འབག་བཤུས་ནས་ཐག་རིང་གི་ཕ་མ་དང་སྙིང་ཉེ།   གམ་གྱི་གྲོགས་པོ་དག་ལ་ངག་འཇམ་པོ་དང་དྲང་པོའི་ཁ་བརྡ་མ་ལབ་པ་དང་ལབ་ཁོམ་མེད་སོང་བ་དེ་དག་སྟེ།    དཔེར་ན་ཁོ་བོའི་རྣམ་དག་ལྷག་བསམ་གྱི་རུམ་ཁོག་ཏུ་རྟག་པར་བསྙར་ནས་ཡོད་པའི་ཁྱོད་ལ།  འུར་འུར་ཟིང་ཟིང་གི་ཁྲིན་ཏུའི་སྲང་ལམ་ནས་ཉུལ་ཉུལ་ནས་ཡོད་པའི་བདག་གིས།   ད་བར་ཁྱོད་ལ་མ་མཐའ་རང་གི་སྐྱིད་སྡུག་བརྗོད་པའི་འཕྲིན་ཐུང་ཞིག་ཀྱང་འབྲི་མ་ཐུབ་པ་ལྟར་རེད།    

ལས་དབང་གི་བུ་མོ་ལགས།   སློབ་གྲྭའི་ངལ་གསོ་དང་བསྟུན་ནས་ཉིན་ཁ་ཤས་རྗེས་ང་རང་ཁྲིན་ཏུའི་ལམ་ཐག་བརྒྱུད་ནས་རང་ཁྱིམ་དུ་ལོག་རྒྱུ་ཡིན།    ངས་ད་ཚོད་ཅིག་ལ་མི་ཚེའི་རིན་ཐང་ཤེས་སོང་།    དུས་ཚོད་ཀྱི་ཡང་སྙིང་རྟོགས་སོང་།   ཡུན་ཐུང་མི་ཚེ་འདིར་ཅིས་ཀྱང་རང་གི་ཕུག་བསམ་དང་བརྩེ་དུང་གི་ཆེད་དུ་གཞོལ་དགོས་པར་བསམ་ནས།   བརྩེ་དུང་གི་ཆེད་དུ་ཁྱིམ་མི་དང་མཉམ་དུ་གནམ་ལོ་གསར་ཚེས་རོལ་རྒྱུ་ཡིན།   འདི་ནི་ངས་རང་ཉིད་ལ་ངལ་གསོ་སྤྲོད་སྟངས་དང་།    རྣམ་དག་བརྩེ་དུང་ལ་གཅེས་འཛིན་བྱེད་ཚུལ་ཞིག་ཀྱང་ཡིན་བསམ་ཡོད།   ཐེངས་རྗེས་མའི་དབྱར་གནང་གི་དུས་ཚོད་སྤྱད་དེ་ང་ཁྱོད་ཀྱི་གམ་དུ་ཡོང་ཨེ་ཐུབ་འབད་རྒྱུ་ཡིན།   རི་ཆུའི་བར་ཐག་གིས་ཆོད་པའི་སྙིང་ཉེ་ལགས།   རྟག་པར་ལས་དོན་ལ་བྲེལ་བྲེལ་ནས་ཡོད་པའི་བུ་མོ་ཞིག་གིས།   སེམས་ཀྱི་གཏིང་རུམ་ནས་སྐྱེས་པ་ཞིག་ལོ་ཐོག་ཟླ་བརྩེགས་ཀྱིས་སྒུག་དགོས་པ་ནི་ལས་སླ་མོ་ཞིག་མིན་པར་ཤེས་ན་ཡང་།   ད་བར་ངས་ཁྱོད་ལ་མི་དགོས་པའི་དྲན་གདུང་མང་པོ་ཞིག་སྦྱིན་སོང་།   འདི་ལ་ངས་སེམས་རྣམ་དག་གིས་དགོངས་དག་ཞུ་འོས།   དོ་ཞག་ངའི་མིག་མདུན་དུ་གདམ་ཀ་གཉིས་ཡོད།   སྤྱི་ཚོགས་འདིའི་ཡོད་ཚད་ཀྱི་ཡོད་ཚད་ལྟ་བུ་སྟེ།   རྒྱུ་དང་འབྱོར་བ་དཔལ་དང་སྙན་གྲགས་དོར་ནས། ཁྱོད་ཀྱི་གམ་དུ་ལོག་ཅིང་ཆེས་སྤྱིར་བཏང་གི་མི་ཚེ་སྟེ་རང་ཁ་སོས་ཙམ་གྱི་འཚོ་རྒྱུ་དང་།   ཡང་ན་ང་རང་སྤྱི་ཚོགས་ཀྱི་འུར་ཟིང་དང་འགྲོགས་ནས་མི་ཚེའི་ལམ་ཐག་རིང་པོ་རང་གི་འདོད་འདུན་གྱི་ཆེད་དུ་མཐའ་གཅིག་ཏུ་གཞོལ་ཨེ་ཐུབ་བརྩོན་རྒྱུ་གཉིས་ཡིན།   གལ་ཏེ་དེ་གཉིས་གང་ཡང་མི་འགྲུབ་པ་ཤེས་རྟོགས་བྱུང་ཚེ་ང་རང་མུ་མཐུད་འཇིག་རྟེན་འདིར་གསོན་དགོས་མིན་ལ་རྣོ་བསམ་གཏོང་རྒྱུ་ལས་གཞན་ཡང་མེད།   
 
ཐེངས་རྗེས་མའི་འཕྲིན་པ་ལོ་སར་གྱི་རྗེས་ལ་འབྲི་ཨེ་ཐུབ་འབད་ཡོང་། 
                   ཡུལ་ཁྲིན་ཏུའུ་མུན་པའི་གླིང་ནས།  ༢༠༡༩  ༡  ༢༠
                                           རྩོམ་སྒྲིག་པ། མྱི་གསར་བ།