​སྟོན་མཇུག་གི་རླུང་།

    རྩོམ་པ་པོ། འབྲོག་སྨྱུག


སྟོན་མཇུག་གི་རླུང་།  
 
                      འབྲོག་སྨྱུག རྨ་ལྷོ།


 

      འགྲུལ་བཞུད་ཅིག་གི་སྣེ་རུ་སྟོན་མཇུག་གི་རླུང་བུ་དཀྲིས་ཏེ་གངས་རི་དང་རྩྭ་ཐང་དུ་ལོག་དུས།    ཁྱེད་རང་སྦྲང་དཀར་རྩམ་པའི་དྲི་ངད་བསྣམས་མཁན་གྱི་གནས་མལ་དྲོད་མོ་ཞིག་སྟེ།    ཡང་ན་གཉིད་ལྕོག་རྒྱག་བྱེད་ཀྱི་རོལ་དབྱངས་སྙན་མོ་ཞིག   ཁྱེད་ཀྱི་པང་ལ་ལོག་དུས་མེ་ཕུང་སྐོར་བྲོ་འཁྲབ་ཀྱིན་ལྷིང་འཇགས་ལ་བསྙལ།   སྟོན་མཇུག་གི་རླུང་ལ་བཅིབས་ཏེ་མཚོ་མཐའི་རླུ་བུ་བསིལ་བསིལ་གྱི་ཁ་རུ་སླེབས་ན།   མཚོ་མོ་ལྟེམས་ལྟེམས་ངང་དགའ་སྐྱོ་ཡིས་གཏིང་མཐའ་མི་མངོན་པར་བྱས།   གསེར་གྱི་གླིང་ཕྲན་སྟེང་གི་ལྷིང་འཇགས་དང་མཛེས་སྡུག    ཉི་མའི་གྲོང་གི་འོད་སྣང་དང་མཁའ་དབྱིངས་མཐའ་དག་མཚན་མོའི་མུན་ལ་འཐིམ།   སྟོན་མཇུག་གི་རླུང་བུས་ཤ་གསེང་རུས་གསེང་ལ་གཡབ་གཡུག་བྱེད་ཀྱིན་ཚོར་བའི་སྒོ་ཟྭ་རེ་རེ་ཐྲིག་ཐྲིག་ཕྱེས་དུས།   སྙན་ངག་ནི་ཉི་མའི་གྲོང་གི་བྱ་ཁྱུ་བཞིན་ཕྱོགས་ཕྱོགས་སུ་མཆེད་ནས་ཆེས་རིང་བའི་འགྲུལ་བཞུད་ཅིག་བརྩམས་ཕྱུང་།    བརྟན་བརླིང་གི་རི་ཚོགས།    རྒྱང་བཞུར་གྱི་ཆུ་བོ།   འདས་མ་ད་གསུམ་གྱི་གཏམ་རྒྱུད་རེ་རེ་སྙན་ངག་གི་འགྲུལ་བཞུད་ཁྲོད་དུ་མཐོང་ཐུབ།   ཚོར་བའི་རྩིག་ལྡེབས་སུ་འབྱར་ཞིང་དྲན་པའི་མེ་ལོང་ལས་འཆར་ཐུབ།    

 

       ཁེར་རྐྱང་གི་གནས་མལ་འཚོལ་བའི་ཕྱེ་ལེབ་ཁྱུ་ཞིག་གི་མཁའ་དབྱིངས་སུ་སྟོན་མཇུག་གི་རླུང་བུ་བསིལ་བསིལ་ལྡང་བྱུང་།   ཕྱེ་མ་ལེབ་ཀྱི་གཞས་གཏོང་ཚུལ་ནི་ཤིན་ཏུ་མི་འདྲ་སྟེ།   ཕྱོགས་གཅིག་གིས་མཚན་མོ་གཏོང་ལ་གཅིག་ཤས་ཀྱིས་ཉིན་མོ་གཏོང་བར་བྱེད།   ཁོ་ཚོའི་གཏམ་རྒྱུད་ནི་ཚེ་སྲོག་གི་གླུ་སྒྲ་རེ་རེ་དང་ཁོ་ཚོའི་མིག་ཟུང་ནི་མཚར་སྡུག་གི་ལང་ཚོ་རེ་རེ་ཡིན།  ཕྱེ་མ་ལེབ་གྱི་གཤོག་སྟེང་གི་དངུལ་ཆུ་རེ་རེ་རྡོག་པོ་དང་རྡོག་པོ་བྱས་ཏེ་རྒྱ་མཚོའི་ངོས་སུ་གཏོར་ལ།   རྩྭ་ལྗང་དང་ལོ་མའི་གསེབ་ཏུ་གཏོར།    སྟོན་མཇུག་གི་བསིལ་རླུང་ལྡང་དུས་ཀྱི་ཕྱེ་ལེབ་ཁྱུ།  ནམ་མཁའ་སྔོན་པོ་དང་གསེར་གྱི་ས་གཞི་རུ་འཕུར་བསྐྱོད་ཀྱི་གཤོག་རླབས་མཐོ་རུ་བཏེགས་ཏེ་རྒྱང་ནས་རྒྱང་ལ་མཆེད་ནའང་།   ཆར་ཟིལ་བབས་པའི་ཞོགས་པ་རེ་རེ་གངས་ཀྱི་དབུས།  ཆུ་བོའི་མགོ   ས་ཡི་ཐིག་ལེ།   སྦྲ་གར་དང་མེ་ཏོག་གི་ཞིང་ཁམས་སུ་རྒྱུ།    ཕྱེ་མ་ལེབ་ཀྱིས་ཚེ་སྲོག་ལས་རྩ་ཆེ་བ་མེ་ཕུང་སྐོར་བྲོ་འཁྲབ་རྒྱུ་དེ་ཡིན།   མེ་ཕུང་རེ་རེ་ཡི་སྔ་རྗེས་སུ་གཞས་གཏོང་ཚུལ་རེ་རེ་ཡོད་ལ།   རྩྭ་ཐང་ཡངས་ཤིང་ཆེ་བ།   རི་ཚོགས་བརྟན་ཞིང་བརླིང་བ།   ཆུ་བོ་སྐྱོམ་ཤུགས་ཆེ་བ།   འདི་དག་གིས་སེམས་ཀྱི་གཞས་མཚོན་ལ།  འདི་དག་གིས་སེམས་ཀྱི་འདུན་མའང་མཚོན།    དེ་དག་ནི་ཕྱེ་ལེབ་སྣ་ཚོགས་ཀྱི་ཡུལ་དང་གནས་མལ་ཡིན།  

 

      སྟོན་མཇུག་གི་རླུང་།   ཁྱེད་ལ་རྣམ་ཤེས་ཡོད་པས་མཚན་མོ་གཙང་ངོགས་སུ་ཡོད་ལ་ཉིན་མོ་སེམས་གཏིང་དུ་ཡོད།   སྤྲིན་པའི་འགྱུར་བག་ལས་རླུང་གིས་མི་སེམས་བདས་མྱོང་ལ།   མཚན་མོའི་ལྷིང་འཇགས་ལས་རླུང་གིས་རྨི་ལམ་གྱི་གསང་བ་སྒོམ་མྱོང་།    རླུང་ནི་འཇིག་རྟེན་སྟེང་གི་སྟོབས་ཤུགས་ཞིག་ཡིན་པས་རྒྱ་མཚོ་སྐྱོམ་ལ་སྤྲིན་པ་དེད།    རླུང་ལ་གར་དུ་རྩེན་མཁན་ནི་ཕྱེ་མ་ལེབ་དང་ང་ཡི་སྙན་ངག་ཡིན་ལ།    རླུང་ཁ་ཟས་སུ་སྒོམ་མཁན་ནི་སྨག་རུམ་ཁྲོད་ཀྱི་སྤྱང་ཁུ་ཡིན་ལ་ང་ཡི་སྙན་ངག་ཀྱང་ཡིན།   རླུང་ལ་མཐོ་དམའ་མེད་ལ།    རླུང་ལ་ཕྱོགས་དང་རུས་སུ་མཆེད་པ་མེད།   བདེན་དང་རྫུན་གྱི་དབྱེ་བའང་མེད།     རླུང་གི་རྩིག་ལྡེབས་སུ་དཔྱངས་པའི་སྙན་ངག་རེ་རེ་ཉི་མཚན་མེད་པར།   ཁ་དོག་མེད་པར་དུས་དང་གནས་ངེས་མེད་དུ་གཡོ་བཞིན་ཡོད།   

 

     རླུང་དང་ཕྱེ་ལེབ་ད་དུང་སྙན་ངག་གསུམ་ནི་མཚན་མོ་ཞིག་གི་སྐར་འོད་ཡིན།     ད་དུང་རྨི་ལམ་ཁྲོད་ཀྱི་རི་མོ་ཡིན།   ང་སྟོན་མཇུག་གི་རླུང་ལ་དགའ་བ་ནི་ཕྱེ་མ་ལེབ་འཚོལ་འདོད་པས་ཡིན་ལ།   ཕྱེ་ལེབ་འཚོལ་བ་ནི་སྙན་ངག་འབྲི་འདོད་པས་ཡིན།  འོད་ལ་འོད་བསྣན་པ་དང་ཆུ་ལ་ཆུ་ཞུགས་པ་ལྟར།  རླུང་། ཕྱེ་ལེབ།  སྙན་ངག་གསུམ་ག་ང་ཡི་སྙིང་ཉེ་བའི་སྨྲ་སྒོ་ཡིན།  ཐོབ་ཤོར་དང་མིག་ཆུ་མང་བའི་དུས་སུ་རླུང་གིས་གཡབ་གཡུག་བྱེད་ངེས།   རླུང་ནི་ང་རྒྱལ་དང་ཕྲག་དོག་མེད་པར་སྐྱེས་ཆེན་སུ་ཞིག་གི་སྙིང་གཏམ་དང་འདྲ།    ཁེར་རྐྱང་དང་སུན་སྣང་མོད་པའི་དུས་སུ་ཕྱེ་མ་ལེབ་ཀྱིས་སེམས་གཡེངས་པར་བྱེད་དུ་བཅུག་ལ།    ལྷ་ཡུལ་དང་མི་ཡུལ།   འཇིག་རྟེན་དང་དམྱལ་བར་མི་རྟོགས་པར་རང་ཉིད་རང་ཉིད་ལ་གནས་ཐུབ།     ཁེར་རྐྱང་གི་བསམ་གཞིགས་རེ་རེ་སྙན་ངག་གིས་སེལ་ནུས་པས་སྟོན་རླུང་རེ་རེ་གྲོགས་སུ་སྡོངས་ནས་མཐའ་དང་དབུས་མེད་པར།   ཕྱེ་མ་ལེབ་ཅིག་དང་འདྲ་བར་བསྐྱོད་བཞིན་མཆིས།  ང་ཡི་སྙན་ངག     བདག་གིས་བྲིས་པའི་སྙན་ངག་ནི་ཧ་ཅང་རྒྱང་རིང་དུ་གནས་པ་མ་ཡིན་ལ།   རང་ཉིད་ལ་རྟོགས་པ་ཞིག་ཀྱང་མ་ཡིན།   སུའི་ཁེར་རྐྱང་གི་སྙིང་ག་རུ་གནས་ཐུབ་ལ།   སུའི་བརྩེ་དུངས་ཀྱི་གཏམ་བརྗོད་ལ་གནས་ཐུབ་བོ།།
                                 2018   6  7 གྱི་ཞོགས་པར་སྦྱར།   

                           རྩོམ་སྒྲིག་པ། མྱི་གསར་བ།