ཆུ་འགོ་དེར།

    རྩོམ་པ་པོ། གཡུ་རྔོག་ལུང་རྟོགས།


ཆུ་འགོ་དེར།


                གཡུ་རྔོག་ལུང་རྟོགས།

ལན་རེར། ང་ཚོ་ཡང་ཆེས་སྙིང་ཉེ་ཞིང་ཆེས་དྭངས་གཙང་གི་གནའ་དེང་མའི་ཆུ་འགོ་དེར་ཐེངས་གཅིག་ཐོན་ངེས། དེར་ཐོན་དུས། བྱིས་པ་མེ་ཏོག་གི་ཚལ་དུ་སོང་བ་ལྟར། སེམས་ཀྱི་ནང་དུ་སྐར་མའི་མགུལ་རྒྱན་བསླེས་ཆོག ཡིད་ཀྱི་གཞུང་དུ་རི་ཆུས་རྩེད་ར་བསྒྲིག་ཆོག ཚོར་བའི་པང་ནས་རླུང་བུས་གཞས་ཆུང་བཏང་ཆོག རྟོག་པའི་མཁའ་རུ་ཉི་ཟླའི་དཀྱིལ་འཁོར་བྲིས་ཆོག 

མདོར་ན་འཆར་ཡན་གྱི་གཙང་བོ་རབ་མེད་དེ་ནི། སྒྱུ་འཕྲུལ་གྱི་སྣང་ཁམས་བཞིན་ཕྲ་རབ་ནས་རི་རབ་ཀྱི་བར་ཏུ་བསྒྱུར་ཆོག་ཅིང་། རི་བོ་དང་ཆུ་བོ་མ་ལུས་མེ་ཏོག་ཏུ་བཟོས་ཏེ་སྙིམ་པར་འཆང་ཆོག ཡང་ན་སྒྱུ་འཕྲུལ་གྱི་ཆུ་འགོ་དེ་རུ། མུན་པའང་སྣང་བའི་ངོ་བོར་བསྒྱུར་ཆོག་ལ། སྡུག་བསྔལ་ཀྱང་བདེ་སྐྱིད་ཀྱི་རྣམ་པར་འགྱུར་འགྲོ་ཨང་། 

ཆུ་འགོ་དེར། རབ་ཏུ་འཁྱག་པའི་འཁོར་བའི་ཟང་ཟིང་དང་། བདེ་སྡུག་དང་། འགལ་འདུ་མ་ལུས་གྱོན་གོས་བཞིན་ཕུད་ནས། སྐྱི་པགས་ཀྱང་རྔུལ་ལེན་བཞིན་ཕུད་ནས། ཚེ་གང་གོན་པའི་གདོང་འབག་ཕུད་ནས། ཐ་ན་སྐྲ་དང་ཁ་སྤུ་མ་ལུས་རྐང་འབོབ་ནང་བཞིན་ཕུད་ནས། དེང་མ་ཨ་མའི་པང་ནས་ཐོན་པ་ནང་བཞིན། གཅེར་རྗེན་དུ་བུད་ཆོག་ཨང་། དེ་ནི་བདེ་སྐྱིད་ཅིག་ཡིན་ཨང་།
                           ༢༠༡༨ལོའི་ཟླ༧པའི་ཚེས༣༡ཉིན།


སྒེའུ་ཁུང་།
 
མི་རེ་རེའི་ནང་སེམས་ཀྱི་སྒེའུ་ཁུང་མ་ལུས་བར་དར་དཀར་གྱི་ཡོལ་བ་དཔྱངས་འདུག་པས། བལྟས་ཚོད་ཀྱིས་ཚང་མ་ཁྱད་མེད་པ་ལྟར་སྣང་མོད་ཀྱང་། དོན་དམ་དུ་ནི་སྒེའུ་ཁུང་རེ་རེའི་དབྱིངས་དང་ཆེ་ཆུང་། ད་རུང་དྭངས་གསལ་ཡིན་མིན་དང་། ཁ་གང་ཕྱོགས་སུ་གཏད་ཡོད་མེད་སོགས་རྣམ་པ་སྣ་ཚོགས་ཏེ། མེ་ཏོག་ཁྲ་ཆིལ་ལེར་བཞད་པའི་གླིང་ག་ཞིག་དང་འདྲ།  སྒེའུ་ཁུང་ཁ་ཅིག་ནི། བལྟས་ཚོད་ཀྱིས་ཧ་ཅང་ཆེན་པོར་སྣང་ནའང་། དེའི་ནང་གི་མཐོང་ཚད་དང་འོད་སྣང་གི་ཤོང་ཚད་ནི་ཧ་ཅང་དོག ཁྱོད་རང་དེའི་ཁར་འགྲེང་སྟེ་སྐར་མ་འགར་བསྡད་ན་ཧ་ཅང་སུན་སྣང་སྐྱེ་སྲིད། 

ཡང་སྒེའུ་ཁུང་ཁ་ཅིག་ནི། མིག་ལ་ཧ་ཅང་མཛེས་ནའང་། དེ་ནི་ཤིན་ཏུ་དོག་པས། ཁྱོད་རང་དེའི་ཁར་འགྲེང་ན་རང་ཉིད་ཀྱང་མི་ཆེན་ཞིག་ཡིན་པའི་སྣང་བ་སྟེར་བས་དོགས་བདེ་མོ་ཞིག་མིན། སྒེའུ་ཁུང་ཁ་ཅིག་ནི། འབྱོང་འབྱོང་བྱ་སྒོང་དང་འདྲ་བ་ཞིག་སྟེ། ཁྱོད་རང་དེའི་ཁར་འགྲེང་ནས་དུས་ཚོད་ཡུན་རིང་ཕྱིན་ན་སླར་ཡང་སྒེའུ་ཁུང་གྲུ་བཞིན་ཞིག་གི་ཁར་འགྲེང་ནས་ཇ་མཆོད་ཨང་སྙམ་ཡོང་། དེ་ཡང་ཁྱོད་ལ་མི་མཛའ་བའི་རྟགས་སུ་འཁུམས། .....

སྒེའུ་ཁུང་ཁ་ཅིག་གི། མདོག་དང་དབྱིབས་འགྲིག་ཡོད་ནའང་། ཁྱོད་རང་དེའི་ཁར་འགྲེང་སྟེ་སྙན་ངག་བྲིས་ན། དེ་ནི་དེ་འདྲའི་ཁུ་སིམ་དང་ལྷིང་འཇིགས་ཤིག་མ་ཡིན། མ་གཞིའི་དེའི་རིགས་ཀྱི་ཁ་གཏད་ཕྱོགས་འགྲིག་མེད་པས་ལོས་ཡིན་སྙམ་སྟེ། སྒེའུ་ཁུང་དེའི་རིགས་ཀྱི་ཁ་གཏད་ཕྱོགས་ནི་ཉི་འོད་མ་ཡིན་པར་གཏི་མུག་ཡིན། བརྩེ་བ་མ་ཡིན་པར་འདོད་ཆགས་ཡིན། ཞི་འཇམ་མ་ཡིན་པར་ཞེ་སྡང་ཡིན། ཡི་རང་མ་ཡིན་པར་ཕྲག་དོག་ཡིན་པ་བཅས་ཀྱིས། ནམ་ཞིག་ཁྱོད་རང་སྒེའུ་ཁུང་དེའི་རིགས་ཀྱི་མིང་ཐོས་པ་ཙམ་གྱིས་ཀྱང་ནང་སེམས་སུ་ཚེར་མའི་མེ་ཏོག་བཞད་པར་མི་འགྱུར་གྲང་།

དེ་བས། མི་ཡུལ་ནི་ཧ་ཅང་འུར་ཟིང་ངེ་ཡོད་ནའང་། སྒེའུ་ཁུང་མང་པོ་ཞིག་ནམ་ཡང་ནག་སྟོང་ངེར་ཁེར་རྐྱང་གི་ཀློང་དུ་འཁྱམས་ཡོད། མི་ཡུལ་ནི་གྲོག་ཚང་རྡོལ་བ་ནང་བཞིན་སྐྱེ་འགྲོ་ཡིས་ཁེངས་ཡོད་ནའང་། སྒེའུ་ཁུང་མང་པོ་ཞིག་ཕྱི་ནས་ཁྭ་ཏ་དང་ཁུ་བྱུག་གིས་ཁེངས་ནས་ཡོད་ཀྱང་དེའི་ནང་དུ་བདེ་སྐྱིད་ཀྱི་ཁ་དབུགས་ཁམ་གང་ཡང་མེད། མི་ཡུལ་ནི་འབྱོར་ཕྱུག་དང་གྲགས་སྙན་གྱིས་ཚོས་ནས་ཡོད་ནའང་། སྒེའུ་ཁུང་མང་པོ་ཞིག་གི་ཤེལ་སྒོའི་ངོས་སུ་དྲེག་པ་ཆགས་ཤིང་དྲྭ་ཟྭ་ལ་རྟག་ཏུ་བཙའ་ཆགས་ནས་ཡོད། 

དེ་བས། འཇིག་རྟེན་འདིར་རང་ཉིད་ཀྱི་སྣང་བ་བྲོད་ཅིང་། སྙན་ངག་གི་འཇའ་ཚོན་སྤྲོ་ཆོག་སའི་སྒེའུ་ཁུང་ཞིག་གི་ཁར་འགྲེང་སྟེ་འཁོར་འདས་བར་གྱི་བརྩེ་གཞས་གྱེར་རྒྱུ་དང་། ནང་སེམས་ཀྱི་འཆར་ཡན་མ་ལུས་སྒེའུ་ཁུང་དེ་ལས་མི་ཡུལ་དུ་གཤོག་པ་སྤྲད་དེ་འཕུར་ཏུ་འཇུག་རྒྱུ་ནི། མི་སུ་ལ་མཚོན་ནའང་རབ་ཏུ་དཀའ་བའི་ལས་ཤིག་རེད་ཨང་།
                          ༢༠༡༨ལོའི་ཟླ༨པའི་ཚེས༡༢ཉིན།
 

རྟ་ཕོ།
 
རྟ་ཕོ་ཞིག་དྲན་པའི་ཚོར་བ་ནི་ཐ་སྙད་ཀྱིས་མགར་ཐབས་མེད་དུ་སྲིད་ཀྱང་། ངས་རང་ཉིད་ཀྱི་སྐད་ཅིག་མ་རེ་རེའི་ངོས་ཀྱི་ནང་སེམས་ཀྱི་དབྱངས་རྟ་མ་ལུས་ཐོ་རུ་བཀོད་དེ། མི་ཚེ་ཞེས་པའི་གཏམ་རྒྱུད་འདིའི་ནང་གི་ལྷུ་ལག་རེ་རེེ་བློ་ཞིབ་མོས་བཟོ་བར་ཧམ་སེམས་སྐྱེ། 
དེ་ནི་ཞོགས་པ་ཧྲིལ་བོ་ཞིག་ལ། རྟ་ཕོ་དེས་ང་ལ་སྙན་ངག་འབྲི་བའི་སེམས་ཁམས་གཙང་མ་ཞིག་གནང་བ་ཁོ་ནས་མིན་ཀྱང་འཐུས་ལ། ལས་སྐལ་གྱི་གྲམ་པའི་ངོགས་སུ་ཆར་བར་བསྒུག་པའི་རྡེའུ་རེ་རེ་བཞིན། དཀའ་ངལ་དང་སྐྱོ་ཡུས་ཆེ་བའི་རྨི་ལམ་མཐའ་དག་ཞི་ལ་ལོང་བ་ཞིག་ཙུ་གུ་ཤི་རོ་ཞིག་ལ་འཕྲད་པའི་ལྟེས་དབང་ལྟ་བུ་མིན་པར་ཡང་ཤེས། 
ཡང་ན། རྨི་ལམ་གྱི་ཞིང་ཁམས་ནས་སེམས་ཀྱི་གོམ་སྒྲ་ཐོས་ཐུབ་པའི་རྟ་ཕོ་དེས། ང་ལ་རྔ་རྔོག་རླུང་ཁར་འཕྱོ་བཞིན་ཉི་ནུབ་ཀྱི་འོག་ཏུ་འཚེར་སྐད་སྙན་ལ་འཇེབས་པ་ཞིག་འཐེན་པས་ཡིན་ཀྱང་བླ།
གང་ལྟར། ངའི་ནང་སེམས་ཀྱི་གཙང་བོའི་རབ་ཁར་རྟ་ཕོ་ཁམ་པ་ཞིག་གིས། སྒྱུ་འཕྲུལ་གྱི་རྔ་རྔོག་སྦྲུགས་གིན་གཉིད་ཐུན་ཡུན་གཅིག་ལྟ་བུའི་མི་ཚེ་དབྱར་གཞུང་བརྒལ་ནས་བུད་སོང་། 
རྟ་ཕོ་དེས་ང་ལ་བཞག་པ་ནི། རབ་རིབ་ཀྱི་སྣང་བརྙན་སྒམ་གང་དང་། ད་རུང་གཞན་དུ་རྟོག་འགྱུའི་རྦ་རླབས་ལ་འཇགས་པར་དཀའ་བའི་ངམ་ནག་པའི་རྒྱ་མཚོ་ཞིག་རེད། 
བཙའ་ཆགས་པའི་མེ་ལོང་འདི་ལས་ནམ་ཞིག རྟ་ཕོ་ཁམ་པ་ཞིག་འཚེར་སྐད་ལྷང་ལྷིང་གིས་ཕྱིར་སླེབས་པར་རེ་བ་མེད་པ་མ་ཡིན་ཏེ། ངས་ནི་རྟ་ཕོ་ཁམ་པ་དེ་ཡུལ་ཕྱོགས་གང་དུ་སོང་ཡང་རང་དབང་གི་རྔ་རྔོག་ལ་སྡིག་སྒྲིབ་ཀྱི་ལག་པ་གང་གིས་མི་འགོམ་པར་སྨོན་ལམ་འདེབས་གི་ཡིན། རེ་བ་རྒྱག་གི་ཡིན། 
             ༢༠༡༨ལོའི་ཟླ༨པའི་ཚེས༢༢ཉིན།


                                            རྩོམ་སྒྲིག་པ། མྱི་གསར་བ།