གྱེས་བྲལ་ཐེངས་གཅིག་གི་རྗེས་སུ།

    རྩོམ་པ་པོ། སྙུག་སྲས།


གྱེས་བྲལ་ཐེངས་གཅིག་གི་རྗེས་སུ།
ཞར་བཀོད་གཅིག

 

                    སྙུག་སྲས། དཔལ་ཤུལ་རྨེ་བ།



ཞོགས་པ་འདིར་ངས་རང་གི་མིག་མདངས་ལས་མཐའ་ཡས་པའི་སྐྱོ་གདུང་གི་རབ་ཁ་མཐོང་བྱུང་།  གྱེས་བྲལ་ཐེངས་གཅིག་གི་རྗེས་སུ་ད་གཟོད་ལོག་ཕེབས་ལ་རིན་ཐང་ཡོད་པའང་ཚོར་བྱུང་།  ངུ་ཁ་རྐྱེན་པའི་དགའ་སྡུག་གི་གྲུ་ག་རེ་རེ་ནི་མི་ཚེའི་ཀྱག་ཀྱོག་གི་ལམ་ཁ་རེ་རེ་དང་མངར་ལ་སྐྱུར་བའི་འགྲུལ་བཞུད་ཀྱི་ས་ཚིགས་རེ་རེ་ཡིན་པས།  འུ་ཅག་ཉི་ནུབ་ཀྱི་མགྲོན་པོ་བཞིན་གནས་འདིར་འཛོམས་ཤིང་།  སོ་སོ་དྲན་པ་དང་རྨི་ལམ་མང་སའི་ལུང་ཁུག་དེ་རུ་བཞུད་དགོས་པ་མ་ཡིན་ནམ།  ལྡོག་ཏུ་མེད་པའི་ལས་སྐལ་དེས་འུ་གཉིས་ཀྱི་བར་ལ་བཟོད་མི་ཐུབ་པའི་དྲན་གདུང་གི་དམ་ཚིག་ཅིག་བཞེངས་པའང་ཅི་འདྲའི་ཡིད་དུ་འོང་ཞིང་བློ་ལ་འབབ་པ་ཞིག་རེད་ཨང་།  ཁྱོད་རང་སྔ་མོ་ནས་ས་སྲོད་ཀྱི་མཚར་སྡུག་ཁུར་ཏེ་རྒྱང་རིང་ལ་བཞུད་རྗེས།  ང་རང་ཁེར་རྐྱང་གིས་ནང་སེམས་དྲགས་ཏུ་འཕྱོ་བའི་རྦ་རླབས་རེ་རེ་མིག་མཐའ་རུ་འཕྱོ་དགོས་པས།  བཞུད་ཟིན་པའི་མི་ལ་ལྷོད་ཡངས་ཀྱི་བདེ་མོ་ཞིག་ཀྱང་འཇོག་ཁོམ་མ་བྱུང་ལ།  དགུན་ཁའི་ནང་མོའམ་ས་སྲོད་རེ་རེར་ང་ལ་ཕྱིར་མིག་དང་བདེ་མོ་བཞག་མྱོང་བའི་མི་ལ་ཁ་བརྡ་ལྷོད་མོ་ཞིག་ཀྱང་བྱེད་རྒྱུ་མ་བྱུང་།  སྐྱོ་གདུང་ནི་བུ་ཡུག་བཞིན་ཚད་མེད་པའི་བདག་གི་སེམས་ཀྱི་མྱ་ངམ་ཐང་ལ་ཡང་ཡང་གཡུག་གིན་འདུག  ཕ་མཐའ་མི་ཟིན་པའི་རྒྱང་བཞུད་རེ་རེ།  མྱ་ངམ་ཐང་གི་ཁ་དོག་བཞིན་མི་ཚེའི་སྐྱོ་གར་གྱི་སྟེགས་བུ་ནས་མངོན་ཐེངས་རེར། ཡུན་རིང་སེམས་སུ་ཉར་བའི་རེ་སྨོན་གྱི་མྱུ་གུ།  དཔྱིད་རླུང་གི་འགྱུ་བ་ཕྲ་མོ་དང་འགྲོགས་ཏེ་མ་འོངས་པའི་ལམ་ཕྲན་དུ་འཕུར།  མ་འོངས་པ་ནི་རེ་སྨོན་གྱི་སྐྱ་མདའ་བཀྱག་རྗེས་སྣུམ་ཤིག་གེར་མངོན་པའི་ཟིལ་བ་དེ་ཡིན་ནམ།  ཡང་ན་དཀར་གཙང་གཙང་གི་ཁ་བ་ལེབ་མོ་དེ་དག་ཡིན།

                   2018/ 08/ 23 སྦྲ་སྟོད་སྙུ་གུའི་ཚལ་ཏུ་བྲིས།

 

ནམ་ཞིག

 

ནམ་ཞིག་ཉི་འོད་ཀྱི་ཟེགས་མ་རེ་རེ་སྔར་བཞིན་སྒེའུ་ཁུང་དང་ཁ་ཚུབ་ལས་མཆེད་ཡོང་བ་ནང་བཞིན། སྐྱེ་འཆིའི་བཀའ་རྒྱ་ལ་ཐེབས་པའི་ཁྱོད་རང་ཕྱིར་ཕེབས་གནང་སྲིད་དམ།  བརྩེ་འདུན་གྱི་དྲན་གདུང་མནབས་ཏེ་ཕ་ཡུལ་གྱི་པང་དུ་མཚར་སྡུག་དང་བཅས་ལོག་ཡོང་བསམ་པའི་འདུ་ཤེས་ཀྱིས་ང་ཡི་རེ་སྒུག་གི་ཆུ་བོ་ལ་འཛད་པའི་དུས་ཤིག་མེད་དོ།། 

 

ནམ་ཞིག་ཙག་རླུང་གི་རྒྱུ་བ་འགག་པའི་དཔྱིད་ཀ་ཞིག་ལ།  ཁྱོད་ཀྱིས་རེ་སྨོན་གྱི་གཤོག་ཟུང་ཐོགས་ཏེ་ཡངས་པའི་རྨི་ལམ་གྱི་མཁའ་མཐའ་ནས་ལྡིང་སྐོར་ཡང་ཡང་རྒྱག་སྲིད་དམ།  བྱས་བསགས་ཀྱི་དར་རྒུད་རེ་རེ་མི་ཚེའི་གྲུ་ག་ནས་དགའ་སྡུག་དང་བཅས་ཏེ་རོ་མྱོང་བྱ་དགོས་སམ།  འཆི་འཕོ་ནི་མཛེས་སྡུག་ཅིག་ཡིན་སྲིད་ལ་གཏིང་མི་དཔོག་པའི་སྡུག་བསྔལ་ཞིག་ཡིན་ཀྱང་སྲིད། 

 

ནམ་ཞིག་འུ་ཅག་ནུབ་ཁའི་མགྲོན་པོ་བཞིན།  མོག་མོག་གི་རྒྱབ་གཟུགས་ཁུར་ཏེ་དེ་རྒྱང་རིང་ལ་ལོག་དགོས།  རྒྱང་རིང་ནས་ཞེན་ཆགས་ཀྱི་མིག་ཆུ་གཏོང་དགོས།  སོ་སོའི་ནང་སེམས་ཀྱི་སྙི་ས་ཞིག་ནས་སོ་སོ་དྲན་པ་ནི་ན་ཟུག་ཅིག་ཡིན་ཅིང་།  ནམ་ཡང་ཕྱིར་ལྡོག་མི་ཐུབ་པའི་རྒྱང་རིང་དང་རྒྱང་རིང་གི་བར་ཐག་ཞེ་ལ་སྒོམ་དགོས་པ་ནི་རྣམ་དག་གི་དྲན་པ་དེ་ཡིན་འོས་ལ།  དྭངས་གཙང་གི་བརྩེ་བ་དེའང་ཡིན་འོས། 

 

ཀྱེ། ཕུགས་བསམ་གྱི་རྒྱལ་ཁབ་སྲུང་བའི་གངས་རི་ལགས།  ནམ་ཞིག་ང་རང་ཉི་ཟླ་དང་ཁ་ཐག་རིང་བའི་གྲོང་ཁྱེར་དུ་ལོག་མི་དགོས་པའི་སྨོན་ལམ་ཡང་ཡང་རྒྱག་གིན་ཡོད།  ནམ་ཞིག་ང་རང་མཐའ་ཡས་པའི་རྩྭ་ཐང་གི་པང་དུ་ལོག་པའི་སྟ་གོན་ཡང་ཡང་བྱེད་ཀྱིན་ཡོད།  གངས་རི་དང་རྩྭ་ཐང་ཁོ་ན་ཚེ་སྲོག་གི་བཞུར་རྒྱུན་དྭངས་མོ་དེ་ཡིན་པས་དྲན་འདུན་གྱི་ཟབ་ས་རུ་ཡང་ཡང་བསྒོམ་ཡོད། 

 

ནམ་ཞིག་མི་ཚོགས་སྔར་བཞིན་བྲེལ་ཟིང་གིས་མདུར་ནའང་།  ངས་ཁྱོད་རང་དྲན་པ་ནི་འགན་འཁྲིའམ་སྡིག་སྒྲིབ་ཅིག་ཏུ་བསམ་ཏེ།  འགྱོད་བཤགས་དང་གནོང་འགྱོད་ཀྱི་སྐྱབས་འཇུག་ཡང་ཡང་ཞུ་ངེས།  དེ་ནི་འཇིག་རྟེན་དཀར་ངོགས་སུ་ཁྱོད་ལ་ཞུ་མ་ཐུབ་པའི་དགོངས་དག་དང་བརྩེ་བའི་མཆོད་པ་ཡིན།  དེ་ལྟ་ནའང་ད་ལྟ་འུ་ཅག་འཇིག་རྟེན་གཅིག་ནས་འཚོ་བའི་སྐལ་བ་དབེན་སོང་།

 

ནམ་ཞིག་ཁྱོད་ཀྱང་བདག་གི་གྲུ་ཟུར་ཅིག་ཏུ་གྲ་སྒྲིག་དང་གོ་རིམ་གང་ཡང་མེད་པར་ལོག་སྲིད།  འཇིག་རྟེན་ཆ་མེད་འདིའི་ཕྱི་དྲོའམ་མཚན་མོ་ཞིག་ལ་འུ་གཉིས་རྩྭ་ཐང་ནས་འཛོམས་སྲིད།  སྦྲ་ནག་དང་ནོར་ལུག་གི་མཐའ་ནས་འཛོམས་སྲིད།  དེ་ལྟནའང་ཕན་ཚུན་ངོ་ཤེས་མི་སྲིད།  ནང་སེམས་ཀྱི་དགའ་སྡུག་དང་ཞེན་ཆགས་ཚང་མ་ཡང་བརྗེད་འགྲོ་སྲིད། 

                             2018/5/23 ཕ་ཡུལ་ཏུ་བྲིས། 
                                  
རྩོམ་སྒྲིག་པ། མྱི་གསར་བ།