ཉི་ནུབ་ལ་སྨོན་པ།

    རྩོམ་པ་པོ། བསམ་འགྲུབ་རྣམ་རྒྱལ།


ངའི་མིང་ལ་བསམ་འགྲུབ་རྣམ་རྒྱལ་ཟེར། ཕ་ཡུལ་ཁམས་ཕྱོགས་སྡེ་དགེ་འཇོ་མདའ་ནས་ཡིན། ཆུང་སློབ་གྲྭ་འགྲིམས་ཐུབ་ཙམ་ནས་ད་བར་རང་ནུས་གང་ཡོད་ཀྱིས་བོད་སྐད་ཡིག་གཙོས་པའི་རིག་གནས་གཞན་དག་ལ་སྦྱོང་བ་མི་དམན་པ་བྱས་མྱོང་། ད་ལྟ་རྩོམ་འབྲིའི་བྱ་བ་ལ་འབད་བཞིན་པའི་སློབ་མ་སྤྱིར་བཏང་བ་ཞིག་ཡིན།  ད་བར་མིག་སྔར་ངོམ་ཆོག་པའི་བྱས་རྗེས་ཅི་ཡང་མེད་ཀྱང་། གལ་ཏེ་ཡིན་ཅིག་ངོ་སྤྲོད་ཞིག་གནང་དགོས་ཚེ། ང་ནི་སྐྱེ་བ་འདིར་ཤེས་བཞིན་དུ་རྒྱུ་འབྲས་རྡོག་རྫིས་མི་གཏོང་བའི་དམ་བཅའ་ཡོད་མཁན་ཞིག་ཡིན་ཅེས་སྨྲ་ཆོག

ཉི་ནུབ་ལ་སྨོན་པ།

 
                          བསམ་འགྲུབ་རྣམ་རྒྱལ།

ང་དོ་ཞག་གློ་བུར་དུ་ཉི་ནུབ་ལ་ཞེ་དྲག་བལྟ་དགོས་མཁན་ཞིག་ཏུ་གྱུར་སོང་། ཉི་ནུབ་ལ་བལྟས་ཤིང་བལྟས་ནས་ཉི་ནུབ་ལ་བརྩེ་དུང་ཞིག་ཀྱང་ངང་གིས་ཤོར་འདུག  ང་དོ་ཞག་ཉི་མ་ནུབ་པར་དགའ་བ་ལས་ཉི་མ་ཤར་བར་དགའ་བོ་དེ་ཙམ་མེད་མཁན་ཞིག་ཏུ་གྱུར་སོང་། དོ་ཞག་ལྷག་ཏུ་ཉི་མ་ཤར་བ་ལ་ཞེན་པ་ལོག་མཁན་ཞིག་ཏུ་གྱུར་འདུག  དེ་ནི་ཉི་མ་ཤར་བ་ནས་མཐོ་དམན་མི་མཉམ་པའི་སྤྱི་ཚོགས་འདི་རུ་འགྲོ་དགོས་པས་ཡིན་འདུག་ལ།  དྲང་བདེན་དང་རྒྱུ་འབྲས་ལ་མོས་པའི་གཞོན་ནུ་ཞིག་གློ་བུར་དུ་སྤྱི་ཚོགས་ཏུ་ཆས་དགོས་པའི་དཀའ་ངལ་ལ་འཇིགས་པས་ཡིན་འདུག  དེ་བས་ཉི་མ་ནུབ་པ་བཞིན་འཇིག་རྟེན་དང་གྱེས་སོང་བ་ནི་བདེ་སྐྱིད་ཞིག་རེད་འདོད་ལ། ཉི་མ་ཤར་བ་བཞིན་འཇིག་རྟེན་དུ་སྐྱེ་བ་ནི་སྡུག་བསྔལ་ཞིག་རེད་བསམ།
 
འདི་ནས་རྒྱང་ལ་བལྟས་ན། མཁའ་མཐའི་སྤྲིན་པ་དལ་བུར་དལ་བུར་སྐྱོད་པ་མཐོང་ཡོང་། ཐག་རིང་ནས་ཐག་རིང་དུ་སྐྱོད་པ་མཐོང་ཡོང་། རྒྱང་རིང་དུ་མཛེས་སྡུག་གི་མ་འོངས་པ་ཞིག་ཡོད་དམ། ཡང་ན་སྐྱུག་མེར་བའི་གས་ཆག་ཁ་ཤས་ལུས་ཡོད།   མ་འོངས་པ་བསམ་ན་འདི་འདྲའི་འགལ་འདུའི་དྲི་བ་མང་པོ་ཞིག་རྦབ་ཆུ་བཞིན་བརྡོལ་ཡོང་། ང་ཚོ་ལ་དབང་བ་ནི་དུས་ཚོད་དང་ཧུར་བརྩོན་གྱི་སྟོབས་ཤུགས་ཁོ་ན་རེད། དུས་ཚོད་མང་པོ་མང་པོ་ཞིག་སྤྱད་རྗེས། ཧུར་བརྩོན་མང་པོ་མང་པོ་ཞིག་ཕྱུངས་རྗེས། ང་ཚོ་ལ་ཐོབ་པ་ནི་མཛེས་སྡུག་ཡིན་ནམ། མི་སྡུག་པ་ཞིག་ཡིན།  སུས་ཀྱང་ཁ་ཚོན་གཅོད་པར་དཀའ་བའི་མ་འོངས་པའི་འགྲུལ་བཞུད་རེ་རེ་ནི་ཅི་འདྲའི་དངངས་ཚབ་སྐྱེ་བ་ཞིག་རེད། མི་རེ་རེའི་ནང་སེམས་སུ་མཛེས་སྡུག་གི་མ་འོངས་པ་རེ་རེ་ཡོད་སྲིད།  དེའི་དོན་དུ་རི་རབ་དང་གཙང་པོ་མང་པོ་ཞིག་ཅི་མི་སྙམ་པར་བརྒལ་ཡང་སྲིད། དེ་ལྟར་ན་ཡང་དཀའ་ངལ་དང་སྐྱོ་གདུང་མང་པོ་ཞིག་མྱོང་རྗེས་ང་ཚོ་ལ་ཐོབ་པ་ནི་ཅི་ཞིག་ཡིན་སྲིད་དམ། དར་བབ་ཀྱི་ལང་ཚོ་ལ་རྒས་གཉེར་མའི་རི་མོ་དོད་དུས་ང་ཚོ་ལ་ཡང་སྙིང་ཅི་ཞིག་ཐོབ་ཡོད་སྲིད་དམ། ཁ་ཚོན་ཆོད་པོས་བཤད་ཐུབ་པ་ནི་ཁྱོད་ལ་ཐོབ་པ་ནི་འཆི་བ་ཡིན་སྲིད་ལ། འཆི་བ་ལས་གཞན་པའི་ནོམ་ཆེན་གྱི་དངོས་པོ་ཅི་ཡང་ཐོབ་མེད་ཀྱང་སྲིད། མ་འོངས་པ་བསམ་ན་དྲི་བ་འདི་དག་བློ་ལ་འཁོར་ཡོང་། དྲི་བ་འདི་དག་གིས་སྐབས་ཤིག་ལ་ཁྱོད་རང་སྨྲ་བ་མེད་པ་ཞིག་ཏུ་གཏོང་འགྲོ།འདི་དག་རེ་རེ་བཞིན་བསམ་ན་མ་འོངས་པ་ཟེར་བ་དེ་གླེང་མི་འདོད་པ་ཞིག་ཏུ་འགྱུར་འགྲོ སྔོན་ཆད་ངས་སྡོམ་ཚིག་འདི་འདྲ་ཞིག་མཐོང་མྱོང་། “སྐྱེ་བ་ནི་རྐྱེན་དབང་ཞིག་ཡིན་སྲིད་ཀྱང་། འཆི་བ་ནི་བྱས་རྗེས་ཅན་ཞིག་ཡིན་འོས”ཟེར་བ་དེ་རེད། དེ་དུས་བདག་སྡོམ་ཚིག་འདི་ལ་ཞེ་ཐག་པ་ནས་དགའ་ཞིང་རང་ངོས་ནས་ཀྱང་བྱས་རྗེས་ཤིག་འཇོག་ཨང་སྙམ་མྱོང་། ད་ལྟ་བསམ་ན་དེ་ནི་དངོས་གནས་རྙོག་དྲ་མང་པོ་ཞིག་མི་དགོས་བཞིན་སློང་བྱེད་ཀྱི་སྐད་ཆ་ཞིག་ཏུ་གྱུར་འདུག ཡང་ཡང་བསམ་ན་ངས་བྱ་བ་ཅི་ཞིག་གི་བྱས་རྗེས་འཇོག་ན་དགའ་མིན་མི་ཤེས་ལ། བྱས་རྗེས་ཤིག་འཇོག་ཐུབ་པའི་ཁུལ་བྱས་ཀྱང་དེ་ལ་དོན་སྙིང་ཇི་ཙམ་ཡོད་མེད་ཡང་མི་ཤེས། དོན་སྙིང་ཡོད་པའི་དབང་དུ་བཏང་རུང་མི་ཚོས་མུ་འཐུད་དུ་བསྒྲུབ་ཏུ་འཇུག་མིན་ཡང་དེ་བས་མི་ཤེས། རྒྱུ་རྐྱེན་དེ་དག་གིས་མ་འོངས་པ་བསམ་དུས་ཞེ་སྨྲེང་འོང་། ངས་དོ་ཞག་སྙིང་ལྕགས་ཀྱི་རྩོམ་ཡིག་མང་པོ་བཀླགས་པ་ཡིན། མི་ལོ་ཉེར་དྲུག་གི་སྒོ་ཐེམས་འགྲིམ་ཙམ་ཡིན་པའི་གཞོན་ནུ་ཞིག་འདི་ལྟར་ཁ་རོག་གེར་ང་ཚོ་དང་གྱེས་སོང་ཚུལ་ལ་བསམ་གཞིག་བྱས་པ་ཡིན།  དངོས་གནས་འཆི་བ་ནི་དེ་འདྲའི་ལས་སླ་མོ་ཞིག་རེད། སྐར་ཆ་ཁ་ཤས་ཀྱི་རྗེས་སུ་འཇིག་རྟེན་གྱི་དགའ་སྐྱོ་མ་ལུས་པ་དེ་འདྲའི་སྟབས་བདེ་མོས་དོར་ཐུབ་པ་ཞིག་རེད། སྐབས་རེར་སྙིང་ལྕགས་ཀྱི་གྱེས་སྟངས་ལ་ཡིད་སྨོན་གཏིང་ནས་སྐྱེ་ཞིང་། ངས་རང་ཉིད་གསོན་པ་ནི་མཛེས་སྡུག་གི་འཆི་བ་ལ་ངང་སྒུག་བྱ་རྒྱུ་ལས་གཞན་ཅི་ཡང་མིན་འདུག་ཨང་སྙམ། དཔེར་ན་ལུས་ན་ཚ་མེད་དུས། རྒས་གཉེར་མ་མེད་དུས། ནང་ཁྱིམ་ཚང་བདེ་དུས། མར་མེ་ཟད་པ་བཞིན་སྐད་ཅིག་གིས་ནག་ཐམ་མེར་ཤི་སོང་ན་དགའ་ཨང་སྙམ་བྱུང་། འོན་ཀྱང་ང་ལ་སྙིང་ལྕགས་ལྟ་བུའི་སྙིང་སྟོབས་མི་འདུག  བསམ་བློ་ཇི་ལྟར་བཏང་རུང་ཤི་བའི་བདེ་སྐྱིད་ཤེས་སོང་བ་ལས་ཤི་ཐུབ་པའི་གནས་ལུགས་མ་རྙེད།  ཁ་ཕྱིར་འཁོར་ནས་བསམ་ན། དྲིན་ཕ་མའི་སེམས་ཁྲལ་དྲན་ཡོང་། སྙིང་ཉེའི་མིག་ཆུ་ཤར་ཡོང་། སྤུན་ན་ཟླའི་རེ་སྒུག་འཁོར་ཡོང་། འདི་དག་ལ་བསམ་ན་ང་དངོས་གནས་འཆི་ཐུབ་པའི་གནས་ལུགས་མ་རྙེད། འོན་ཀྱང་ངས་འཆི་བའི་བདེ་སྐྱིད་མྱོང་ཐུབ་ཀྱི་འདུག  མི་ཚེ་འདིར་ཁོང་ཅག་ཁོ་ནས་ང་ལ་ཚད་མེད་པའི་རེ་བ་མང་པོ་བཅངས་ཡོད། ཁོང་ཚོས་ང་གསོན་པ་ནི་རླབས་ཆེན་ཞིག་ཏུ་སྒོམ་ཡོད། གློ་བུར་དུ་རླུང་འཚུབ་ལྡང་བ་བཞིན་ང་རང་འཇིག་རྟེན་འདི་དང་གྱེས་སོང་ཚེ། ཁོང་ཚོའི་སེམས་པ་ན་ཟུག་གིས་གང་ངེས། ཁོང་ཚོའི་མིག་མདངས་མཆི་མས་གང་ངེས། དེ་ལྟར་བསམ་ན་ང་ཤི་བ་ནི་རང་འདོད་ཞིག་རེད། ཁོང་ཚོའི་སྡུག་བསྔལ་ལ་བསམ་ཤེས་མ་བྱས་པ་ཞིག་རེད། སྙིང་ལྕགས་ཤི་ཁར་གནས་ཚུལ་འདི་དག་ཅིས་ཀྱང་དྲན་ཡོད་ངེས། དྲན་ནས་སེམས་སྨྲེང་ཡོད་ངེས། སེམས་སྨྲེང་ནས་ཀྱང་ངུས་ཡོད་ངེས། སྐད་ཤུགས་ཆེན་པོས་ངུས་ཡོད་ངེས། འོན་ཀྱང་ཁོང་དེ་ལྟར་བཞུད་སོང་། སྟབས་བདེ་མོས་ངང་བཞུད་སོང་། ཁོང་ང་ཚོ་དང་རིང་དུ་བཀྱེད་སྟངས་འདིའི་ང་ཁོང་གི་སྙིང་སྟོབས་ལ་ཡིད་སྨོན་སྐྱེ་རུ་བཅུག  ཁོང་གིས་ཤི་ཁར་སྨོན་ལམ་ཞིག་བརྒྱབ་འདུག  དེ་ནི་ནམ་ཞིག་མི་ཡི་ལུས་དུ་སྐྱེ་ཚེ། རང་ལ་དབང་བའི་ཁོར་ཡུག་ཞིག་ནས་གང་བསམ་སྨྲ་ཆོག་ཆོག་གི་དབང་ཆ་ཞིག་དང་། ཉམ་ཆུང་གི་ཕ་སར་སྐྱེ་བའི་ཕལ་བའི་མི་བུ་འདི་ཚོས་རང་གི་འཇོན་ཐང་གི་ཚོད་ཀྱིས་བྱ་བ་རེ་བསྒྲུབ་ཆོག་པ་དང་བསྒྲུབ་པའི་གོ་སྐབས་རག་པར་སྨོན་འདུག  འདི་ནི་ཅི་འདྲའི་ཡིད་དུ་འོང་བའི་རེ་བ་ཞིག  འདི་ནི་ཅི་འདྲའི་སྙིང་ཉེ་བའི་རྨི་ལམ་ཞིག་རེད་ཨང་། འདི་དག་ལ་བལྟས་ན་ཁོང་གི་སྟོང་བསམ་འདི་ཁོང་འཇིག་རྟེན་དང་གྱེས་ཚུལ་ལ་འབྲེལ་བ་ཟབ་མོ་འདུག
 
ལར་ཐོབ་དང་གོ་གནས་ཀྱིས་ང་ཚོ་ལ་རོགས་རམ་ཐོབ་མི་སྲིད།  རྒྱུ་དང་འབྱོར་བས་ཀྱང་ང་ཚོ་ལ་རྒྱབ་སྐྱོར་ཡོད་མི་སྲིད། དང་པོ་ནས་ཕལ་བའི་འཇིག་རྟེན་གྱི་ཆེས་ཕལ་བའི་དུད་ཚང་དུ་སྐྱེ་བའི་གཞོན་ནུ་འུ་ཅག་ལ་ཡོད་པ་ནི་ལྷད་མེད་དྭངས་གཙང་གི་གཤིས་རྒྱུད་ཞིག་དང་། བྱ་བར་མཐའ་གཅིག་ཏུ་འབད་པའི་ཧུར་བརྩོན་གྱི་སྙིང་སྟོབས་ཤིག་དང་། ཆུ་བོ་བཞིན་མྱུར་མོ་བཞུར་བའི་དུས་ཚོད་འགའ་ལས་ཅི་ཡང་མེད།  ང་ཚོ་ལ་ཅི་ཡང་མེད་པའི་ཤུལ་དུ་ང་ཚོ་ལ་ཡིད་འོང་གི་ལང་ཚོ་དང་། དུས་ཚོད། ཧུར་བརྩོན་དག་ལྷག་འདུག  རྒྱུ་འབྲས་དང་གནས་ལུགས་བོར་བའི་འཇིག་རྟེན་འདི་ནས་ཕལ་བའི་མི་ཞིག་གིས་ཕལ་བའི་ཆ་རྐྱེན་འདི་ཙམ་ངོམ་སའི་གར་སྟེགས་ཤིག་ཀྱང་རྙེད་པར་དཀའ། འདི་ནི་ཕལ་བའི་མི་ཞིག་གི་ངོས་ནས་བསམ་ན་གསོན་པའི་རེ་ཐག་གཅོད་བྱེད་ཀྱི་མཚོན་ཆ་དངོས་དེ་ཡིན་པ་འདྲ་ལ། ཞིབ་ཏུ་བསམ་ན་ཉི་མ་ཤར་བ་ནས་ཟོལ་བཅོས་ཀྱི་འུར་ཟིང་ལ་བྲེལ་དགོས་པའི་སྤྱི་ཚོགས་འདི་རུ་ཉི་ནུབ་ལ་སྨོན་མཁན་ནི་ང་ཁོ་ན་མིན་ཡང་སྲིད།
                                       ༢༠༡༨//༡༠//༣ཉིན་བྲིས།
                                              ༡༠/༥བསྐྱར་དུ་བཅོས།
                                                   ༡༠/༢༦སླར་ཡང་བཅོས།

                                     
      རྩོམ་སྒྲིག་པ། མྱི་གསར་བ།