སྟོན་མཇུག

    རྩོམ་པ་པོ། མེ་མགལ།


སྟོན་མཇུག 

 
                      མེ་མགལ།

 དྲོད་འཇམ་དང་མཛེས་སྡུག་གིས་གྲུབ་པའི་དབྱར་ཟླ་དྲུག་པའི་ལྟག་རྒྱབ་ནས་ཚེས་པའི་སྟོན་ཟླ་རིང་མོའི་པང་ཁུག་ནས།   གནམ་སྔོན་ཐང་ལ་ལྷུང་འདྲའི་མཛེས་སྡུག་གི་མཚོ་དང་མཚེའུའི་ངོགས་སུ་སོ་སོར་འབྲལ་མི་འདོད་པའི་མནར་གཅོད་ཀྱིས་གཙེས་པའི་འདབ་ཆགས་བྱ་དང་བྱེའུས་ཕན་ཚུན་བློས་མི་ཐོངས་བའི་ཉམས་དང་གཅིག་སེམས་གཅིག་གིས་འཚོས་པའི་ཚུལ་ཀྱིས་མི་རིང་བར་བསྟར་ཕྲེང་བསྒྲིགས་ཏེ་གནས་གཞན་ལ་ཆས་རྒྱུར་སྟ་གོན་བྱེད་ཀྱིན་ལོས་ཡོད་སྙམ་པའི་ངང་ཚུལ་ལ་ལྟོས་དང་།   འདི་ནི་སྟོན་ཟླ་རིང་མོས་ཡོད་ཚད་ལ་གྱེས་ཁ་མའི་བགྲོད་ལམ་བསྟན་པ་རེད།
 
གསེར་མདོག་གི་ལྗོན་ལོ་རེ་རེ་བསིལ་འཇམ་གྱི་རླུང་བུའི་གཤོག་པར་ཐོགས་ཏེ་རྩྭ་ཐང་གི་གཡས་གཡོན་ལ་སྐོར་བ་རྒྱག་དུས།    དཀར་དམར་མེ་ཏོག་གི་ཚོགས་ཀྱི་མགོ་བོ་དུད་ཅིང་ཟེའུ་འབྲུ་དང་འདབ་མ་རེ་རེ་བཞིན་སྟོན་མཇུག་གི་ལྷག་རླུང་གིས་བཅོམ་དུས།   འབུ་སྦྲང་མའི་གཤོག་འགྱུར་གྱི་ཁུག་པ་རེ་རེ་ན་གཞིས་ཁྱིམ་སྟོང་བར་དོགས་པའི་ཉམས་ཀྱིས་གང་འདུག 
 
ཁྲུང་ཁྲུང་རྣམས་སྟར་ཕྲེང་བསྒྲིགས་ཏེ་ལྷོ་ཕྱོགས་སུ་འཕུར་རྗེས།  ཤུལ་དུ་ལུས་པའི་འདབ་ཆགས་བྱ་རིགས་གཞན་དག་གིས་མཚོ་དང་མཚེའུའི་མཐའ་དང་ལྗོན་ཤིང་གི་རྩེ་རུ་གྲང་ངར་གྱི་མནར་གཅོད་ཀྱིས་གདུང་བཞིན་དཔྱིད་ཀྱི་དཔལ་ཡོན་གྱི་འཛུམ་བག་ལ་རེ་སྒུག་བྱེད་ཀྱིན་མུ་མཐའ་བྲལ་བའི་ལྷོ་ཕྱོགས་སུ་འཕུར་བའི་ཁྲུང་ཁྲུང་རྣམས་ཕྱིར་འོང་ལ་རེ་སྒུག་བྱས་ཡོད།
 
སོ་སོར་གྱེས་པ་ལ་གདུང་བ་དང་།  ལྷན་གཅིག་འཛོམས་པ་ལ་རབ་ཏུ་སྤྲོ་བའི་འདབ་ཆགས་ཀྱི་ཚོགས་ལ་རྒྱ་སྟག་ལྟ་བུའི་སྟོན་མཇུག་གིས་བྱིན་པའི་རྨ་མེད་ན་ཟུག་གི་སྐྱུར་ཁ་ཚ་བས་ལོ་ངོ་དུ་མར་བརྗེད་མི་ཐུབ་པ་ཞིག་ཅི་ལ་མིན་འགྲོ།
    
སྟོན་མཇུག་འདིར་ཁངས་དང་ཆར་བ་འབབ་དྲགས་པས་འབྲོག་སྦྲ་ནག་གིས་འདར་སིག་རྒྱག་གིན་རི་སྒང་དུ་ཆས་པའི་ཕྱིང་ལྭ་གྱོན་པའི་རྫི་བོ་རྣམས་འཁྱག་པར་དོགས།   ཁ་བ་དང་བུ་ཡུག་གི་མཆེ་བར་ནས་རབ་ཏུ་གྲང་བའི་རྫི་བོ་རྣམས་ཀྱིས་ཨོང་མེ་དམར་ལམ་ལམ་གྱིས་འབར་བའི་དྲོད་ཁུལ་དང་སྦྲ་ནག་གི་ཐུ་འོག་ཞེ་ལ་ཐོགས་ཏེ།    མཁའ་དབུགས་དྭངས་བའི་རི་མཐོ་ས་གཙང་དང་།   ཤག་ཤག་བཞུར་བའི་ཆུ་ཕྲན་རེ་ཡི་འགྲམ་ངོགས་ནས་སྣ་གླུ་ལེན་ཞོར་ནོར་ཁྱུ་དེད་ནས་ཆས།
                                                      ༢༠༡༨  ༩  ༡༤ཉིན།
                                                    རྩོམ་སྒྲིག་པ། མགོ་ལོག་ཆུ་ཐིགས།