ན་ཚོད།

    རྩོམ་པ་པོ། རྨས་མ།


ན་ཚོད།

 
                            རྨས་མ།

ཟླ་དྲུག་པའི་རྨི་ལམ་གྱི་གཤོག་སྣེ་རེ་ལ་ཁྲུང་ཁྲུང་རྐེ་རིང་ཚོའི་དམ་ཚིག་གིས་རི་མོ་བྲིས་སྟེ་མཐའ་ཡས་པའི་རྒྱང་རིང་ལ་འཕུར་སོང་།
ང་ཚོའི་ན་ཚོད་དང་འབྲེལ་བའི་གླུ་གཞས་རེ་ལེན་གྱིན་འཕུར་སོང་། གླུ་ཚིག་གི་ནང་དོན།   "ན་ཚོད"ནི་ང་ཚོའི་གཤོག་ཟུང་ལ་ཐོགས་ནས་མཐའ་ཡས་པའི་རྒྱང་རིང་ལ་ཁྱེར་སོང་།   ན་ཚོད་ནི་ཕྱིར་ཡོང་མེད་པའི་ཁྱེད་ཅག་གིས་རེ་སྒུགས་མ་བྱེད་ཅེས་བརྗོད་འདུག   འོ་སྐོལ་གྱི་ན་ཚོད་ནི་མི་རྟག་པའི་ལྡུམ་ར་ཆུང་ཆུང་ཞིག་ཏུ་སྐྱེས་འདུག་པས།   དུས་གསུམ་གྱི་ལག་པའི་བར་ནས་ང་ཚོའི་ན་ཚོད་ནི་སྟོན་མཇུག་ཏུ་འཐོར་བའི་ཤིང་ལོ་བཞིན་འཐོར་ལ་ཉེ།   ཡུལ་གྱར་བའི་རང་ཉིད།   དམིགས་འབེན་གང་ཞིག་གི་ཆེད་དུ་འདུར་རྒྱུག་བྱེད་ཅིང་།  ཕུགས་བསམ་ཟེར་བའི་ཐག་རིང་གི་པདྨའི་ཚལ་དུ་ཉིན་མཚན་མེད་པར་ཡུན་གྱིས་བསྒྲོད་སྐབས།   འདས་ཟིན་གྱི་མི་ཚེ་ལ་ཕྱིར་མིག་ཅིག་བཏང་ན།    བྱིས་དུས་ཀྱི་གཡག་རྭ་དང་ལུག་རྭ་སོགས་ཀྱི་ཟོག་ལུག་ཡིན་ཁུལ་དང།   དབྱུག་པ་ཞོན་ནས་རྟ་ཡིན་ཁུལ་གྱི་འབྲོག་ཞེན་གྱི་གཤིས་ཀ་དངོས་མ་དེ་བོར་ཟིན་ལ།   བར་དུ་ཕ་མ་ཚོ་ལ་སྒོར་བཅུ་ཁ་རེ་སློང་ཞིང་འཚོ་བ་སྟབས་བདེ་ཡིན་པའི་དགོང་ཉི་ཟླ་ལས་མཐོ་བའི་སྣང་བ་དང་།  ཆུ་རྫ་ཆུ་བཞིན་དྭངས་བའི་མི་གཤིས་དེ་ཡང་བོར་ཟིན་ལ།   ད་ནི་འཚོ་བ་ཟེར་བའི་ཆེད་དང་།  མི་ཚེའི་ལམ་ལུགས་ཤིག་གི་ཆེད་དུ་ཕ་མ་གཉིས་དང་ལྷན་དུ་ཇ་ཕོར་གང་འཐུང་མི་ཐུབ་པའི་བྲེལ་ཟིང་གི་ཐག་པས་བསྡམས་ཤིང་།    ཀྱག་ཀྱོག་གི་ལམ་བུ་གང་མང་ཞིག་བརྒལ་དགོས་ལ།   སྐྱོ་གར་གྱི་རོལ་རྩེད་གང་མང་ཞིག་ཀྱང་འཁྲབ་དགོས་པས།   ན་ཚོད་ནི་ཆུ་མཐར་ལྷུང་བའི་སྡོང་རྒན་ཞིག་དང་འདྲ་བའི་མཛེས་སྡུག་གི་རྨི་ལམ་མང་པོ་ཞིག་རྫོགས་སོང་།
 
དེ་ལྟར། རེ་ཆད་རེ་སྡུག་གི་འཚོ་བའི་ནང་དུ་ཡི་གེ་རྫོང་བ་བྱས་ནས་མཐའ་ཡས་པའི་དགའ་སྐྱོ་ཆགས་སྡང་བག་མར་བསུ་དུས།  ངའི་མ་འོངས་པའི་སྐྱོ་གར་ལ་ཞེ་གཏིང་གི་སྨོན་ལམ་བརྒྱབ་ཡོད།  ངའི་འགྲོ་ཕྱོགས་ཀྱི་ལམ་བུ་འདིར་མུ་གེའི་མུན་པ་མ་ཚེས་རོགས།  ཡང་ན་ང་རང་མཚར་ལོངས་བྱུང་བའི་གོ་རིམ་ཁྲོད་མིག་གིས་ང་ཕྱོགས་ལ་བལྟ་ཞིང་།   སེམས་པ་བདག་ཕྱོགས་ལ་དཀར་བའི་བརྩེ་བའི་ཕ་མ་ཟུང་དང་།    དཀའ་སྡུག་གི་ལམ་བུ་དོགས་མོ་འདིར་ཡུན་གྱིས་བསྒྲོད་སྐབས།  གཅིག་སེམས་གཅིག་མཐུན་གྱི་བློས་ཐུབ་ཀྱི་གྲོགས་པོ་དག་ལ།  ལས་དབང་གིས་བཙན་གཡེམ་མ་བྱེད་ཅིག  སྡུག་བསྔལ་གྱི་ཁ་བ་མ་འབབ་རོགས།   ངས་རང་ཉིད་ལ་སྐྱོ་གདུང་གི་མིག་ཤེལ་ཞིག་བཟོ་བཞིན་ཡོད།  དེ་ནི་འཇིག་རྟེན་ཆགས་པའི་གོང་རོལ་ནས་ངའི་མིག་གོང་ལ་མཚོ་མཐའི་ཉི་ནུབ་ལྟ་བུ་ཞིག་ལྷུང་ཡོད་པས་རེད།   འཁྲུལ་སྣང་གི་དབྱར་དགུན་སྟོན་དཔྱིད།  དུས་ཚོད་ཀྱིས་ཟོས་པའི་ལོ་ཟླ་བགྲེས་པོ་དེ་དག   ཐག་རིང་གི་ཉི་ནུབ་ལ་བལྟ་གྱིན་ངག་ནས་མ་ཎི་བཟླ་བཞིན་འདུག  ན་ཚོད་ཟེར་བའི་རྒྱུད་སྐུད་དག་རིམ་གྱིས་ལྷོད་ཅིང་དབྱངས་འགྲོས་ལ་སྐྱོ་བའི་ལོ་མ་འཐོར།  མཚར་སྡུག་ལ་རྫོགས་མཐའ་མེད་ཅིང་ཡིད་འོང་གི་འཇིག་རྟེན་འདིར།  ངས་བརྩེ་དུང་གི་ཐ་སྙད་དག་ལོ་ཟླའི་རྡུལ་ཚབ་ཀྱིས་ས་མཐར་བཏང་བའི་བྱང་ཐང་གི་རྐྱང་འབྲོང་ཚོར་བསྐུར་དུས།  ཏག་ཏག་ངའི་ན་ཚོད་ནི་ཕྱིར་ཡོང་མེད་པའི་ནུབ་རིར་བརྒལ་བའི་ཉི་ནུབ་ཞིག་རེད།
                                    
༢༠༡༨/༧/༥/
                                           རྩོམ་སྒྲིག་པ། མྱི་གསར་བ།