རྨི་ལམ་ཞིང་གི་རྒྱང་རིང་ལ་བྲིས་པའི་འཕྲིན།

    རྩོམ་པ་པོ། རྒྱ་སེའུ།


རྨི་ལམ་ཞིང་གི་རྒྱང་རིང་ལ་བྲིས་པའི་འཕྲིན།

 
                       
རྒྱ་སེའུ། སི་ཁྲོན།

བྱ་དེ་ཚོ་གཡའ་དག་པའི་ནམ་མཁའ་ཞིག་གི་སླད་དུ་འཕུར་བ་རེད།  རང་ཡུལ་གྱི་ཐང་ཆེན་པོའི་བྲང་གཞུང་བརྒྱུད་དུས་བྱ་དེ་ཚོས་ཞེན་ཆགས་ཀྱི་སྒྲོ་སྤུ་གཏོར་མྱོང་བ་རང་སེམས་ཀྱི་སྨྲེངས་བ་བསལ་ཆེད་ཡིན།  འབྲོག་ཐང་དེར་སྨུག་ཞགས་ཀྱི་ལེར་འཁྱིལ་ཡང་སེམས་ཀྱི་རྟ་ཕོ་འདི་སྒྲོག་གིས་མི་ཐུབ་ལ་འཇའ་ཚོན་གྱི་སྣེ་རུ་བྱིས་སྒྲུང་གི་སྤང་ཐང་སྔོ་ལྡེམ་མེར་བཤམས་པའི་སྟེང་གི་རི་ཆུ་ནགས་གསུམ་གྱིས་བྱ་དེ་ཚོའི་གཤོག་སྒྲོ་རྨས་མ་མྱོང་ཞིང་བདེ་སྐྱིད་ཀྱི་རྒུམ་འབུ་གཏོར་བས་མཚན་གྱི་སྐར་ཚོགས་ཀྱང་དག་ཞིང་གི་བཀྲ་ཤིས་པའི་མེ་ཏོག་ལ་འཁྲུལ་མྱོང་།  དབྱར་གཞུང་དེར་ཚང་ཚིང་གི་གཡུ་ལོ་ལྡེམ་པའི་རྒྱང་རིང་རྒྱང་རིང་གི་ནགས་ཚལ་ཞིག་ནས་བྱ་ཁྱུ་དེས་སྒྲུང་རིང་ཞིག་འབྲི་མགོ་ཚུགས།  སྒྲུང་དེ་ནི་ལོ་བརྒྱ་ཐུབ་པའི་ཡིད་སྨོན་གྱི་འཁྲི་ཤིང་གི་རྩེ་རུ་ཞི་བའི་ཁྲུང་ཁྲུང་གི་མགྲིན་པ་ལས་ཐོལ་བའི་དབྱངས་སྙན་ཞིག་ཡིན་མྱོང་།  བྱ་ཁྱུ་དེས་ནམ་ཡང་ལྷོ་ཕྱོགས་ཀྱི་ནགས་ཚལ་ག་ལ་བ་དེ་སྒྲུང་རིང་དེའི་མཐའ་མའི་གནས་ཡུལ་ཡིན་པ་སེམས་ཀྱི་གྲུ་གཟིངས་ལས་འབོར་མ་མྱོང་།  ཡིན་ན་ཡང་གསེར་རིའི་མགུལ་ཏུ་ཐོགས་པའི་ནགས་ཚལ་གྱི་ནང་རོལ་ནས་སྒྲུང་འབྲི་བའི་ཆོ་ག་སྤེལ་བ་དེ་ལོ་ངོ་མང་པོའི་ནམ་མཁའ་ཞིག་ཡིན་ཕྱིན་རང་ཁྱིམ་གྱི་བྱ་ཁྱུས་སྒུག་ཡུན་རིང་བའི་སྐྱོ་གདུང་སེལ་མི་ཐུབ་པ་དེ་རེད།  རྒྱ་རྫོང་ནགས་ཀྱི་ཚལ་ན་རང་བྱུང་གི་ལོ་མའི་བླ་གབ་མཛེས་ལ་མེ་ཏོག་གི་མགུལ་རྒྱན་ཁྲམ་མེར་བཞད་པའི་ཡིད་སེམས་ཀྱི་སྦྲང་ཆུང་རླུང་གིས་བསྐྱོད་དེ་ཕུན་ཚོགས་ཀྱི་པད་མའི་འདབ་མོར་བབས་ཡོད།  ད་དུང་ཡན་ལག་བརྒྱད་ལྡན་གྱི་རྫ་ཆུ་ལྷུང་ལྷུང་འབབ་ཞིང་སྤྲིན་དཀར་དངོས་གྲུབ་ཀྱི་སྦྲང་ཆར་སིམ་སིམ་འཇོ་བར་དག་པའི་རྨི་ལམ་ལ་ཞུགས་ནས་བྱབས་ཁྲུས་ཀྱིས་རང་ལུས་གཙང་ཡོད།  ནམ་ཞིག་བྱ་དེ་ཚོས་ནམ་འཕང་གཅོད་ངེས་རླུང་སྤུ་གྲིའི་ངམ་ཁ་རྒོད་ཀྱང་རང་ཡུལ་གྱི་ནགས་ཚལ་དེ་རུ་བྱ་བརྒྱ་མགྲིན་གཅིག་གིས་དབེན་པའི་ཚང་ཚང་དུ་ཉམས་སྤྲོ་བའི་མགུར་དབྱངས་ཤིག་ལྷ་ཚོགས་ཀྱང་མཉེས་པའི་རྒྱུད་སྐུད་ཀྱི་བར་ནས་དཀྲོལ་ངེས།
 
                             
རྩོམ་སྒྲིག་པ། མྱི་གསར་བ།