སྙན་ངག་གསར་བ་འབྲི་མཁན་ན་གཞོན་ཞིག་ལ་སྤྲིངས་པའི་འཕྲིན།

    ཡིག་སྒྱུར་བ། སྒྲེན་པོ།


སྙན་ངག་གསར་བ་འབྲི་མཁན་ན་གཞོན་ཞིག་ལ་སྤྲིངས་པའི་འཕྲིན།
 
                    ཀྲུའུ་ཀོང་ཆན་གྱིས་བརྩམས། 
                                ཡིག་སྒྱུར་བ། སྒྲེན་པོ།


     གྲོགས་པོ། ངས་ཁྱོད་ཀྱི་སྙན་ངག་དང་འཕྲིན་ཡིག་ལ་བལྟས་ཟིན། ཁྱོད་ཀྱིས་ང་ལ་དག་བཅོས་དང་དཔྱད་འཇོག་བྱེད་དགོས་པར་སྐུལ་འདུག་པས།དོན་དེ་ནི་ང་ལ་མཚོན་ནས་བཤད་ན་ངོ་གནོང་དགོས་པ་ཞིག་རེད།འདས་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་ངས་ཉིན་རེར་སྙན་ངག་བཀླགས་མཚམས་བཞག་མ་མྱོང་ལ། མྱུ་གུ་ལག་ཏུ་བཟུང་ནས་སྙན་ངག་གཅིག་ཀྱང་བྲིས་མ་མྱོང་ནའང་། སྙན་ངག་འབྲི་མཁན་ཞིག་གི་དཀའ་སྡུག་དེ་མི་གཞན་པའི་བརྩམས་ཆོས་ཁྲོད་ནས་ག་ལེར་རྟོགས་ཡོང་བས། ང་ལ་མཚོན་ན་སྙན་ངག་གི་སྐོར་ནས་ཁ་ཆེན་པོ་གདེང་རྒྱུའི་ཐོབ་ཐང་མི་འདུག་སྙམ། ཁྱད་པར་དུ་ཉིད་ཀྱིས་ང་ལ་སྙན་ངག་དག་བཅོས་བྱེད་པར་སྐུལ་ཡོད་ནའང་། ངས་བལྟས་ན་སྙན་ངག་ནི་མི་གཞན་པའི་ལག་པ་བརྒྱུད་ནས་རང་དགར་བཅོས་ཆོག་པ་ཞིག་གཏན་ནས་མ་ཡིན་པར། འབྲི་མཁན་སྙན་ངག་པ་ཁོ་གཅིག་པུས་གཞི་ནས་རང་གི་དྲན་རེག་མྱོང་གསུམ་དང་ཚིག་གི་གྲུབ་གྲོལ་གཉིས་ཆུ་ལ་ཆུ་བཞག་པ་ལྟར་འཚམ་པོ་ཡོང་ཡོད་མེད་གསལ་བོར་ཤེས་ཐུབ་རྒྱུ་རེད། རྒྱུ་མཚན། སྙན་ངག་འབྲི་མཁན་དང་མི་གཞན་པའི་འཚོ་བའི་མྱོང་གོམས་དང་ལྟ་ལུགས་སོགས་རྦད་དེ་ཁ་ཁ་སོ་སོ་ཡིན་པས། དག་བཅོས་བྱེད་པའི་བློ་སྤོབས་ཞིག་གང་དུའང་ཡོང་མི་ཐུབ་ལ། དག་བཅོས་བྱས་རུང་དེ་ནི་སྙན་ངག་པའི་བསམ་བཀོད་ལས་ལོགས་པའི་འབྲེལ་མེད་དོན་གཞན་ཞིག་ཡིན་པར་ཐེ་ཚོམ་མེད། ཁྱོད་ཀྱིས་ངའི་དཔྱད་འཇོག་ལ་རེ་བཞིན་ཡོད་ནའང་། ངས་བལྟས་ན་སྙན་ངག་པ་རེ་རེ་ནི་དོན་གྱིས་རང་གི་ཞན་སར་ལག་སྙོབ་བྱེད་ཐུབ་པའི་གཟབ་ནན་གྱི་དཔྱད་འཇོག་པ་དེ་ཡིན་པར་འདོད། ལ་ཏིན་གྱི་སྙན་ངག་པ་ཧི་ལ་ཟིས(贺拉斯)མི་གཞན་ལ་སྙན་ངག་འགྲུབ་རྗེས་ཐད་ཀར་མི་སྤེལ་བར། ཟླ་བ་འགའ་དང་ཡང་ན་ལོ་འགའི་བར་དུ་བསྐྱུར་རྒྱུར་སྐུལ་མ་བཏང་མྱོང་ལ། ངས་བསམ་ན་ཐབས་དེ་ནི་ཁ་ཏ་བསླབ་བྱ་ཡག་པོ་ཞིག་ཏུ་འདོད། སྙན་ངག་བྲིས་ཚར་མ་ཐག་སེམས་རྩ་འཁོལ་ཐོག་ན་ཡོད་སྟབས། བྲིས་མ་ཐག་པའི་སྙན་ངག་དེ་ནི་བརྩམས་ཆོས་ཡག་པོ་ཞིག་ཡིན་སྣང་སྟེར། གལ་ཏེ་ཁྱོད་ལ་རང་ཉིད་ཡར་རྒྱས་འགྲོ་འདོད་ཀྱི་བློ་ཞིག་རྒྱས་ཡོད་ན། དུས་སྐབས་དེར་སེམས་ལྷོད་ལ་ཕབ་ནས་དུས་ཡུན་གང་འཚམ་འགྱངས་རྗེས། ཕྱིར་རང་གི་བརྩམས་ཆོས་ལ་ཞིབ་ལྟ་བྱས་ན། གཞི་ནས་རང་གི་བརྩམས་ཆོས་ཁྲོད་ཀྱི་ཞན་ཆ་མཐོང་ཐུབ་ལ། དུས་སྐབས་དེར་ཐོན་ན་ཁྱོད་ཀྱིས་ཁྱོད་ཀྱི་སྙན་ངག་གེགས་མེད་བཅའ་ཤེས། སྙན་ངག་འབྲི་མཁན་མང་དག་ཅིག་ལ་ཡར་རྒྱས་ཀྱི་སེམས་ཤུགས་མེད་པ་ནི། དོན་གྱིས་རང་སྐྱོན་རང་འདོན་གྱི་སྙིང་སྟོབས་དང་འདུ་ཤེས་ཕོངས་བས་ལན་པ་རེད། ཁྱོད་ཀྱིས་ང་ངོ་མི་ཤེས་ནའང་། ང་ལ་སྙན་ངག་བསྐུར་ནས་ངའི་བསམ་འཆར་ལ་གཟབ་ཉན་བྱེད་འདོད་ཀྱི་ཁེངས་པ་སྐྱུང་བའི་རྣམ་འགྱུར་འདི་ལ། ངས་དྲིན་གཟོའི་ཨ་ལན་ཞིག་སྟེར་རྒྱུ་ཡིན། ངས་གཤམ་ནས་བཤད་རྩིས་ཀྱི་སྐད་ཆ་མང་དག་ཅིག་ནི་དགའ་ཕྱོགས་ཀྱི་བློ་ཚ་བའི་སྟེང་དུ་ཆུ་འཁྱགས་བླུགས་པ་ལྟ་བུར་འགྲོ་ནའང་། ང་ལ་སྣང་དོགས་ཅི་ཡང་ཡོད་མི་སྲིད། རྒྱུ་མཚན་ཁ་ཞེ་གཉིས་མེད་ཀྱི་སྐད་ཆ་ནི་ངེས་དོན་གྱི་སྙན་ངག་པ་ཞིག་གིས་དང་ལེན་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད། ཁྱོད་ཀྱིས་ངའི་བསམ་འཆར་མང་དག་ཅིག་ལ་ལྟ་སྐབས་རེ་ཞིག་རྣ་ལམ་དུ་འགྲོ་དཀའ་ནའང་། ངས་བཟོད་གསོལ་ཞུས་ནི་ཡིན། ཁྱོད་ཀྱིས་ངའི་ཨ་ལན་ལ་སྒུག་འདུག་པས།ཁྱོད་ཀྱིས་རེ་བཞིན་པའང་ངོ་དགའ་སྤྲེལ་ལད་ཀྱི་གཅམ་ཚིག་དེ་དག་མིན་པར་མཛོད།    

   ངས་སྙན་ངག་སློབ་ཁྲིད་ཐེངས་གང་མང་ལ་བྱས་མྱོང་ཁར། རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་དང་ཚགས་ཤོག་གི་རྩོམ་སྒྲིག་པའང་དུས་ཡུན་གང་འཚམ་རིང་བྱས་མྱོང་སྟབས། ང་རང་ན་གཞོན་གྲོགས་པོ་རྣམས་ཀྱི་བརྩམས་ཆོས་ལ་ལྟ་ཀློག་བྱེད་སའི་གླགས་ཅུང་ཡངས་པོ་ཞིག་ལ་འཁེལ། རྩོམ་སྒྲིག་བྱེད་སྐབས་ཀྱི་དུས་ཡུན་ནང་དུའང་འཕྲད་ཐེངས་མང་ཤོས་ནི་སྙན་ངག་གསར་བ་རེད། ན་གཞོན་རྩོམ་པ་པོ་མང་ཆེ་ཤོས་སྙན་ངག་གསར་བར་འཇུག་འདོད་ཆེ་བ་ལ་རྒྱུ་མཚན་ཕྱོགས་གཉིས་ན་ཡོད་པར་སེམས་ཏེ། གཅིག མི་མང་ཆེ་བས་སྙན་ངག་གསར་བ་འབྲི་རྒྱུ་ནི་ཅུང་སླ་བཅོས་ཀྱི་ལས་ཀ་ཞིག་ལ་བལྟས་འདུག སྙན་ངག་གསར་བར་སྲོལ་རྒྱུན་སྙན་ངག་ནང་བཞིན་སྡེབ་སྦྱོར་གྱི་བཅིངས་རྒྱ་མེད་ལ་རིང་ཐུང་གི་ཚད་བཀག་ཀྱང་མེད་པར། སེམས་ཤུགས་རྒྱས་མ་ཐགབརྩེ་སེམས་ཐོལ་ཐོལ་ཏུ་འཕྱུར་བ་ཚིག་གི་སྲད་བུར་བརྒྱུས་ནས་སྙན་ངག་ཏུ་བཟོས་ཆོགཡང་མི་ཁ་ཤས་ཤིག་སྲོལ་རྒྱུན་བག་ཆགས་ཀྱི་དབང་དུ་གྱུར་ཏེ། སྙན་ངག་གིས་རྩོམ་རིག་འཕེལ་བའི་རླབས་རྒྱུན་ཁྲོད་དུས་ཡུན་རིང་བོའི་བླ་གནས་ཀྱི་གོ་བབ་བཟུང་ཡོད་སྟབས། རྩོམ་རིག་དོན་དུ་གཉེར་བ་ལ་ཅིས་ཀྱང་སྙན་ངག་འབྲི་དགོས་པའི་བློ་སྔོན་དུ་སོང་འདུག་པར་མ་ཟད། ཞུའུ་ཀྲི་མུའོ་དང་པེན་ཞིན།ལའོ་ཧྲི་སོགས་རྩོམ་པ་པོ་མང་ཆེ་བས་སྙན་ངག་གསར་བ་དོན་དུ་གཉེར་མྱོང་བས། རྩོམ་རིག་གཉེར་བ་ལ་ཅིས་ཀྱང་སྙན་ངག་སྲོག་ཏུ་བཟུང་ནས་གཉེར་དགོས་པར་འདོད་ཀྱིན་འདུག དོན་གྱིས་སྙན་ངག་རྩོམ་རྒྱུ་ལས་སླ་མོ་ཞིག་ཡིན་མིན་ཐད་ང་ལ་དངོས་བརྒྱུད་ཀྱི་མྱོང་སྣང་མི་ཟབ་ནའང་། ངས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྙན་ངག་སྨྲ་བ་ཆེན་མོ་མང་དག་ཅིག་གི་བརྩམས་ཆོས་ལ་བསམ་ཞིབ་བྱས་པའི་ཉམས་མྱོང་གཞིར་བཟུང་ནས་བཤད་ན། སྙན་ངག་ནི་ཆེས་མཛེས་མཚར་གྱི་མཐོང་སྣང་དེ་ཆེས་གསར་ཤོས་ཆེ་ལ་གྲིམ་ལྷོད་རན་པའི་སྐད་ཆའི་ཁྲོད་ནས་མངོན་མཚོན་བྱེད་དགོས་པས། མཛེས་མཚར་གྱི་མྱོང་ལུགས་དང་གསར་ཤོས་ཆེ་ལ་ཆ་འགྲིག་པའི་སྐད་ཆ་གཉིས་རང་དགར་སླ་མོ་བྱས་ནས་ཐོབ་ཐུབ་པ་ཞིག་མིན་པར་སྙམ། ངག་རིག་སྨྲ་བ་ལ་དབང་འབྱོར་བའི་ངེས་དོན་གྱི་སྙན་ངག་པ་དག་གིས་ཀྱང་མི་ཚེ་གང་བོར་དཀའ་ལས་མང་པོ་བརྒྱུད་མཐར་གཞི་ནས་ཐོབ་ཀྱིན་ཡོད། དེང་སྐབས་སྙན་ངག་པ་བཅའ་མཁན་མང་ལ་སྙན་ངག་ཤེས་མཁན་ཉུང་གི སྙན་ངག་ནི་སླ་བཅོས་ཀྱི་དོན་ཞིག་གོ་སྙམ་ནས་འཁྲུལ་ཤེས་བཟུང་ནས་བསྡད་ན། སྙན་ངག་ངོ་མ་དང་རྒྱང་ཁད་ཀྱིས་ཆོད་འགྲོའདུ་ཤེས་དེའི་ངོས་ནས་སྙན་ངག་ཅི་ཙམ་བྲིས་རུང་། མི་ཚེ་གང་བོར་རང་རྒྱུས་མེད་པ་ཞིག་ལས་ཅི་ཡང་མི་འཇོན།རྩོམ་རིག་སློབ་པར་སྙན་ངག་ལ་ཅིས་ཀྱང་འཇུག་པའི་དགོས་གལ་ཆེའམ།ངས་བསམ་ན་དེའང་གནད་དོན་ཞིག་རེད་འདོད། རྩོམ་རིག་གིས་སྒྱུ་རྩལ་གྱི་བླ་གནས་ལ་རེག་དགོས་ན། ཏོག་དང་རྒྱལ་མཚན་ལྟ་བུའི་སྙན་ངག་ལ་འཇུག་དགོས་པར་ང་རང་ངོས་ནས་ཡིད་ཆེས་ཡོད་པར་མ་ཟད། ཇི་སྲིད་མིའི་ཚེ་སྲོག་མ་འཇིག་གི་བར་དུ་དེ་སྲིད་སྙན་ངག་འཇིག་མི་སྲིད་པ་ལའང་ཡིད་ཆེས་ཆེན་པོ་ཡོད། འོན་ཏེ་དུས་རབས་རེ་རེའི་རྩོམ་རིག་ལ་དུས་རབས་སོ་སོའི་བབ་དང་འཚམ་པའི་མངོན་མཚོན་བྱེད་སྟངས་རེ་ཡོད་པ་ལའང་ང་རང་ཡིད་ཆེས་ཡོད། དཔེར་ན། ཧི་མ་དེང་གི་དུས་སུ་སྐྱེས་པ་ཡིན་པའི་ཆ་འཇོག་བྱས་ན། ཁོས་ལོ་རྒྱུས་སྙན་རྩོམ་འབྲི་མི་སྲིད་ནའང་ཐང་། ཐོ་ཟི་ཐོ་ཡུས་ཧྥུའུ་ཟི་ཅི་ལགས་གནའ་བོའི་དུས་སུ་བྱོན་པའི་དབང་དུ་བཏང་ན། ཁོང་གིས་བརྩམས་སྒྲུང་འབྲི་མི་སྲིད་ནའང་ཐང་། དེ་བས།ང་ཚོའི་དུས་རབས་འདིར་མཚོན་ནས་བཤད་ན། རྩོམ་རིག་གི་ཡོངས་ཁྱབ་མངོན་མཚོན་བྱེད་ཐབས་ནི་ལྷུག་རྩོམ་དང་བརྩམས་སྒྲུང་ཡིན་པ་ལས་སྙན་ངག་མིན་པར་སེམས་ལ། སྣང་ཚུལ་འདི་ནི་ང་མི་སྒེར་གྱི་བློ་ལྟར་སྣང་སྔོན་དུ་སོང་ནས་མཐའ་སྡོམ་བཀོད་པ་ཙམ་མ་ཡིན་པར། ནུབ་གླིང་གི་དཔྱད་བརྗོད་པ་རྣམས་ཀྱིས་ཀྱང་དེ་མཐུན་གྱི་བསམ་ཚུལ་བཏོན་ཡོད། གཞོན་རབས་པ་མང་དག་ཅིག་གིས་ཆེས་དཀོན་པའི་སྟོབས་ཤུགས་མང་དག་ཅིག་སྙན་ངག་གསར་བ་རྩོམ་པའི་ཐད་བཏང་ནས། བྱིས་བློ་ཅན་གྱི་ཚོར་སྣང་ཅི་རིགས་ཕྱིར་བཏོན་ཚར་བ་དང་མཉམ་དུ། ཁོ་ཚོའི་ཤེས་རིག་ཡོན་ཏན་ཀྱང་དེ་བསྟུན་རྫོགས་ཚར་གྱིན་འདུག ངས་བསམ་ན་རིན་མེད་ཀྱི་འཛད་སྟངས་འདི་ནི་ཕངས་སེམས་སྐྱེ་དགོས་པ་ཞིག་རེད་འདོད། གལ་ཏེ་ཁོ་ཚོས་ནན་ནན་ཏིག་ཏིག་གིས་ལྷུག་རྩོམ་དང་བརྩམས་སྒྲུང་འབྲི་སྦྱོང་བྱས་ཡོད་ཚེ། དེ་བསྟུན་གྱི་གྲུབ་འབྲས་གང་ལ་གང་འཚམ་ཞིག་ལོན་ཡོད་ཀྱང་སྲིད། ཆ་འཇོག་འདིས་ན་གཞོན་ཚང་མ་སྙན་ངག་མི་འབྲི་བར་སྐུལ་སློང་བྱས་པ་གཏན་ནས་མིན། སྙན་ངག་ནི་སྔར་བཞིན་རྩོམ་དགོས་པ་སྨྲོས་མེད་ཡིན་ནའང་། སྙན་ངག་འབྲི་མཁན་ཡིན་ན་རང་གི་དངོས་བརྒྱུད་ཀྱི་མྱོང་སྣང་རྣལ་མ་སྙན་ངག་མ་ཡིན་པའི་སྒོ་ནས་མངོན་མཚོན་བྱེད་མི་རུང་བར་ཡིད་གདེང་འཁེལ་རྒྱུ་ནི་གལ་ཆེན་རེད་འདོད། གལ་ཏེ་སྙན་ངག་གི་རྣམ་པས་མངོན་མཚོན་བྱས་པ་ལྷུག་རྩོམ་གྱིས་ཀྱང་སྟོན་ཐུབ་པར་མ་ཟད། ད་དུང་ལྷུག་རྩོམ་གྱིས་བསྟན་པ་སྙན་ངག་གི་སྟོན་ཚད་ལས་འགོངས་ཡོད་དུས། གཞི་ནས་ང་ཚོའི་འཚོ་བའི་ནང་དུ་ད་དུང་སྙན་ངག་མུར་འཚོ་ཞིང་གནས་དགོས་ངེས་ཀྱི་རྒྱུ་མཚན་ཤོར་སོང་བ་མ་ཡིན་ནམ། ངས་སྙན་ངག་གསར་བ་མང་དག་ཅིག་བཀླགས་པ་ལ་གཞིགས་ན། དེང་གི་སྙན་ངག་གསར་བ་མང་དག་ཅིག་རྩོམ་རིག་གི་ཁྲོད་གནས་དགོས་ངེས་ཀྱི་གནས་ལུགས་ཅི་ཡང་མེད་པའི་སེམས་ཚེགས་དེ་ང་ལ་ལན་གཅིག་མིན་པར་བྱིན་སོང་། 

   སྙན་ངག་གནས་དགོས་པའི་རྒྱུ་མཚན་ནི་དོན་གྱིས་རྩོམ་རིག་སྒྱུ་རྩལ་གྱི་ནང་དོན་དང་རྣམ་པ་གཉིས་ཀ་དགར་དུ་མི་རུང་བའི་ཆ་ན་ཡོད། སྙན་ངག་རེ་རེ་ནི་སྒྱུ་རྩལ་ཐོན་རྫས་རེ་དང་འདྲ་བར།ཤ་ཁྲག་གདོས་བཅས་ཚང་བའི་རྣམ་ཤེས་ཡིན། ཤ་ཁྲག་རྣམ་ཤེས་ལ་བརྟེན་པ་ན་གཞི་ནས་གྲུང་ཤ་དོད་པོ་ཅན་དུ་གྱུར་བ་ཡིན་ལ། རྣམ་ཤེས་ཀྱང་ཤ་ཁྲག་ལ་བརྟེན་པས་དེའི་བྱེ་བྲག་གི་ཆ་ལ་ཚོད་བགམ་བྱེད་ཐུབ་པ་བྱུང་། སྙན་ངག་གི་རྣམ་པ་ནི་ཤ་ཁྲག་དང་ནང་དོན་ནི་རྣམ་ཤེས་ལ་ཆ་འཇོག་བྱས་ཚེ། སྙན་ངག་གི་ཤ་ཁྲག་གདོས་བཅས་ཀྱི་ཕུང་བོ་དེར་རྣམ་ཤེས་དམིགས་བསལ་བ་ཞིག་ཞུགས་ཡོད་དམ། གནད་དོན་དེ་ནི་ཁོའི་ཕྱི་ངོས་ནས་མཐོང་བ་ནང་བཞིན་གྱི་སླ་མོ་ཞིག་མ་རེད། འོལ་སྦྱི་ཙམ་གྱི་གནས་སྟངས་ངོས་ནས་བཤད་ན། རྣམ་པ་འདྲ་མཚུངས་ཡིན་པའི་སྙན་ངག་ལའང་ནང་དོན་མི་འདྲ་ཁྲི་འབུམ་ཡོད།གནའ་ནས་ད་ལྟ་ལ་ཐུག་གི་བར་དུ། སྙན་ངག་པ་ག་ཚོད་ཅིག་གིས་སྙན་ངག་བདུན་ཚིག་རྐང་བརྒྱད་མ་དང་སྙན་ངག་ཚིག་ཕྲེང་བཅུ་བཞི་མ་སོགས་སྲོལ་རྒྱུན་གྱི་འབྲི་ཐབས་ཐེངས་ག་ཙམ་ལ་སྤྱད་མྱོང་ཡོད་དམ། རྩོམ་ལུགས་ཆ་འདྲ་བ་ལས་མངོན་པའི་ནང་དོན་རྦད་དེ་ཁ་ཁ་སོ་སོ་ཡིན་པར་མ་ཟད།སྙན་ངག་པ་གཅིག་གི་བརྩམས་ཆོས་རེ་རེའང་སྒེར་གཤིས་ཀྱིས་བཀྱགས་ཡོད། ནང་གནས་སྐད་ཆའི་དབྱངས་འགྲོས་ཀྱི་ཆ་ནས་བཤད་ན། རྩོམ་སྟངས་གཅིག་པ་ལྟར་བརྩམས་པའི་སྙན་ངག་མང་པོ་གྱེར་བ་ལས་བྱུང་བའི་སྒྲ་གདངས་ནི།སྐད་ཆའི་ཉམས་འགྱུར་ཞུགས་ཚད་དང་བསྟུན་ནས་འགྱུར་ལྡོག་སྣ་མང་བྱུང་མཐར་སྙན་ངག་གི་ཐུན་མོང་མ་ཡིན་པའི་རོལ་དབྱངས་ཀྱི་གཤིས་སུ་འཕོས་ཀྱིན་ཡིན། རྣམ་པ་དང་ནང་དོན་གཉིས་ལ་འབྲེལ་བ་ངེས་ཅན་ཡོད་ནའང་། སྙན་ངག་ལ་འཇུག་མཁན་མང་དག་ཅིག་གིས་སྙན་ངག་བདུན་ཚིག་རྐང་བརྒྱད་མ་དང་སྙན་ངག་ཚིག་ཕྲེང་བཅུ་བཞི་མ་སོགས་ཀྱི་ཕྱིའི་སྟོང་གཟུགས་ཁོ་ན་སྙན་ངག་གི་རྣམ་པར་བལྟས་འདུག་པ་ནི་ནོར་འཁྲུལ་ཞིག་རེད། སྙན་ངག་རེ་རེར་རང་བབ་ཀྱི་ཁྱད་གཤིས་དང་ལྡན་པའི་རྣམ་པ་རེ་ཡོད་ཅིང་། རྣམ་པའི་སྟེང་གི་ཁྱད་ཆོས་དེས་སྙན་ངག་གི་སྒེར་གཤིས་བསྐྲུན། སྒེར་གཤིས་དེ་ནི་བརྩེ་བ་དམིགས་བསལ་བ་ཞིག་ལས་མངོན་པའི་སྐད་ཆའི་དབྱངས་འགྱུར་ཡིན། སྙན་ངག་ལ་སྒེར་གཤིས་དང་སྤྱི་གཤིས་ཀྱི་རྣམ་པ་གཉིས་ཀ་ཡོད་ཅིང་། ཆེས་གལ་ཆེ་བ་ནི་སྒེར་གཤིས་ཀྱི་རྣམ་པ་དེ་རེད། སྙན་ངག་གིས་བརྩེ་བ་དབྱངས་སུ་གྱེར་བ་ལ་ཡི་གེ་ཁོ་ནས་མི་འགྲུབ་པར་ཅིས་ཀྱང་སྐད་ཆའི་དབྱངས་འགྱུར་ལ་ཤུགས་སྣོན་རྒྱག་དགོས། སྙན་ངག་གིས་སྐད་ཆའི་རོལ་དབྱངས་ཀྱི་རང་བཞིན་འདོན་སྤེལ་གང་ལེགས་བྱས་ཏེ། ཡི་གེའི་དོན་སྟོན་ཚད་མི་འདང་སར་ཁ་གསབ་བྱེད་དགོས། སྲོལ་རྒྱུན་སྙན་ངག་གི་ངེས་གཏན་སྒྲོམ་གཞིའི་རྣམ་པ་དེ་ནི་རོལ་དབྱངས་ཀྱི་རང་བཞིན་འདོན་སྤེལ་བྱེད་ཐབས་ཀྱི་ལག་ཆ་ཞིག་རེད། སྙན་ངག་དང་ལྷུག་རྩོམ་གཉིས་བསྡུར་ན། ལྷུག་རྩོམ་ལ་རྣམ་པ་འདི་ཞེས་སྟོན་རྒྱུ་ཞིག་མེད་མོད།སྙན་ངག་ལ་བརྟན་འཇགས་ཀྱི་རྣམ་པ་ཞིག་ཡོད། སྙན་ངག་གིས་ངེས་གཏན་སྒྲོམ་གཞིའི་རྣམ་པའི་ཁྲོད་ནས་འགྱུར་ལྡོག་སྣ་མང་ལ་བརྩོན་ལེན་དང་བཅིངས་རྒྱའི་ཁྲོད་ནས་རང་དབང་ལ་བརྩོན་ལེན་བྱས་ཏེ། རྣམ་པའི་འགྱུར་བ་རྫོགས་མཐའ་མེད་པ་ཞིག་བསྐྱེད། སྙན་ངག་གི་རོལ་དབྱངས་རང་བཞིན་ལ་ལྷུག་རྩོམ་ལས་སྣ་མང་རྙོག་འཛིང་གི་ཁྱད་ཆོས་ལྡན། དེ་ནི་རོལ་དབྱངས་ལ་རང་བྱུང་ཁམས་ཀྱི་སྒྲ་མང་དག་ཅིག་ལས་སྣ་མང་རྙོག་འཛིང་གི་ཤས་ལྡན་པ་དང་འདྲ། སྙན་ངག་པས་རྣམ་པར་བརྟེན་ནས་ནང་སེམས་ཀྱི་ཚོར་བའི་གདངས་དབྱངས་གྱེར་བ་ནི། དོན་གྱིས་རོལ་མོ་བ་ཞིག་གིས་རོལ་ཆས་ལག་ཏུ་བཟུང་ནས་དབྱངས་ཚིགས་བརྒྱད་པོ་བསྲེས་ཏེ་སྙན་འགྱུར་འབུམ་ལྡན་གྱི་དབྱངས་རྟ་ཞིག་རྩོམ་པ་དང་ཆ་འདྲ།


   སྙན་ངག་གསར་བ་རྩོམ་དཀའ་བའི་རྒྱུ་མཚན་ནི་སྲོལ་རྒྱུན་སྙན་ངག་ལ་སྙན་ངག་བདུན་ཚིག་རྐང་བརྒྱད་མ་དང་སྙན་ངག་ཚིག་ཕྲེང་བཅུ་བཞི་མ་སོགས་ཀྱིས་མཚོན་པའི་བརྟན་ཆགས་ཀྱི་སྒྲོམ་གཞི་གསལ་བོ་ཞིག་ཡོད་ཅིང་། སྲོལ་རྒྱུན་སྙན་ངག་ལེགས་པོ་ཞིག་ལ་ཁོ་དང་འཚམ་པོ་ཡིན་པའི་སྒེར་གཤིས་ཤིག་གྲུབ་མེད་པའི་དབང་དུ་བཏང་རུང་། དེར་སྲོལ་རྒྱུན་སྙན་ངག་ཀུན་ལ་རང་ཆས་སུ་མངའ་བའི་ཐུན་མོང་གི་སྒྲོམ་གཞི་དེ་ཡོད་ངེས་གཏན་ཡིན། རོལ་དབྱངས་ཀྱི་སྒྲོམ་གཞི་གསལ་བའི་སྙན་ངག་ཅིག་ཡིན་ཕྱིན། སྨྲ་སྒོར་བླངས་མ་ཐག་ཁ་ལ་ངང་གིས་ལྷུང་འགྲོ་བར་ཐེ་ཚོམ་མེད། སྙན་ངག་གསར་བ་ལ་བརྟན་ཆགས་ཀྱི་སྒྲོམ་གཞི་གསལ་ཐག་ཆོད་པ་ཞིག་ད་དུང་གྲུབ་མེད་པར་མ་ཟད། སྙན་ངག་གསར་བར་འཇུག་མཁན་མི་ཉུང་བ་ཞིག་ལ་ཐབས་རྩལ་སྟེང་གི་སྦྱོང་བརྡར་སྔོན་དུ་སོང་མེད་སྟབས། སྙན་ངག་རེ་རེའི་སྟེང་ནས་མངོན་པར་གསལ་ཞིང་སྒེར་གཤིས་ཀྱིས་ཁྱོགས་པའི་སྒྲ་ཚིགས་ཀྱི་དབྱངས་རྟ་འཛིན་མ་ཐུབ་པས། གཞི་ནས་སྙན་ངག་གི་སྒྲིག་གཞི་འཐོར་གྱར་ཡ་བྲལ་ཞིག་བསྐྲུན་པ་ལས། སྙན་ངག་གི་རྣམ་པའི་མིང་ཙམ་ཡང་གླེང་ཐབས་མེད་པ་ཞིག་ཏུ་གྱུར་བ་རེད། རྣམ་པ་ནི་སྒྲོམ་གཞི་གསལ་ཐག་ཆོད་པ་ཞིག་གི་སྟེང་དུ་སྒེར་གཤིས་བསྣན་པར་ཆ་འཇོག་བྱས་ན། སྙན་ངག་གི་རྣམ་པ་ནི་སྙན་ངག་དེའི་རྣམ་ཤེས་སུ་བསྙད་ཆོག སྙན་ངག་གསར་འཇུག་པ་ཚོའི་ཕམ་ཁ་ཆེ་ཤོས་ནི་རྣམ་པ་གསར་ཤ་དོད་པོ་ཞིག་བཏོད་མི་ཐུབ་པ་དེ་ཡིན་ལ། ཡང་བཤད་ཕྱོགས་གཞན་ཞིག་གི་ངོས་ནས་བཤད་ན། འབྲི་མཁན་གྱིས་རང་གི་སྟོན་འདོད་ཚོར་སྣང་དེ་ལ་རང་གི་ཁ་སྟབས་དང་འཚམ་པོ་ཡིན་པའི་སྐད་ཆའི་དབྱངས་འགྲོས་ཤིག་སྦྱོར་ཐུབ་ཀྱིན་མེད་པ་དེ་རེད་འདོད།ཁྱོད་ཀྱི་སྙན་ངག་ལེགས་འགྲུབ་བྱུང་མི་འདུག ཁ་ཁོག་མེད་པར་བཤད་ན། ཁྱོད་ཀྱང་སྙན་ངག་གསར་འཇུག་པ་ཚོ་དང་འདྲ་བར། སྙན་ངག་གི་རྣམ་པ་གསར་རྐྱང་ཞིག་རྩོམ་ཐུབ་མེད་པས། ང་ཚོ་ཀློག་པ་པོས་ཡི་གེའི་བསྟན་དོན་གྱི་ཕར་ངོགས་ནས་ཡིད་ཀྱི་དང་བ་ངང་གིས་འདྲེན་བྱེད་ཀྱི་རྐྱེན་གཞན་པ་ཅི་ཡང་མཐོང་མ་བྱུང་། ཁྱོད་ཀྱིས་རང་གི་བྲིས་བྲིས་ཐམས་ཅད་པོ་སྙན་ངག་གསར་བ་ཡིན་འདང་གིས་རྩོམ་གྱིན་འདུག་ནའང་། དོན་ལ་དེ་དག་ཐམས་ཅད་ནི་ལྷུག་རྩོམ་ལས་མ་འདས། ལྷུག་རྩོམ་ཞིག་གི་ཚད་གཞིའི་ངོས་ནས་བལྟས་པ་ཡིན་ན་དེ་འབྲེལ་གྱི་ལྷུག་རྩོམ་ཡག་པོ་ཞིག་ཀྱང་འཁྱོངས་མི་འདུག ཁྱོད་ཀྱིས་ཐིག་ཕྲེང་གོང་འོག་གི་བར་ཆོད་པར་བྱས་ཏེ་བརྩམས་ཡོད་མོད། གལ་སྲིད་ལྷུག་རྩོམ་ནང་བཞིན་ཚིག་དང་ཚིག་གི་བར་མ་བཅད་པར་བརྗོད་འདོད་ཀྱི་དོན་མཐའ་ལ་ཐུག་གི་བར་དུ་བཀྲམ་ཚེ། ཁྱོད་ལ་རང་གི་སྟོན་འདོད་པ་མང་དག་ཅིག་ག་ཤེད་ཅིག་ནས་ཤོར་དོགས་ཀྱི་ཕངས་སེམས་དེ་ཡོད་དམ། ང་རང་དབྱིན་ཡིག་གི་ལམ་ནས་བྲིས་པའི་སྙན་ངག་གསར་བ་ཀློག་པར་ཧ་ཅང་མོས། ང་ལ་དབྱིན་ཡིག་སྙན་ངག་ལེགས་མིན་ལ་དབྱེ་འབྱེད་བྱེད་པའི་ཚད་གཞི་མཚར་བོ་ཞིག་ཡོད་དེ། སྙན་ངག་ཅིག་མིག་ལམ་དུ་བསྟར་མ་ཐག ཐོག་མར་སྙན་ངག་དེའི་བསྟན་དོན་གོ་མིན་ལ་ཁ་ཡ་ཁྱོན་ནས་མ་བྱས་པར། མགོ་ནས་མཇུག་བར་ཐེངས་གཅིག་གྱེར་ནས། བཀླགས་པའི་གོ་རིམ་ཁྲོད་དེར་གཞན་དང་མི་མཚུངས་པའི་སྐད་ཆའི་དབྱངས་འགྲོས་རང་ཡན་པ་ཞིག་ཡོད་མེད་ལ་བལྟས་པ་ཡིན། གལ་ཏེ་དབྱངས་ཀྱི་འདེགས་འཇོག་གསལ་ལ་གྲིམ་ཤ་དོད་པོ་ཞིག་ཡིན་དུས།སྙན་ངག་དེའི་ཚིག་ངོས་ཀྱི་ལྟག་རྒྱབ་ན་ལྟ་རིན་ཅན་གྱི་དངོས་པོ་གསར་རྐྱང་ཞིག་ཡོད་པར་ཐག་གཅོད་བྱས་པ་ཡིན། གལ་ཏེ་སྐད་ཆའི་དབྱངས་འགྲོས་འཆོལ་ནས་ཉག་ཉོག་ཟང་ཟིང་དུ་གྱུར་ཡོད་ཚེ། སྙན་ངག་རྩོམ་མཁན་དེའི་བསམ་བཀོད་ཀྱང་དེ་བསྟུན་ཉབ་ཉོབ་གསོབ་གཟུགས་ཡིན་པ་ཚིག་ཐག་བཅད་ནི་ཡིན།ཁྱོད་ལ་ཁྱོད་ཀྱི་སྙན་ངག་གི་ལྟ་བ་ཡོད་པ་དང་། ཁྱོད་ཀྱིས་ལྔ་བཞིའི་དུས་སྐབས་ཀྱི་སྙན་ངག་གསར་བའི་རྩོམ་སྟངས་ལ་ལད་ཟློས་བྱས་ཡོད་པར་མ་ཟད། ཡོ་རོབ་གླིང་གི་འཆར་ཡན་རིང་ལུགས་ཀྱི་སྙན་ངག་ལའང་བལྟས་ཡོད་ཤས་ཆེ། ལྔ་བཞིའི་དུས་སྐབས་ཀྱི་རྩོམ་པ་པོ་དང་ཁོ་ཚོའི་སློབ་རྒྱུད་དག་གིས་བཅོས་སྒྱུར་དང་དགོངས་དོན་གསར་བ་ཞིག་ལ་ཚོད་ལྟ་བྱས་པའི་བསམ་སྦྱོར་ལ་ང་ཚོས་ཅིས་ཀྱང་རྗེས་སུ་ཡི་རངས་བྱེད་དགོས་ནའང་།དོན་དངོས་ནི་དོན་དངོས་ཡིན་པར་སུས་ཀྱང་བསྙོན་མི་རུང་། ཁོ་ཚོས་ནུབ་གླིང་གི་སྙན་ངག་ལ་སྦྱངས་པ་བྱས་ཡོད་ཀྱང་། ནུབ་གླིང་གི་སྙན་ངག་ལ་གོ་བ་གཏིང་ཚུགས་པ་ཞིག་ལོན་མེད། ཁོ་ཚོས་སྲོལ་རྒྱུན་རྙིང་བའི་མགོ་རྟིང་སློག་པར་འབད་ནའང་། ཁོ་ཚོ་སྲོལ་རྒྱུན་རྙིང་བས་བཅིངས་པ་སྔར་ལས་ཐུ། ཁོ་ཚོས་ཕལ་སྐད་ཀྱི་ལམ་ནས་སྙན་ངག་རྙིང་བ་བྲིས་པས། ཤེལ་དམ་གསར་བའི་ནང་དུ་ཆང་རྙིང་བ་བླུགས་པ་ལས་མ་འདས། ཁོ་ཚོའི་ཕམ་ཁ་ཆེས་ཆེ་ཤོས་ནི་ཚོར་སྣང་གི་རྟོག་ལྗོངས་གསར་བ་ཞིག་བཏོད་མ་ཐུབ་པ་དང་། མི་ཚེ་དང་འཇིག་རྟེན་ལ་མིག་ཟུང་གསར་བ་ཞིག་གིས་ལྟ་མ་ཐུབ་པར།བརྩེ་བ་ཕལ་རྐྱང་ཞིག་དང་གླེང་བརྗོད་སྟོང་གསོབ་ཅིག་བཀོལ་བར་འབད་འདུག ཕལ་སྐད་ཀྱི་ལམ་ནས་བརྩམས་ཡོད་ཀྱང་ཚིག་རྒྱན་རྙིང་གོག་འགའ་ལས་ཅི་ཡང་མ་རེད། མིག་སྔའི་ཚགས་ཤོག་དང་དུས་དེབ་སྟེང་ནས་མཐོང་ཐུབ་པའི་སྙན་ངག་གསར་བ་དག སྒྲིག་གཞི་དང་སྤྱི་ཚོགས་འདུ་ཤེས་ཀྱི་སྟེང་ན་གསར་བཅོས་བྱས་ཡོད་པ་ལས།མང་ཆེ་བས་ལྔ་བཞིའི་དུས་སྐབས་ཀྱི་སྔར་སྲོལ་རྒྱུན་འཛིན་བྱས་འདུག སྙན་ངག་ནི་ཚིག་རྒྱན་དང་རྩོད་གླེང་ཤགས་འགྱེད་ལྟ་བུ་མིན། སྙན་ངག་གསར་སློབ་པ་མང་ཆེ་བར་མཚོན་ན་ཐོག་མའི་རྐང་བ་སྤོ་ས་ནོར་འདུག་སྟེ། ཚིག་རྒྱན་དང་ཤགས་འགྱེད་གཏམ་གླེང་གི་སྟེང་ཁོ་ནར་ཤུགས་འདོན་བཞིན་ཡོད་པས། ལྔ་བཞིའི་དུས་སྐབས་དང་དེང་སྐབས་ཀྱི་ན་གཞོན་སྙན་ངག་པ་མང་ཆེ་བར་ནུབ་གླིང་སྙན་ངག་གི་ཤུགས་རྐྱེན་ཐེབས་པ་ལས། ཕོན་ཆེ་བར་འཆར་ཡན་རིང་ལུགས་ཀྱི་སྙན་ངག་པ་པའེ་ལོན་དང་ཞོས་ལའེ་སོགས་ཀྱི་ཤན་ཐེབས་ཚད་ཆེ།ངས་བསམ་ན་དེང་གི་ན་གཞོན་ཚོས་དཔེ་ལྟ་སའི་ནུབ་གླིང་གི་སྙན་ངག་པ་དང་རིང་ལུགས་འཆུག་འདུག་སྙམ།རྒྱུ་མཚན། འཆར་ཡན་རིང་ལུགས་ལ་རང་ཉིད་ཁོ་ན་གཙོ་བོར་འཛིན་པ་དང་སྐྱོ་སྣང་རིང་ལུགས་ཀྱི་མཁའ་དབུགས་སྟུག་པས། རིང་ལུགས་དེར་སློབ་སྦྱོང་བྱེད་མཁན་རྣམས་རང་གི་རྐང་ལག་རང་གིས་བསྡམས་པའི་ལམ་བུར་ངང་གིས་ཞུགས་འགྲོ བྱིས་བློ་ཅན་དང་དཀྱུས་མའི་ཚོར་བ་མཚམས་ཚིགས་མེད་ལ། བཙོ་སྦྱངས་མ་བྱས་པར་ཕྱིར་བཏོན་པས། སྲོག་མེད་ལབ་བརྡོལ་ལྟ་བུར་གྱུར་འདུག སྙན་ངག་ལའང་སྒྱུ་རྩལ་གཞན་དག་དང་འདྲ་བར། གསར་གཏོད་དང་ཉེན་འཚོལ་གྱི་ཆ་ཅིས་ཀྱང་མཁོ་བ་ཡིན། རྒྱུན་པར་གཞན་གྱི་ལམ་རྙིང་དེད་དེ་སོང་ན་ཡར་སྐྱེད་ཡོད་མི་སྲིད། ངས་དངོས་ཡོད་རིང་ལུགས་ལ་གདུང་སེམས་བཅངས་པ་མ་ཡིན་ནའང་། དངོས་ཡོད་ཇི་བཞིན་འབྲི་ལུགས་དེ་ན་གཞོན་ཚོར་ཕན་ཐོགས་ཆེན་པོ་འདུག་སྙམ། འབྲི་ཐབས་འདིས་རང་ཤོང་སྤྱིལ་བུའི་ནང་གི་ན་གཞོན་མང་དག་ཅིག་ཡར་བཏོན་ནས། ཁོ་ཚོའི་མིག་རྒྱ་ཡངས་པོར་ཕྱེ་ཐུབ་པར་མ་ཟད། མི་སྣ་མི་འདྲ་བ་ཁོར་ཡུག་མི་འདྲ་བའི་ནང་བཞག་ན་འཚོ་བའི་མྱོང་སྣང་མི་འདྲ་བ་རེ་མངོན་རྒྱུ་ཡོད་པའི་དོན་དེ་ཁོ་ཚོའི་རང་རྒྱུད་དུ་འཇོག་ཐུབ། འབྲི་ཐབས་འདིས་ཁོ་ཚོའི་ཚོར་སྣང་ཇེ་སྐྱེན་དང་ཁོ་ཚོའི་ཀུན་རྟོག་འགྱུ་ཤུགས་ཇེ་ཆེ།  རང་ལས་གཞན་པའི་རང་བྱུང་ཁམས་དང་བྱ་དངོས་ལ་གདུང་སེམས་འཛིན་པའི་འདུ་ཤེས་མཐོར་འདེགས་བཅས་བཏང་ནས། ཁོ་ཚོའི་བསམ་བློའི་ཐོན་ཁུངས་ཞིབ་ཆ་ལྡན་པའི་ངང་སྔོག་འདོན་བྱེད་ཐུབ་པ་ཡིན།

    མདོར་བསྡུས་ན། ན་གཞོན་སྙན་ངག་པ་ཚོས་སྙིང་བོ་མེད་པ་དང་ཡི་ཐང་ཆད་པའི་དུངས་བརྗོད་སྙན་ངག་གི་རིགས་ཉུང་དུ་བྲིས་ནས། ཟློས་གར་རང་བཞིན་ལ་གཞོལ་བའི་དོན་བརྗོད་སྙན་ངག་དང་ཞིབ་འབྲི་རང་བཞིན་ལ་གཞོལ་བའི་སྙན་ངག་མང་དུ་བྲིས་ན་བཟང་། ཁོ་ཚོས་རབ་ཡིན་ན་པའེ་ལོན་དང་ཞོས་ལའེ་སོགས་ལ་སློབ་སྦྱོང་ཉུང་དུ་བྱས་ཏེ། ཤིག་སེ་པེར་དང་ནུབ་གླིང་གི་དེང་རབས་སྙན་ངག་ལ་སློབ་སྦྱོང་མང་དུ་བྱས་ན་འགྲིག ཁྱོད་ཀྱིས་སྙན་ངག་རྩོམ་པ་ལ་སློབ་སྦྱོང་བྱེད་དགོས་མིན་གྱི་དྲི་བ་ཞིག་དྲིས་འདུག སྤྱིར་ན་སློབ་པའི་མུ་ལ་མཐའ་མེད་ཅིང་། ང་ཚོས་འཇིག་རྟེན་གྱི་འགྲོ་ལུགས་འདུག་སྟངས་ལས་བསླབ་ཆོག་པ་དང་།རང་ཉིད་ཀྱི་རྩོམ་འབྲིའི་གོ་རིམ་ཁྲོད་ནས་ཀྱང་བསླབ་ཆོག  དཔེ་ཆའི་ཁྲོད་ནས་ཀྱང་བསླབ་ཆོག  དཔེ་ཀློག་ནི་བསླབ་པ་ཀུན་གྱི་ནང་གསེས་ཤིག་ཡིན་པར་མ་ཟད། སློབ་པའི་གོ་རིམ་ཁྲོད་མེད་དུ་མི་རུང་ཞིང་གལ་འགངས་ཆེ་ཤོས་ཀྱི་ལས་ཀ་ཞིག་ཀྱང་ཡིན། སྙན་ངག་གསར་བ་འབྲི་མཁན་མང་དག་ཅིག་གི་སྐྱོན་ཆ་ནི། འཚོ་བའི་མྱོང་གོམས་ཀྱི་རོ་བྲོ་མྱོང་རྒྱུར་མི་བརྩོན་ལ། དཀའ་བ་ཁྱད་དུ་བསད་ནས་རང་ལམ་རང་འཚོལ་མི་བྱེད་པར། ཚགས་པར་དང་དུས་དེབ་རེ་འགའི་སྟེང་གི་སྙན་ངག་གསར་བ་འབའ་ཞིག་ལ་བལྟས་ནས། དེ་དག་ལ་ལད་ཟློས་ཁོ་ན་བྱེད། ལོང་བས་ལོང་བ་གཡང་སར་འཕྱན་པའི་དཔེ་ལྟར། ཡང་དག་པའི་བགྲོད་ལམ་སྟེང་དུ་གོམ་པ་འཇོག་མི་ཐུབ། སྙན་ངག་གསར་བར་འཇུག་མཁན་ཚོར་མཚོན་ན་ཅི་ཞིག་སློབ་དགོས་མིན་ཐད་མགོ་རྨོངས་འདུག  

     ངས་བསམ་ན་སློབ་པའི་གནད་དོན་ཐད་ཁོ་ཚོའི་མིག་མདུན་དུ་ལམ་གསུམ་མ་གཏོགས་ལྷག་མེད་དེ། ལམ་གཅིག་ནི་ནུབ་གླིང་སྙན་ངག་གི་ལམ་ཁ་དེ་ཡིན། ངས་བསམ་ན་ལམ་འདི་ལ་སྙན་ངག་གསར་འཇུག་པ་ཕོན་ཆེ་བ་ཞུགས་རྒྱུ་རེད་འདོད། དེས་ང་ཚོར་མི་ཆོས་ཀྱི་བྲོ་བ་གསར་རྐྱང་ཞིག་གི་རོ་མྱོང་སྟངས་སྟོན་པ་ལས་གཞན། སྣ་མང་འགྱུར་བག་རྒོད་པའི་ཐབས་རྩལ་གྱི་གནད་བསྟན་ནས། ཡི་གེ་ཡི་མི་མངོན་པའི་ནུས་པ་འདོན་སྤེལ་ཟབ་འཁྱོལ་ཡོང་ཐབས་ཀེར་ངེས། སྙན་ངག་ནི་བསྒྱུར་མི་རུང་བས། ནུབ་གླིང་གི་སྙན་ངག་ལ་རྒྱུས་ལོན་བྱེད་པར་ཅིས་ཀྱང་ནུབ་ཕྱོགས་ཀྱི་སྐད་རིགས་གཅིག་ལ་ནང་བྱན་ཆུད་དགོས་པ་ཁོ་ཐག་ཡིན། སྐད་རིགས་གཞན་ཞིག་ལ་ནང་བྱན་ཆུད་དེ་དེའི་སྙན་ངག་གི་གོ་བ་གཏིང་ཚུགས་པ་ཞིག་ལོན་པར། ལོ་དང་ཟླ་བ་མང་པོ་ཞིག་གི་དཀའ་བ་ཁྱད་གསོད་དང་རྟག་སྦྱོར་བརྩོན་འགྲུས་མེད་ན་ག་ལ་འགྲུབ། ན་གཞོན་སྙན་ངག་གསར་འཇུག་པ་མང་ཆེ་བར་མཚོན་ན།  སྐད་རིགས་གཞན་ལ་སློབ་པའི་གླགས་མེད་པའམ་ཡང་ན། སྙན་ངག་གི་ཆེད་དུ་སྐད་རིགས་གཞན་པ་ཞིག་སློབ་པར་མཁོ་བའི་བློ་རྩ་བརྟན་པོ་དེ་ཡོད་མི་ཐུབ།

    ལམ་གཉིས་པ་ནི་ཀྲུང་གོའི་གནའ་རབས་སྙན་ངག་ཡིན།  མི་ཁ་ཤས་ཀྱིས་གནའ་རབས་སྙན་ངག་ཀློག་པ་ནི་གོལ་ལམ་ཞིག་ཏུ་བལྟས་འདུག་པར་མ་ཟད། གནའ་རབས་སྙན་ངག་ལ་ཀློག་རིན་མེད་པར་སེམས་ཀྱིན་ཡོད། ཡང་ན་གནའ་རབས་སྙན་ངག་ནི་འཆིང་རྒྱ་ཞིག་དང་སྒྲོག་ཅིག་ཏུ་བལྟས་ཏེ། གསར་རྩོམ་རང་དབང་གི་བཀག་རྒྱ་ཞིག་ཏུའང་བལྟས་འདུག ངས་བསམ་ན་དེ་འདྲ་ཞིག་མིན་པར་འདོད། ངས་བསམ་ན་ཀྲུང་གོའི་རྩོམ་རིག་ལས་གནའ་རབས་སྙན་ངག་ཁོ་ནས་ནུབ་གླིང་སྙན་ངག་གི་དཔུང་ཡ་ཉན་པར་འདོད། ཀྲུང་གོའི་གནའ་རབས་སྙན་ངག་གི་ཁྱབ་ཁོངས་ཅུང་གུ་དོག་མོ་ཅན་ཡིན་རུང་། དེའི་བཙོ་སྦྱངས་སྔོན་སོང་དང་ཞིབ་ཆ། ངོས་གཙང་གི་ཆ་བཅས་ལ་ནུབ་གླིང་སྙན་ངག་གིས་བསྒྲུན་དུ་མེད། གནའ་རབས་སྙན་ངག་འཆིང་རྒྱ་རུ་འགྱུར་མིན་དེ་གཙོ་བོ་སློབ་མཁན་གྱིས་སློབ་ཤེས་བྱེད་ཐུབ་མིན་ལ་རག་ལས་འདུག་སྙམ། སློབ་ཤེས་བྱེད་མཁན་ལ་མཚོན་ན་གང་ལ་བལྟས་ཀྱང་བླང་བྱ་ཡིན་ལ། སློབ་མི་ཤེས་མཁན་ལ་མཚོན་ན་གང་ལ་བལྟས་ཀྱང་འཆིང་རྒྱ་ཡིན། སྙན་ངག་གི་རླབས་རྒྱུན་གསར་ཐོན་གྱིས་གནའ་རབས་སྙན་ངག་བས་མཐར་འདེད་སྲིད་པ་མཐོང་ཆོས་མྱོང་འགྱུར་ཡིན་ནའང་། མི་རིགས་རེ་རེའི་སྙན་ངག་ལ་རིམ་བརྒྱུད་ཀྱི་སྲོལ་རྒྱུན་ཞིག་ཡོད་པ་དང་། སྲོལ་རྒྱུན་དེས་ལྡོག་སྟེ་གནའ་རབས་སྙན་ངག་འཆིང་རྒྱ་རུ་བལྟ་མཁན་མང་དག་ཅིག་ལ་ཤན་ཐེབས་ཚད་ཆེ། ངས་བསམ་ན་ཀྲུང་གོའི་སྙན་ངག་ཀྱང་སྣང་ཚུལ་འདི་ལས་མ་འདས་སྙམ། ལོ་ངོ་སྟོང་ཕྲག་དུ་མར་རྒྱུན་འཛིན་བྱས་ནས་ཡོང་བའི་གནའ་རྩོམ་ལ་སྙན་ངག་གསར་བར་འཇུག་མཁན་ཚོས་སྔོག་འདོན་བྱེད་རིན་ཡོད་ངེས་གཏན་ཡིན།

     ལམ་གསུམ་པ་ནི་དར་ཁྱབ་ཆེ་བའི་དམངས་ཁྲོད་རྩོམ་རིག་གི་ལམ་ཁ་རེད། རྩོམ་རིག་གི་སྐྱེད་ཡུམ་ནི་དམངས་ཁྲོད་རྩོམ་རིག་ཡིན་པ་དང་། དམངས་ཁྲོད་ནས་དར་རྗེས་རིག་གནས་པས་ཁྱབ་གདལ་དུ་བཏང་ཡོད། འཕེལ་མེད་སོར་གནས་ཀྱི་དུས་སྐབས་སུ་ཐོན་རྗེས།རྩོམ་པ་པོའི་རྩོམ་རིག་གི་མེ་རོ་བསྐྱར་དུ་གསོ་བར། ཅིས་ཀྱང་བསྐྱར་དར་གྱི་དམངས་ཁྲོད་རྩོམ་རིག་ལས་འཚོ་བཅུད་ལེན་དགོས་པ་སྨྲས་མེད་ཡིན། འདི་ནི་ནུབ་གླིང་རྩོམ་རིག་དང་ཀྲུང་གོའི་རྩོམ་རིག་གཉིས་ཀའི་བྱུང་འཕེལ་བཞུད་ལམ་ཡིན། ང་ཚོས་མིག་སྔའི་དམངས་ཁྲོད་རྩོམ་རིག་གི་ཞིབ་འཇུག་དར་སྤེལ་བྱ་བར་དོ་སྣང་བྱེད་དགོས་ནའང་། དམངས་ཁྲོད་རྩོམ་རིག་དང་ནུབ་གླིང་གི་སྙན་ངག སྙན་ངག་རྙིང་བ་བཅས་ལ་སློབ་སྦྱོང་བྱེད་པར་ཅིས་ཀྱང་བློ་གསལ་ཤེས་ཡངས་ཀྱི་མིག་ཟུང་ཞིག་མཁོ་བ་ལས། ནེ་ཙོའི་ཀློག་འདོན་ལྟ་བུའི་ལད་ཟློས་ཀྱིས་ཅི་ཡང་མི་འཇོན། དམངས་ཁྲོད་རྩོམ་རིག་ལ་ཁོའི་ཁྱད་གཤིས་དང་བཀག་རྒྱ་ཡོད་པའང་ང་ཚོས་མ་བརྗེད་པ་བྱེད་དགོས། རྔ་རྡུང་གར་འཁྲབ་ཀྱི་སྐབས་གྱེར་བཞིན་པའི་ཚིག་དེ་ནི་དམངས་ཁྲོད་རྩོམ་རིག་གཤའ་མ་ཞིག་མ་ཡིན་པར། དེ་ནི་རྣམ་པ་ཅན་དང་ཚིག་གྱོང་ཅན་གྱི་ཚད་ལ་སླེབས་ཚར་འདུག དེའི་ནང་དོན་དང་རྣམ་པ་གཉིས་ཀའི་སྟེང་ན་ལེན་བྱ་ཆེན་པོ་ཞིག་མེད། མི་ཁ་ཤས་ཤིག་ད་དུང་སྔར་བཞིན་རྔ་རྡུང་བློ་འཁྲབ་ཀྱི་ཟློས་གར་ལ་སྤྲོ་སྣང་ཆེན་པོ་ཡོད་དོན་ནི། ཁོ་ཚོས་རྩོམ་རིག་གི་ངོས་ནས་དེར་དགའ་ཞེན་བྱས་པ་མ་ཡིན་པར་རོལ་དབྱངས་ཤིག་གི་ངོས་ནས་དེར་དགའ་ཞེན་བྱེད་ཀྱིན་ཡོད། དེ་བས། རྔ་རྡུང་གར་འཁྲབ་ཀྱི་ཟློས་གར་དེ་དྲིལ་སྒྲོག་གི་ལག་ཆ་ཞིག་ཏུ་བལྟས་ན་མི་ཆོག་རྒྱུ་མེད་ནའང་། དེ་བཀོལ་ནས་སྙན་ངག་གསར་བ་ལེགས་བཅོས་བྱེད་འདང་ཡོད་ན། བསམ་སྦྱོར་དེས་གྲུབ་འབྲས་ཆེན་པོ་ཞིག་ལོན་རྒྱུ་མ་རེད་འདོད། 

      ཀུན་གྱིས་མི་རིགས་ཀྱི་རྣམ་པ་གླེང་སྐབས། ཤེལ་དམ་རྙིང་བའི་ནང་དུ་ཆང་གསར་བ་ལྡུག་དགོས་པའི་བཞེད་དགོངས་འདོན་གྱིན་ཡོད་ནའང་། འདི་ནི་སྤུ་རིས་ཞིབ་མོར་མ་ཕྱེ་བའི་བསམ་བློ་ཞིག་རེད་འདོད། ཀྲུང་གོའི་སྙན་ངག་ལ་མིག་སྔའི་བར་དུ་མི་རིགས་ཀྱི་རྣམ་པ་གསར་ཤོས་ཆེ་བ་ཞིག་ད་དུང་གྲུབ་མེད་ཅིང་། མི་རིགས་ཀྱི་རྣམ་པ་གསལ་བའི་རྩོམ་རིག་ནི་རླབས་ཆེ་བའི་མི་རིགས་ཀྱི་སྙན་ངག་བྱུང་རྗེས་གཟོད་མངོན་དུ་རུང་བ་ཞིག་ཡིན་པས། ང་ཚོ་ད་དུང་མི་རིགས་ཀྱི་རྣམ་པ་གསལ་དོད་ཀྱི་རྩོམ་རིག་གླེང་པའི་དུས་མ་ཡིན་པར། སྤོབས་པ་ཆེན་པོས་མི་རིགས་ཀྱི་སྙན་ངག་གསར་རྩོམ་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཞིག་རེད། སྙན་ངག་མ་གྲུབ་པའི་སྔ་རོལ་དུ་མི་རིགས་ཀྱི་རྣམ་པ་མངོན་པར་གསལ་བ་ཐོན་མི་སྲིད་ལ། དེ་ནི་ཤ་ཁྲག་མ་གྲུབ་པའི་སྔོན་དུ་གཟུགས་གཞི་འགྲུབ་པར་འབུངས་པའི་དཔེ་ལས་མ་འདས། སྣང་ཚུལ་དེ་ནི་བསམ་ཕོད་པ་ཞིག་ག་ལ་ཡིན། དེ་བས་ཤེལ་དམ་རྙིང་བའི་ནང་དུ་ཆང་གསར་ལྡུག་འདོད་ཀྱི་བསམ་བློ་དེ་ནི་ར་མིན་ལུག་མིན་གྱི་སྦྱོར་བ་ཞིག་ཏུ་འདོད། སྙན་ངག་གི་ནང་དོན་དང་རྣམ་པ་གཉིས་ཀྱི་འབྲེལ་བ་ནི་ཆང་དང་ཤེལ་དམ་གཉིས་ཀྱི་འབྲེལ་བ་ལྟ་བུ་ཞིག་མ་ཡིན་པར། ཆང་དང་ཆང་དམ་གཉིས་སོ་སོར་དགར་རུང་དུ་ཡོད་ལ། སྙན་ངག་གི་ནང་དོན་དང་རྣམ་པ་གཉིས་སོ་སོར་དགར་མི་རུང་། ཆང་དང་ཆང་དམ་གཉིས་ཀྱི་འབྲེལ་བ་ནི་འཕྲུལ་ཆས་ཅན་དང་འགྱུར་མེད་ཅན་གྱི་རྣམ་པར་གནས་ཡོད་ཅིང་། སྙན་ངག་གི་ནང་དོན་དང་རྣམ་པ་གཉིས་ཀྱི་འབྲེལ་བ་ནི་རྫས་བསྣོལ་སྦྱོར་ལས་བསྐྱེད་པའི་འགྱུར་བ་ཅན་གྱི་ངོར་གནས་ཡོད། གལ་ཏེ་ང་ཚོར་སྙན་ངག་གི་ནང་དོན་གསར་རྐྱང་མཁོ་ན། ཅིས་ཀྱང་དེ་མཐུན་གྱི་རྣམ་པ་གསར་བ་ཞིག་བཏོད་རྒྱུ་ནི་གལ་ཆེན་རེད། རྣམ་པ་གསར་བ་མེད་ན་ནང་དོན་གསར་བ་སྟོན་མི་ཐུབ་པ་ནི་ཆོས་ཉིད་ཡིན། དེ་བས། ཆང་དམ་རྙིང་བའི་ནང་དུ་ཆང་གསར་ལྡུག་འདོད་ཀྱི་སྦྱོར་བ་དེ་ནི།དོན་གྱིས་འཚོ་བཅུད་མེད་པའི་ལམ་ཁར་ངང་གིས་ཞུགས་པའི་དཔེ་ལས་མ་འདས་ལ། དེ་ནི་མགོ་བདེ་དྲན་འཕྲུལ་དང་སྒྱིད་གཉོམ་ཆེན་པོའི་སྦྱོར་བ་ཞིག་ཀྱང་རེད།

      མཇུག་མཐར། སྙན་ངག་གསར་འཇུག་པ་ཚང་མ་ལྐོག་གྱུར་གྱི་ངོས་ནས་ཆོས་ཉིད་གླེང་བར་སྤྲོ་ཞིང་། རྩྭ་མགོ་རླུང་རྒྱག་ལྟ་བུའི་སྒོ་ནས་ཕྱོགས་ཁག་ལ་བསྙེས་ཐལ་ཆེ་བས། མཐར་རིང་ལུགས་དང་གྲུབ་མཐའ་ལྟ་བའི་གྲགས་སྐམ་ལས་ཅི་ཡང་ལྷག་མེད། སྙན་ངག་ནི་རིང་ལུགས་སྟོང་གསོབ་ཅིག་མ་ཡིན་ལ། ཁེ་གྲགས་དོན་དུ་གཉེར་བྱེད་ཅིག་ཀྱང་རྩ་བ་ནས་མིན། སྙན་ངག་གསར་འཇུག་པ་ཚང་མས་དངོས་ཡོད་སྒང་གི་མི་ལེགས་པའི་འདོད་ཡོན་བདུད་ཀྱི་གཡབ་མོ་དང་རིང་དུ་གྱེས་ཏེ། རང་དབང་ཚུགས་ཐུབ་ཀྱི་སྙིང་སྟོབས་ཅིག་རང་རྒྱུད་ལ་ཉར་ནས། དད་སེམས་འགྱུར་མེད་ཀྱི་སྒོ་ནས་རང་ཉིད་ཀྱི་བློ་སྦྱོང་ཇེ་མཐོར་བཏང་མཐར། རང་ཉིད་ཀྱི་རྩོམ་པའི་རྒྱལ་ཁམས་རང་གི་དཀའ་བའི་ལག་ཟུང་དང་གུས་རྟག་བརྩོན་འགྲུས་ཀྱིས་བསྐྲུན་དགོས། ཁ་ཕོ་འུད་སྒྲོག་ཆེན་པོ་ནི་སྙན་ངག་པའི་སྲོག་གཅོད་གཤེད་མ་ཡིན་ལ། རང་ལུགས་དང་ཕྱོགས་ཁག་གི་བློ་ཁ་བྲིད་ཐལ་ཆེ་ནས་རང་ཉིད་ཀྱི་རྩོམ་གཤིས་བོར་བ་ནི་དོན་གྱིས་རང་སྲོག་རང་གིས་གཅོད་པ་ལས་མ་འདས།
     གྲོགས་པོ། གོང་གསལ་གྱི་སྐད་ཆ་ཚང་མ་ནི་བློ་ཚ་བའི་སྒང་ལ་ཆུ་འཁྱགས་བླུགས་པ་མིན་པར། ཕན་དུ་རེ་བའི་སྒོ་ནས་མངོན་ལྐོག་མེད་པའི་སྐད་ཆ་འགའ་ལབ་པ་ཡིན་པས། ངའི་རེ་བ་ཡིན་ན། གོང་གསལ་སྐད་ཆ་འདི་དག་ལ་སེམས་གནད་དུ་ཕབ་ནས་གསན་ཞིབ་བྱས་རྗེས། སྙིང་སྟོབས་ཀྱི་ཁུར་འདེགས་ཆེན་པོ་ཞིག་གི་ངོས་ནས། རང་གི་གྲིབ་རིས་མ་བོར་བའི་སྙན་ངག་གི་ལམ་ཁ་ཡང་དག་ཅིག་ལ་ཞུགས་རྒྱུར་སྙིང་ནས་རེ་འབོད་བྱས་པ་ཡིན་ནོ།།

རྒྱའི་མཁས་པ་ཆེན་མོ་སྐུ་ཞབས་ཀྲུའུ་ཀོང་ཆན(朱光潜)གྱིས་བརྩམས་པའི《སྙན་ངག་གི་རྣམ་བཤད།》(《诗论》)ལས་སྙན་ངག་གསར་བ་འབྲི་མཁན་ན་གཞོན་ཞིག་ལ་སྤྲིངས་པའི་འཕྲིན་ཞེས་པ་འདི་བསྒྱུར་ནས་མཇུག་རྫོགས་པར་གྲུབ་པ་དགེའོ།།
                
རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease