
དེང་འདིར་ནིས་ཆའི་གསུང་ལ་མཇལ་དགོས་དོན་ཅི།
ཀྲོའུ་ཀུའོ་ཕིང་གིས་བརྩམས།
སྒྲོལ་དཀར་ཚེ་རིང་གིས་བསྒྱུར།
ནུབ་གླིང་གི་མཚན་ཉིད་མཁན་པོ་དག་ལས། ནིས་ཆ་(尼采)ནི་ཁྱད་པར་བ་ཞིག་ཡིན། སྤྱིར་སྐྱེས་བུ་ཁྱད་པར་བ་ནི་ཀུན་གྱིས་འཐད་ལྡན་དུ་འཛིན་དཀའ་ལ། ཁོང་ཡང་དུས་སྐབས་གཅིག་པའི་མི་རྣམས་ཀྱིས་འཐད་ལྡན་དུ་མ་བཀུར་བས། སྐུ་བཞུགས་པའི་ཚེ་ན་སྙན་གྲགས་ཆེར་མ་རྒྱས། ཡིན་ནའང་ཁོང་སྐུ་གཤེགས་རྗེས། ནུབ་གླིང་གི་རིག་གནས་པའི་སྡེ་དང་མཚན་ཉིད་རིག་པའི་གླིང་གིས་ཁོང་གི་རིན་ཐང་ལ་ངེས་པ་ལྷག་པར་རྙེད་པས། དུས་རབས་ཉི་ཤུ་པར་ཆེས་གྲགས་པ་འཕེལ་བའི་མཚན་ཉིད་མཁན་པོར་གྱུར། ཁོ་བོ་ནི་ནིས་ཆ་ལ་ལྷག་པར་དད་ཅིང་། ཁོང་གི་གཤིས་ཀ་དང་། ལྟ་གྲུབ། གསུང་རྩོམ་བཅས་ལ་མཛེས་པ་ཁྱད་པར་བ་ཞིག་བདོག་པར་འདོད། གང་དེས་བདག་བློ་སྐྱོམ་པར་བྱེད་ཅིང་། རྟོག་པ་མཐུན་སྣང་ཟབ་མོ་ཞིག་ཀྱང་བསྐྱེད་པར་ནུས། ལོ་ངོ་སོ་གཉིས་ཀྱི་སྔོན་ལ། པེ་ཅིན་སློབ་ཆེན་གྱི་གཞུང་ཤག་ཐོག་ཁང་གི་ཚོམས་ཆེན་དུ། ངས་ནིས་ཆའི་སྐོར་གྱི་འཆད་ཁྲིད་དང་པོར་སྤེལ། སྐབས་དེའི་རྣམ་པ་ནི་ནམ་ཡང་བརྗེད་དུ་མེད། འདུག་སྟེགས་སྟོང་ལ་ཉེ་བར་གཅིག་ཀྱང་ལྷག་མི་འདུག ངས་བཤད་མགོ་བརྩམས་མ་ཐག་གློག་ཆད་སོང་། ཁྲིད་སྟེགས་སུ་ཞག་སྒྲོན་ཞིག་བཀར་ཡོད་ལ། དེའི་འོག་ཏུ་ནག་འཐིབས་སེར་ཐམས་ཅད་འཇམ་ཅག་གེར་འདུག ཡིད་ལ་རང་གིས་ཆོས་འཆད་ཀྱིན་འདུག་སྙམ་པའང་བྱུང་། བཤད་ཚར་མ་ཐག་ཏུ་གློག་ཞིག་གསོ་བྱས་ཚར། ཚོམས་ཆེན་དུ་སྣང་བ་རྒྱས་པས། ཐམས་ཅད་ཀྱིས་དགའ་འབོད་ལྷང་ལྷང་སྒྲོག དེ་ནི་1986ལོ་ཡིན་ལ། ལོ་དེར་ངའི་ཆེད་དེབ་ཐོག་མ་《ནིས་ཆ—དུས་རབས་ཀྱི་དཀྱོགས་མཚམས་སུ་》(《尼采:在世纪的转折点上》)ཞེས་པ་དཔར། ལོ་གཅིག་གི་ནང་དུ་དེབ་འབུམ་གཅིག་ཚོང་། དེ་བཞིན་འགྱུར་དེབ་ཐོག་མ་《སྐྱོ་གར་གྱི་བྱུང་བ—ནིས་ཆའི་མཛེས་ཚོར་རིག་པའི་གསུང་རྩོམ་གཅེས་བསྡུས་》(《悲剧的诞生—尼采美学文选》)ཞེས་པའང་དཔར། དེ་ཡང་ལོ་གཅིག་གི་ནང་དུ་དེབ་འབུམ་གཅིག་དང་ཁྲི་ལྔ་ཚོང་། སྐབས་དེར་གཉེར་ཚོང་(营销)དང་སྒྱུར་ཚོང་(炒作)ལ་སོགས་པའི་ཐབས་ཀྱང་དར་མེད། དཔེ་སྐྲུན་ཁང་གིས་ཀྱང་ལྷག་པར་གཟབ་གཟབ་བྱས་ཏེ་དེབ་ཉུང་ངུ་རེ་དཔར་ལ། བཙོང་ཚར་རྗེས་སླར་ཡང་དཔར་བར་བྱེད། གྲངས་ཀ་འདི་ནི་སྐབས་དེར་མཚོན་ན་ཧ་ལས་པའི་ཚོད་རེད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་པར། ཀྲུང་གོའི་ས་ཆེན་པོར་ངང་ཚུལ་ཁྱད་པར་བ་ཞིག་གིས་ཁྱབ་ཅིང་། ངས་དེ་ལ་“ཡིད་བློའི་འཆར་ཡན་” (精神浪漫)ཞེས་བོས། ནིས་ཆ་དང་། ཧྥི་རེའུ་ཏི།(佛洛依德) སར་ཐར་(萨特)བཅས་ནི་ཐམས་ཅད་དགའ་བ་བསྐྱེད་པའི་མཚན་ཤ་སྟག་ཡིན་ལ། དེ་དག་གླེང་བ་ནི་སྐབས་དེའི་དར་སྲོལ་ཞིག་ཏུ་གྱུར། ཁྱོད་ཀྱིས་དགའ་རོགས་དང་དུས་བཏབ་ན། ལག་ཏུ་ནིས་ཆའི་དཔེ་ཆ་ཞིག་བཟུང་མེད་ན། དགའ་རོགས་ཀྱིས་ཁྱོད་ལ་རིག་གནས་མེད་པར་འདོད་དེ་འཕྱ་བར་ངེས། ལོ་ངོ་སུམ་ཅུ་ལྷག་འདས། ཡུལ་དུས་ལ་འགྱུར་བ་ཆེན་པོ་བྱུང་། ང་དང་ང་ལྟ་བུའི་སློབ་གཉེར་བའི་རབས་དེ་ན་གཞོན་ནས་རྒན་པོར་ཆགས། མི་དང་བསྡུར་ན། དུས་རབས་ནི་ལྷག་པར་རྒས་པ་ལྟར་སྣང་། སྐབས་དེར་བསམ་བློའི་རླབས་རྒྱུན་གང་ཞིག་དར་སྲོལ་དུ་ཆགས་པའི་ནང་ཡིད་བློའི་འཆར་ཡན་ཏེ། རྒྱུ་འབྱོར་འབའ་ཞིག་དར་སྲོལ་དུ་བྱེད་པའི་ཕྱི་དངོས་པོའི་འཆར་ཡན་གྱིས་ཚབ་བྱས་པས། ལྷག་པར་སྙན་ངག་གི་དོན་(诗意)དང་ལྡན་པ་ནི་རྒྱུ་འབྱོར་ཡིན་གྱི། མཚན་ཉིད་རིག་པ་ནི་ལྷག་པར་མ་ཡིན་ནོ། ། དེང་གི་ན་གཞོན་རྣམས་ལ་མཚོན་ན། དུས་རབས་དེ་ནི་རྒྱང་ཐག་རིང་བའི་ངག་རྒྱུན་དུ་གྱུར། ཡུལ་དུས་གནས་སྐབས་ག་འདྲ་ཞིག་ཡིན་ཡང་། ན་གཞོན་རྣམས་ནི་རང་བཞིན་གྱིས་ཕུགས་འདུན་རིང་ལུགས་པ་ཡིན་ལ། ནང་སེམས་སུ་ཡིད་བློའི་འཆར་ཡན་གྱི་འདོད་པ་མེ་ལྟར་འབར་གྱིན་པར་ཡིད་ཆེས་ཡོད། ངས་འདིར་ཁྱོད་ཚོར་ནིས་ཆའི་གསུང་ལ་མཇལ་བའི་རེ་བ་འདོན་པ་ནི། ལོ་ངོ་བདུན་ཅུའི་ན་གཞོན་ཞིག་གི་རེ་འདུན་བཅངས་ཏེ། ཁྱོད་ཚོ་ལོ་ཉི་ཤུ་དང་། སུམ་ཅུ། བཞི་བཅུའི་སྟེང་གི་རྒན་པོ་ཞིག་ཏུ་མི་འགྱུར་བར་རེ། ནིས་ཆ་མཆོག་ནི་ན་གཞོན་རྣམས་ལ་དབང་། འདིར་བཤད་པའི་ན་གཞོན་ནི་ལོ་ཚོད་འབའ་ཞིག་ལ་བསྟན་པ་མ་ཡིན་པར། དེ་ལས་ཀྱང་གཤིས་སྤྱོད་ལ་བསྟན་པ་ཡིན། ན་གཞོན་དག་གི་ཁྱད་ཆོས་ནི་འདི་ལྟ་སྟེ། ཚེ་སྲོག་གི་སྟོབས་དང་ལྡན་པ་དང་གཅིག ཡིད་བློ་བླ་ན་མེད་པ་དང་གཉིས་སོ། ། ནིས་ཆ་མཆོག་ནི་སྐྱེས་བུ་འདི་ལྟ་བུ་ཞིག་ཡིན་ལ། ཁྱོད་ཅག་ཀྱང་སྐྱེས་བུ་འདི་ལྟ་བུ་ཞིག་ཏུ་འགྱུར་བའི་སྨོན་འདུན་ཞུ།
2019ལོའི་སྤྱི་ཟླ་2པར། རྩོམ་ཁུངས། ཀྲེ་ཅང་མི་དམངས་དཔེ་སྐྲུན་ཁང་གིས2022ལོའི་སྤྱི་ཟླ8པའི་ཚེས1ཉིན་དཔར་དུ་བཏབ་པའི《ཀྲོའུ་ཀུའོ་ཕིང་གིས་མཚན་ཉིད་རིག་པ་གླེང་བ》ཞེས་པ་ལས་བདམས་ཏེ་བོད་འགྱུར་ཞུས།
མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།
Signature is customized by Netease