ཐལ་དྲགས་ཆེ་བའི་མི་གཉིས།

    ཡིག་སྒྱུར་བ། རས་པ·སྐལ་བཟང་ཚེ་རིང་།


ཐལ་དྲགས་ཆེ་བའི་མི་གཉིས།

 

                      རས་པ·སྐལ་བཟང་ཚེ་རིང་གིས་བསྒྱུར།


        དུས་རབས་བཅུ་དགུ་པའི་དུས་སྐེད་དུ།    ལོ་ལེགས་མ་བྱུང་བའི་རྐྱེན་གྱིས་ཨེར་ལན་( Ireland爱尔兰 )དུ་མུ་གེ་བྱུང་།   དེར་ལོ་ལྔའི་ནང་དུ་མི་འབུམ་གཅིག་མུ་གེས་ཤི།   གསོན་པའི་ཐབས་ལམ་ཞིག་འཚོལ་ཕྱིར།   བཀྲེས་ལྟོགས་ཀྱིས་མནར་བའི་དབུལ་ཕོངས་ཅན་མང་པོས་མ་སྐུལ་རང་དབང་ངང་གྲུ་དཔོན་ཅི་ཨེར་ལཱ་ཧྲི་བཙལ་དུ་ཡོང་།    ཁོང་ཚོས་གྲུ་དཔོན་ལ་རང་ཉིད་གྲུ་གཟིངས་ཐོག་གི་བྲན་གཡོག་ཅིག་བྱ་བཅུག་རོགས་ཞེས་རེ་ཞུ་ཕུལ།  ཁོང་ཚོ་ལ་དམིགས་ཡུལ་ཉག་གཅིག་ལས་མེད་པ་སྟེ།    མཚོ་གྲུར་འདུག་ནས་མེ་གླིང་དུ་སོང་སྟེ་ཕོ་བ་རྒྱགས་ཐབས་བྱ་རྒྱུ་དེ་རེད། 

      མེ་གླིང་དུ་བྲན་གཡོག་གཅིག་བཙོང་ན་ཨེར་ལན་སྒོར་མོ་བརྒྱ་རེ་རག་བཞིན་ཡོད།   ཡིན་ཡང་མཚོ་གྲུ་གཅིག་གི་ནང་དུ་མི་ལྔ་བརྒྱ་རེ་མ་གཏོགས་མི་ཤོང་།   གལ་སྲིད་བྲན་གཡོག་མཚོ་གྲུ་གང་རེ་བཅུག་ནས་ཕར་འགྲོ་ཚུར་འོང་ཐེངས་གཅིག་བྱས་ན་ཨེར་ལན་སྒོར་མོ་ཁྲི་ལྔ་རག་བཞིན་ཡོད་པ་དེ་ཤེས་རྗེས།   གྲུ་དཔོན་བློ་རིག་རྒོད་པོ་ཅི་ཨེར་ལཱ་ཧྲི་ཡིས་གལ་ཏེ་ངས་ཚོང་འདི་བརྒྱབ་ན་ཁེ་ཕན་ཡག་པོ་འདུག་སྙམ།   དེར་ཁོང་གིས་བསྒྲགས་ཡིག་བཀྲམ་ནས་བྲན་གཡོག་བྱེད་མོས་ཡོད་པའི་དབུལ་པོ་རྣམས་སྡུད་འགུག་བྱས། 

       གཟའ་འཁོར་གཅིག་གི་དུས་ཚོད་ནང་དབུལ་པོ་ལྔ་བརྒྱ་ཡིས་མིང་ཐོ་འགོད་སར་འོངས།   ཁེ་སྤོགས་ཆེན་མོའི་སྐུལ་མ་འོག    གྲུ་དཔོན་ཅི་ཨེར་ལཱ་ཧྲི་ཡིས་ཉིན་མཚན་དབྱེར་མེད་ངང་ནུབ་ཕྱོགས་རྒྱ་མཚོ་ཆེན་མོའི་ཐོག་ལ་གྲུ་གཟིངས་བཏང་ནས་དབུལ་པོ་གང་མང་དང་གང་མང་ཨ་རི་གྲོང་ཁྱེར་པུའོ་ཧྲི་ཏུན་ལ་སྐྱེལ་འདྲེན་བྱས་པས།   སྒོར་མོ་བགྲང་གིས་མི་ལོང་པ་ཞིག་རང་གི་དངུལ་ཁུག་ནང་བཅུག་ཆོག་པར་གྱུར།   

       དེ་དུས་མཚོ་གྲུ་བཏང་ནས་ནུབ་ཕྱོགས་རྒྱ་མཚོ་ཆེན་མོ་སྒྲོལ་དགོས་ན་དཀའ་ངལ་དང་ཉེན་ཁ་ཧ་ཅང་ཆེ།   འོན་ཀྱང་གྲུ་དཔོན་ཅི་ཨེར་ལཱ་ཧྲི་ཡིས་ཉམ་ཐག་པའི་དབུལ་པོ་རྣམས་ཀྱི་སྒོར་མོ་ལེན་ཐབས་བྱས་པའི་བྱ་སྤྱོད་དེ་ལ་ཤེས་ཡོན་པ་མང་པོས་དགག་པ་དང་སྐྱོན་བརྗོད་བྱས།   ས་དེ་གའི་སྙན་གྲགས་ཆེ་བའི་ཆོས་དཔོན་ཆའོ་ཀྲི་ཞེས་པ་ཞིག་གིས་དེ་བས་བཟོད་གླགས་བྲལ་བའི་ངང་ནས་ཤོག་ལྡེབས་དྲུག་ཅུ་རེ་བརྒྱད་ཅན་གྱི་ཉེས་སྤྱོད་བགྲང་ཡིག་ཅིག་བྲིས་ཏེ།   ས་གནས་དེ་གའི་སྤྱི་བདེ་ལས་ཁུངས་ལ་གྲུ་དཔོན་ཅི་ཨེར་ལཱ་ཧྲི་ཡིས་བྲན་གཡོག་གི་ཚོང་བརྒྱབ་ནས་སྒེར་གྱི་ཁེ་ཕན་ཆེན་མོ་ལོན་ཡོད་རབས་དང་མི་དེ་ལ་ཆད་གཅོད་ནན་མོར་བྱ་དགོས་པའི་ཞུ་གཏུག་བྱས།   སྤྱི་བདེ་ལས་ཁུངས་ནི་ཆོས་དཔོན་ཆའོ་ཀྲི་ཡི་དྲང་བདེན་གྱི་བྱ་སྤྱོད་དེ་ལ་སེམས་འགུལ་ཐེབས་ཅིང་གྲུ་དཔོན་ཅི་ཨེར་ལཱ་ཧྲི་ཡི་བྱ་སྤྱོད་མ་རབས་དེ་ལ་ཞེ་སྡང་གཏིང་ནས་སྐྱེས། དེར་བརྟེན་ཉེན་རྟོག་པས་མཚན་མོ་ཞིག་ལ་གྲུ་དཔོན་ཅི་ཨེར་ལཱ་ཧྲི་འཛིན་བཟུང་བྱས་ནས་བཙོན་ཁང་ནང་བརྫངས།

        རེད་དེ་བསམ་ཡུལ་ལས་འདས་པ་ཞིག་ནི་དེའི་ཕྱི་ཉིན།     བཀྲེས་སྐོམ་ཅན་གྱི་དབུལ་པོ་བརྒྱ་ཕྲག་ཁ་ཤས་གྲུ་ཁར་འཛོམས་ནས་ཨ་རི་ལ་འགྲོ་གྲབས་བྱས།    ཡིན་ཡང་ཁོང་ཚོས་གྲུ་ཁར་ཉིན་ཕྱེད་ཙམ་སྒུག་ཀྱང་གྲུ་དཔོན་ཅི་ཨེར་ལཱ་ཧྲི་ནི་མཐོང་ལམ་དུ་མ་བྱུང་།     ཡར་འདྲི་མར་འདྲི་བྱེད་དུས་ཆོས་དཔོན་ཆའོ་ཀྲི་ཡིས་གྱོད་གཏུག་ཡི་གེ་བྲིས་པས་གྲུ་དཔོན་ཅི་ཨེར་ལཱ་ཧྲི་བཙོན་དུ་ཚུད་ཡོད་པར་ཤེས།   དབུལ་པོ་ཚོ་ཁོང་ཁྲོ་མེ་ལྟར་འབར་ནས་ཆོས་དཔོན་ཆའོ་ཀྲི་ཡི་སར་སོང་།   ཁོང་ཚོས་ཆོས་དཔོན་ཆའོ་ཀྲི་ལ།    ཁྱོད་ཀྱིས་མི་འཇོན་འཇོན་མདོག་བྱས་ནས་ང་ཚོའི་གསོན་ལམ་ཉག་གཅིག་དེའང་བཅད་སོང་ཞེས་སྐྱོན་འཛུགས་ལེ་བདའ་ཚད་མེད་བྱས། ཆའོ་ཀྲི་ཧང་སང་ནས་ཁོང་ཁྲོ་ལངས་པའི་དབུལ་པོ་དེ་དག་ལ།    གྲུ་དཔོན་ཅི་ཨེར་ལཱ་ཧྲི་ཡིས་ཁྱེད་ཅག་ཨ་རི་ལ་བྲན་གཡོག་ཏུ་བཙོང་ནས་ཁེ་ཕན་ཟ་བཞིན་འདུག་པས།     ངས་ཁོ་བཀག་འགོག་བྱས་པ་དེ་ལ་ནོར་འཁྲུལ་ཅི་ཡོད་ཅེས་དྲིས།   དབུལ་པོ་ཚོས་གལ་སྲིད་གྲུ་དཔོན་ཅི་ཨེར་ལཱ་ཧྲི་མེད་ན་ང་ཚོ་ལ་གསོན་ལམ་ག་ན་ཡོད།   ཁྱོད་ཀྱིས་དངོས་གནས་སྡིག་པ་ཆེན་མོ་བསགས་ཐལ།   འོ་ན་བླུན་རྨོངས་ཅན་ཁྱོད་ཀྱིས་ང་ཚོའི་ཁ་གསོ་བསམ་པ་ཨེ་ཡིན་ཞེས་དམོད་མོ་བྱས། 

       ཆའོ་ཀྲི་ཡིས་ད་གཟོད་ཅི་ཨེར་ལཱ་ཧྲི་ཡི་བྱ་སྤྱོད་དེ་ཡ་རབས་ཤིག་མིན་རུང་།   འོན་ཀྱང་འཚོ་གནས་ཀྱི་རྟེན་གཞི་ཅི་ཡང་མེད་པའི་དབུལ་པོ་རྣམས་ལ་རེ་བ་དང་ཐབས་ལམ་ཞིག་བསྟན་ཡོད་པར་ཤེས།   ད་ལྟར་རང་གིས་ནི་གྲུ་དཔོན་ཅི་ཨེར་ལཱ་ཧྲི་བཙོན་དུ་བཅུག་ཚར་བས་ཕྱོགས་གཅིག་ནས་བཤད་ན་དབུལ་པོ་ཚོའི་གསོན་ལམ་རྩ་གཅོད་བྱས་པ་མ་རེད་དམ་སྙམ།

       གྲོད་ཁོག་ཟས་ཀྱིས་མི་འགྲང་བའི་དབུལ་པོ་ཚོ་ལ་ངོ་གནོང་དང་སྙིང་རྗེ་སྐྱེས་པས།   ཆའོ་ཀྲི་ཡིས་དགོན་པའི་འབྲུ་རིགས་ལ་ཡོན་ཆ་ཅི་ཡང་མི་དགོས་པར་དབུལ་པོ་ཚོ་ལ་སྦྱིན་པ་བཏང་།   ཡིན་ཡང་ཉིན་དང་ཞག་མ་རེ་རེ་བཞིན་འདས་དུས།     དབུལ་པོ་ཇེ་མང་ཇེ་མང་དུ་གྱུར།   དགོན་པའི་འབྲུ་རིགས་ཟད་ནས་ཏིལ་འབྲུ་ཙམ་ཡང་ལྷག་ལུས་མེད་པར་གྱུར།   འུ་ཐུག་ཐབས་ཟད་ཀྱི་ཚུལ་འདི་རིག་དུས།       ཆའོ་ཀྲི་སླར་ཡང་སྤྱི་བདེ་ལས་ཁུངས་ལ་སོང་ནས་ད་ནི་གྲུ་དཔོན་ཅི་ཨེར་ལཱ་ཧྲི་གློད་གྲོལ་གཏོང་རོགས་ཞེས་རེ་ཞུ་ཕུལ།   འོན་ཀྱང་བཙོན་ཁང་གིས་ཆའོ་ཀྲི་ལ་གཏམ་ངན་ཞིག་བཤད་པ་སྟེ།   གྲུ་དཔོན་ཅི་ཨེར་ལཱ་ཧྲི་ཡིས་རང་གི་སྡིག་པ་ལ་འགྱོད་གདུང་དྲག་པོ་སྐྱེས་པས་བཙོན་ནང་གནམ་ཐག་དཔྱངས་ནས་རང་སྲོག་བཅད་ཟིན་ཞེས་བཤད།

        དགོན་པའི་སྒོ་ཁར་དབུལ་པོ་སྟོང་ལྷག་གིས་འཚང་ཁ་ཤིག་ཤིག་ངང་ཟ་མ་སྒུག་བཞིན་ཡོད་པས།    ད་ནི་ཅི་བྱས་ན་དགའ་སྙམ་སྟེ་ཆོས་དཔོན་ཆའོ་ཀྲི་སེམས་ཁོང་དུ་ཆུད། 

        མཚན་ཕྱེད་དུས་སུ་ཆའོ་ཀྲི་ཡིས་དགོན་པའི་སྒོ་ཁ་ནས་དབུལ་པོ་རྣམས་ཀྱི་ཤ་རལ་སྙིང་འགས་ལྟ་བུའི་སྨྲེ་སྔགས་དང་ངུ་འབོད་ཐོས་པས།   རང་གིས་ནོར་འཁྲུལ་ཆེན་མོ་ཤོར་ཡོད་པ་གཟོད་ནས་ཤེས།    རང་གི་བླུན་རྨོངས་ནི་གྲུ་དཔོན་ཅི་ཨེར་ལཱ་ཧྲི་ཡི་སྡིག་སྤྱོད་ལས་ཀྱང་བཙོག་པར་ངོས་འཛིན་བྱུང་།    དེར་འདིང་ཞིབ་ཚགས་རྒྱག་རྗེས།   ཁོང་གིས་ཆོས་གོས་ཕུད་དེ་གྲུ་དཔོན་གྱི་གོན་པ་གྱོན་པ་དང་གླ་ཆ་མཐོན་པོ་སྤྲད་ནས་གྲུ་པ་བྱང་ཆུབ་པ་དྲུག་གླས་ཏེ་གྲུ་དཔོན་ཅི་ཨེར་ལཱ་ཧྲི་ཡི་རླངས་ཤུགས་གྲུ་གཟིངས་དེ་གཏོང་འགོ་བརྩམས། 

       དབུལ་པོ་ཚོ་སྨྱོ་ཧམ་ངང་གྲུ་ཐོག་ཏུ་འཛེག     གྲུ་དཔོན་ཆའོ་ཀྲི་ཡིས་གྲུ་སྒོ་ཁ་ལ་དབུལ་པོ་རེ་ལ་གླ་ཆ་ཨེར་ལན་སྒོར་མོ་བཅུ་རེ་སྡུད།   སྒོར་མོ་གཏན་ནས་མེད་མཁན་དག་ལ་ཆད་འཛིན་འབྲི་བཅུག་རྗེས་གྲུ་ནང་འཛུལ་བཅུག་པ་དང་རྗེས་མར་སྒོར་མོ་ཡོད་དུས་བུ་ལོན་གཞལ་ཆོག་པར་བཟོས།    དབུལ་པོ་ཞིག་གིས་ད་སྔོན་གྲུ་དཔོན་ཅི་ཨེར་ལཱ་ཧྲི་ལ་གྱོད་གཏུག་རྒྱག་མཁན་ཆོས་དཔོན་ཆའོ་ཀྲི་ལ།    ཁྱོད་མྱི་ཡ་རབས་ཡིན་ཁུལ་བྱེད་མཁན་ཞིག་མ་རེད་དམ།  ང་ཚོ་ལ་གླ་ཆ་སྡུད་དོན་ཅི་ཡིན་ཞེས་ཐེ་ཚོམ་དང་བཅས་དྲིས།   ཆའོ་ཀྲི་ཡིས་མགོ་གཡུག་གཡུག་བྱས་ཏེ།   མཚོ་གྲུ་བདེ་བླག་ངང་ཨ་རི་ལ་ཐོན་དགོས་ན།   སྒོར་མོ་བཏང་ནས་འབར་རྫས་དང་གྲུ་པའི་གླ་ཕོགས་སོགས་པའི་འགྲོ་སོང་ཁ་སྐོང་དགོས་འདུག་ཅེས་ལན་བཏབ། 

       ཆོས་དཔོན་ཆའོ་ཀྲི་ཡིས་ལས་རིགས་བརྗེས་ནས་ལོ་སུམ་ཅུའི་རིང་གྲུ་དཔོན་བྱས་ཤིང་ནུབ་ཕྱོགས་རྒྱ་མཚོ་ཆེན་མོའི་ཐོག་ལ་ཕར་འགྲོ་ཚུར་འོང་ཐེངས་མ་བརྒྱད་ཅུ་ཙམ་དུ་ཟིན།   ཁོང་གིས་སྐྱབས་བཅོལ་པ་མི་ཁྲི་ལྔ་ཙམ་ཨ་རི་ལ་བསྐྱལ།    ཁོང་གིས་དབུལ་པོའི་ལག་ནས་བསྡུས་པའི་སྒོར་མོ་ཡོད་རྒུ་གྲུ་གཟིངས་ཀྱི་ཉམས་གསོ་དང་གྲུ་པའི་གླ་ཕོགས་སོགས་པའི་འགྲོ་གྲོན་ཐད་ལ་སྤྱད་པ་ལས་རང་གི་བུ་མོ་ལ་སྒོར་མོ་གཅིག་གི་ཤུལ་བཞག་བྱས་མེད།     དེའི་རྐྱེན་ལས་མི་རྣམས་ཀྱིས་ཁོང་ལ་གུས་བཀུར་ཚད་མེད་བྱས་པས་ཨེར་ལེན་གྱི་གྲུ་དཔོན་ཞེས་པའི་མཚན་སྙན་ཐོགས།   

        གྲུ་དཔོན་ཆའོ་ཀྲི་ཡིས་འཆི་ཁར་ཁ་ཆེམས་ཤིག་བཞག་པ་སྟེ།    ངའི་མི་ཚེ་འདིར་ཐལ་དྲགས་ཅན་གྱི་མི་གཉིས་ཐུག་བྱུང་།    གཅིག་ནི་མིག་ལམ་དུ་སྒོར་མོ་མ་གཏོགས་མི་དགོས་པའི་གྲུ་དཔོན་ཅི་ཨེར་ལཱ་ཧྲི་ཞེས་པ་དེ་རེད།   གཉིས་ནི་ཀླད་པའི་ནང་ལ་རང་ཉིད་དགེ་བ་དང་གཞན་ཕན་ཅན་ཡིན་བསམ་པའི་ཆོས་དཔོན་ཆའོ་ཀྲི་ཟེར་བ་དེ་རེད།    སྐྱེ་བོ་འདི་གཉིས་ཀྱིས་ནོར་འཁྲུལ་ནི་བཟོད་གསོལ་བྱེད་ཐབས་མེད་ཅེས་གསུངས།   

          རེ་བ་དང་ཕུགས་འདུན་མང་པོ་ཞིག་ལ།    གལ་སྲིད་སྒོར་མོའམ་ཡང་ན་ཀུན་སྤྱོད་རྐྱང་རྐྱང་གིས་ཚད་འཇལ་བྱེད་ན།   མཐར་ཐུག་གི་མཇུག་འབྲས་ནི་ཏག་ཏག་རེ་སྨོན་དང་འགལ་བའི་ལྡོག་ཕྱོགས་སུ་ལྷུང་འགྲོ།    དོན་ངོ་མར་བརྩི་སྲུང་དང་གོང་བཀུར་བྱ་འོས་པ་ཞིག་ནི།    འདོད་རྔམ་ཁོ་ནའི་བློ་ཇུས་མིན་ལ།   ཀུན་སྤྱོད་རྐྱང་མའི་སྲུང་སྐྱོང་ཡང་མིན་པ་སྟེ།   རང་ལ་ཐོབ་འོས་པའི་ཁེ་ཕན་ཞེས་པ་དང་ཅི་འཇོན་གང་ནུས་ཀྱི་སྤྱོད་ཡོན་དྲང་བདེན་ཞེས་པ་དེ་གཉིས་ཕན་ཚུན་ལེགས་འཛོམས་དང་གཅིག་གྱུར་བྱ་རྒྱུ་དེའོ།། 
                 མ་ཡིག་འབྱུང་ཁུངས།  སྦྲེལ་དྲྭ་ཐོག་ནས།

         རྩོམ་སྒྲིག་པ། མྱི་གསར་བ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease