གོ་བར་དཀའ་བའི་སྙན་ངག་དང་བར་སྟོང་།

    ཡིག་སྒྱུར་བ། གཅན་རྣམ་ཐར།


གོ་བ་མེད་པའི་སྙན་ངག་དང་སྟོང་བ།
 
                    རྩོམ་པ་པོ། ལི་ལིས། 
                            ཡིག་སྒྱུར་བ་གཅན་རྣམ་ཐར།


      ངའི་ཕ་ཡུལ་དུ་ན་ནིང་ཟམ་ཆེན་ཞིག་བསྐྲུན་པ་དེ་ལ་རྒྱང་རིང་ནས་བལྟས་པ་ན། རྔམ་བརྗིད་ལྡན་ལ་ཚོན་སྒྲོན་འོད་ཆེམ་ཆེམ་འཕྲོ་བ་དང་ཉིན་ལྟར་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ནས་པར་རྒྱག་པ་དང་ས་ཆ་གཞན་གྱི་གྲོགས་པོ་མང་པོ་རྩེད་མོ་རྩེ་བར་ཡོང་གི་ཡོད་པས། ངས་སྤོབས་པ་ཆེན་པོས་ཚང་མར་འདུ་འཛི་ཆེ་བ་དང་དར་རྒྱས་མཚོན་པའི་ཟམ་ཆེན་དེ་ངོ་སྤྲོད་བྱེད་ཀྱི་ཡོད། འདི་ལོའི་དཔྱིད་ཀར་ང་སླར་ཡང་ཕ་ཡུལ་དུ་ལོག་སྐབས་ཟམ་ཆེན་དེ་མཛེས་སྡུག་ལྡན་ལ་གློག་འོད་རབ་རིབ་ཡིན་པ་དང་ཉེ་སར་བཅར་ནས་ལྟ་སྐབས། དེ་ལས་ལྟ་བས་མི་མངོན་་པ་ཞིག་ཡོད་པ་དང་ཟམ་ངོས་འབར་རེ་འབུར་རེ་ཡིན་ལ། དེའི་ངོས་མང་པོ་ཞིག་ཏུ་ལྕགས་རྩིབས་ཕྱིར་མངོན་པ་དང་ཐ་ན་ཁུང་བུ་ཁ་ཤས་གསལ་བོར་བུད་ནས་དངོས་ཟོག་འདྲུད་མཁན་རླངས་འཁོར་ཟམ་པའི་ཐོག་སྐྱོད་ཕོད་ཀྱི་མེད་པ་ཤེས་རྟོགས་བྱུང་། འདིས་ང་ལ་སྐད་ཆ་ཞིག་དྲན་དུ་བཅུག་བྱུང་། འདུ་འཛི་ཡོད་ཚད་ནི་སྐད་ཅིག་ཙམ་ལ་ཡལ་བ་དང་། སྟོང་བ་དང་ཉམས་རྒུད་ནི་ད་གཟོད་དེའི་ངོ་བོ་དང་ལྟེ་བ་ཡིན་ཞེས་པ་དེའོ།།

       ངས་དོན་དངོས་འདི་བཀོལ་ནས་བརྗོད་བྱ་དོན་སྙིང་མེད་པའི་སྙན་ངག་ཅིག་མཚོན་པར་བྱས་པ་ཡིན། སྙན་ངག་ཁ་ཤས་ནི་ཟམ་ཆེན་སྐྲུན་བཞིན་པ་མ་ཡིན་པར་ཐ་སྙད་སྣ་ཚོགས་ཨར་འདམ་དང་ལྕགས་རྩིབས་དུ་མར་བརྩིས་ནས་གྱང་རེ་རེ་བཞིན་བསྐྲུན་པ་དང་། དེ་རྗེས་གྱང་དེ་དག་གི་ཐོག་རྒྱན་ཚིག་དང་དཔེ་འཇོག་གི་ཚོན་རྩི་བྱུགས་ནས་སྙན་ངག་དེ་བརྗིད་ཆགས་མཛེས་སྡུག་ལྡན་པའི་མཁར་རྫོང་ཞིག་ཏུ་འགྱུར་བ་བྱས་ཏེ། ཀློག་པ་པོ་མང་པོ་ཞིག་གིས་དེ་ལ་གདོང་ཐུག་བརྒྱབ་སྟེ་མགོ་ནས་ཁྲག་བཞུར་ཡང་ནང་དུ་འགྲོ་ཐབས་བྲལ་བར་གྱུར་ཡོད། ཀློག་པ་པོ་ཉུང་ཤས་ཤིག་གིས་ནུས་ཤུགས་ཡོད་རྒུ་བཏོན་མཐར་ཨར་འདམ་ལྟ་བུའི་སྐད་ཆའི་གྱང་གི་ཁ་ཕྱེ་ནས་རྙེད་པ་ནི་སྟོང་བ་ལས་ཅི་ཡང་མེད་པ་རེད། དོན་སྙིང་དང་ཚོར་བ། བརྩེ་དུང་སོགས་སྙན་ངག་གིས་ཐེག་དགོས་པའི་དངོས་པོ་ཚང་མ་འདི་ནས་ཕྱིར་ཕུད་པ་རེད། མ་གཞི་སྙན་ངག་པ་དེ་རིགས་ཀྱིས་སྙན་ངག་འབྲི་བར་ནང་དོན་ངོ་མ་མི་དགོས། ཁོ་ཚོའི་དམིགས་ཡུལ་ནི་ལག་རྩལ་གྱི་ཆེད་དུ་ལག་རྩལ་དང་གྱང་བརྩིགས་པའི་ཆེད་དུ་གྱང་བརྩིགས་པ་མ་ཟད། སྤྲོ་སྣང་གིས་ཁེངས་ཤིང་རྨོངས་གཉིད་ལས་སད་མི་ཐུབ།
 
         སྟོང་བ་དང་གོ་བ་མེད་པ་ནི་ལག་རྩལ་རིང་ལུགས་ཀྱི་རྩོམ་པ་པོ་ཚང་མའི་སེམས་ལ་གདོན་ཞུགས་སྐབས་ཀྱི་མཉམ་བསྡུ་ཡིན་ལ་ལོག་ལམ་ཡང་ཡིན། ཁོ་ཚོས་སྐད་ཆའི་ཉལ་ཐ་ཟོས་པ་དང་འདྲ་བར་རང་ཉིད་ཀྱིས་བཟོས་པའི་སྨྱོན་པའི་འཇིག་རྟེན་དུ་སྨྱོ་ཧམ་ཧ་ཅང་ཆེ། སྐད་ཆ་ཡ་མཚན་རྒྱུ་མེད་པར་མཚམས་མི་འཇོག དངོས་ལུགས་རང་བཞིན་གྱིས་ཐོན་མི་ཐུབ་པའི་དོན་སྙིང་དང་མིང་ཚིག་བཙན་གྱིས་མཉམ་དུ་སྦྲེལ་ནས་ཁོ་ཚོ་རང་ཉིད་ཀྱིས་འདོད་པའི་ཁྱད་མཚར་བའི་ནུས་པ་ཐོན་པར་བྱས་པ་རེད། སྙན་ངག་འདི་རིགས་ངས་ཁོ་རང་ཉིད་མ་གཏོགས་མི་ག་ཚོད་ལ་དེ་ཀློག་ཚར་བའི་བཟོད་སེམས་ཡོད་པ་མི་ཤེས། ཁོས་བཤད་པ་ནི་ཅི་ཞིག་རེད། སྙན་ངག་ཚང་མ་ནི་མིས་བཟོས་སྨན་རྫས་ལ་བརྟེན་པའི་འཕྲུལ་སྣང་ཡིན་ནམ། དོན་དངོས་སུ་དེ་ནི་འཕྲུལ་སྣང་ལ་ད་དུང་འདེད་ཆོག་པའི་འབྱུང་ཁུངས་ཡོད་པ་འདྲ། དེ་ལས་དོན་དངོས་ཀྱི་དོན་དངོས་ནི་རྩོམ་པ་པོས་སྐད་ཆའི་ཡ་མཚན་ལ་ཞེན་ཆགས་པའི་ཆེད་དུ་ཡར་རྒྱུག་མར་རྒྱུག་བྱེད་པ་དེ་རེད། གནད་དོན་ནི་འབྲེལ་བ་སྤུ་ཙམ་ཡང་མེད་པའི་བྱ་དངོས་དང་མཉམ་དུ་དཀྲུག་པ་མ་ཡིན་པར། བསམ་བློ་དང་མཉམ་དུ་དཀྲུག་རྗེས་ཚིག་གི་རྫས་འགྱུར་མ་བྱུང་བ་དེ་རེད།
 
          སྙན་ངག་པ་རྣམས་རྩེ་བ་ཚད་ལས་བརྒལ་སོང་། ལག་རྩལ་མེད་པའི་སྙན་ངག་རྩེ་བ་དང་། བརྩེ་བ་ཤོར་བ་དང་འདྲ་བ། དངོས་པོ་རྩེ་བ་དང་བློ་སྟོབས་ཉམས་པ། རྩོམ་པ་པོ་སྟོད་གོས་བཟོ་བར་ཞེན་ཆགས་ཁོ་ན་བྱས་ཀྱང་སྟོད་གོས་་ནང་གི་སེམས་ཁམས་དང་། བརྩེ་དུང་། ཚེ་སྲོག་དང་དོན་སྙིང་། ཕུགས་བསམ་བཅས་ཡོད་ཚད་བརྗེད་པ་རེད། སྙན་ངག་ཚང་མ་གོ་བ་མེད་པར་དག་འབུད་མ་བྱེད། སྙན་ངག་བཟང་གྲས་ལ་གོ་བ་མེད་ཀྱང་ཚོར་བ་ཡོདལ། བྱ་སྐད་དང་། རོལ་དབྱངས་དང་འདྲ་ན། ཁྱོད་ཀྱིས་དེ་དག་གི་ནང་དོན་གསལ་བོ་བཤད་མི་ཐུབ། འོན་ཀྱང་ཁྱོད་ཀྱིས་བྱེའུ་སྐད་དང་རོལ་དབྱངས་ཀྱི་དབྱངས་རྟའི་ཁྲོད་ནས་དགའ་བའི་མིག་ཆུ་བཞུར་ཐུབ། འོན་ཀྱང་ཁྱོད་ཀྱིས་སྙན་ངག་འདི་དག་གི་ཁྲོད་ནས་ཅི་ཞིག་ཚོར་ཐུབ། སེམས་མི་སྐྱིད་པ་བློས་གཏོང་རྒྱུ་ལས་ཁྱོད་ལ་གདམ་གསེས་གཞན་མེད། རྒྱུ་མཚན་ནི་མིས་མཉམ་དུ་བསྡམས་པའི་མིང་ཚིག་འདི་དག་ནི་མ་གཞི་ནས་ཞིག་རོ་ཞིག་ཡིན་པ་དང་། ཁ་ཕྱེ་བ་ཡིན་ནམ་ཡང་ན་ཚེ་སྲོག་གི་དྲོད་ཚད་མེད་པའི་ཐོར་བུ་ཞིག་ཡིན་ནམ།
 
      སྙན་ངག་ནི་དཔོག་དཀའ་བའི་རིག་པར་བརྟེན་ནས་རྒྱུ་མཚན་གསེད་བཀྲོལ་བྱེད་མི་རུང་བ་དང་། དཔོག་དཀའ་བའི་རིག་པར་ད་དུང་ང་ཚོས་འཚོལ་ཞིབ་བྱེད་པར་འགུག་པའི་རྟོགས་དཀའ་བའི་ཤེས་ཚོར་ཞིག་ཡོད། སྙན་ངག་ནི་རོལ་རྩེད་ཡིན་ཞེས་བཤད་མི་རུང་། རོལ་རྩེད་ལ་སྤྲོ་སྣང་རང་བཞིན་དྲག་པོ་ཞིག་གིས་ང་ཚོར་དབྱིངས་ཞུགས་སུ་འཇུག་སྲིད། འདི་ལྟ་བུའི་སྙན་ངག་གི་ཕྱི་ཚུལ་མཛེས་སྡུག་ལྡན་པའི་རྣམ་པས་མི་ལ་འཇིགས་སྣང་སྐུལ་བ་དང་། དེའི་ལྟེ་སྙིང་ནི་སྟོང་ལྷང་ལྷང་ཡིན་པ་དང་། ཐ་ན་ངན་པ་དགུ་སྦྱོར་ཡང་མེད། ལོ་རབས་སུམ་ཅུ་བའི་ནང་དུ་མི་ལ་ལས་སྙན་ངག་ནི་སྐད་བརྡའི་རོལ་རྩེད་ལས་བྱུང་བ་ཡིན་ཞེས་བཤད་མྱོང་མོད། འོན་ཀྱང་དེའི་སྔོན་འགྲོའི་ཆ་རྐྱེན་ནི་འཕྱ་སྨོད་དང་གབ་ཚིག་ཚོད་དཔག་བྱས་པ་མ་ཟད་མི་རྣམས་སྤྲོ་བ་ཆེན་པོ་སློང་ཐུབ་པའི་སྐད་ཆའི་རོལ་རྩེད་ཅིག་རེད། རོལ་རྩེད་འདི་རིགས་ལ་དོན་སྙིང་ཆེན་པོ་ཅི་ཡང་མེད་མོད། འོན་ཀྱང་མི་ལ་དགོད་དུ་འཇུག་ཐུབ་པ་དང་། མི་ལ་ཡིད་དབང་འཕྲོག་ཏུ་འཇུག་ཐུབ་པ་མ་ཟད། མིའི་བློ་རིག་དང་མི་སེམས་ཀྱི་བློ་སྒོ་འབྱེད་ཐུབ། གལ་ཏེ་སྙན་ངག་ལ་རིན་ཐང་འདི་འདྲ་ཡོད་ན་སྙན་ངག་བཟང་བོ་ཞིག་ཡིན་པ་རེད། ཡིན་ཡང་ང་ཚོས་སྔར་བཞིན་སྙན་ངག་འདི་དག་གི་ཁྲོད་ནས་སྤྲོ་སྣང་རང་བཞིན་འདི་དག་ཚོར་མི་ཐུབ་པ་རེད། འདི་ལྟ་བུའི་སྙན་ངག་ནི་རོལ་རྩེད་ཡིན་མོད། འོན་ཀྱང་སྤྲོ་བ་མི་འདུག་་པས་རྩེད་ན་མི་སྐྱིད་པ་རེད།
 
        སྙན་ངག་འདི་ལྟ་བུ་ཀློག་པའི་སྐབས་སུ། ངས་རྒྱུན་དུ་ཕང་ཏེའི《ས་འོག་ལྕགས་ལམ་འབབ་ཚུགས་ཀྱི་སྒོ》ཞེས་པ་ཡིད་ལ་ཤར་བ་སྟེ། "་མི་ཚོགས་ཁྲོད་ཀྱི་ངོ་གདོང་དང་རྣམ་ཤེས་འདི་དག  སྤྱིར་བཏང་དུ་རློན་ཤིག་ཤིག་གི་ཡལ་གའི་སྟེང་གི་མེ་ཏོག་གི་འདབ་མ་མང་པོ་མངོན་"་ཞེས་པ་དང་། ད་དུང་ཐུའོ་མ་སི་ཡི《ཐེ་ལན་སི་ཐེ་རོ་མོའི་་བང་རིམ》ཞེས་པའི་ནང་གི་"་གོ་རྟོགས་སད་པ་ནི་རྨི་ལམ་ཁྲོད་ནས་གདུགས་མཆོང་བྱས་ཏེ། དབུགས་ཆད་དུ་འཇུག་པའི་ཆུ་འཁོར་ལས་ཐར་བ་"་ཞེས་པའི་གསུང་རབ་ཀྱི་ཚིག་གིས་དུས་དང་རྣམ་པ་ཀུན་ཏུ་རྩོམ་པ་པོའི་མིག་མདངས་གསལ་པོར་ཕྱིས་པ་ནི་དཔེ་དེ་ལྟ་བུ་གནད་ལ་འཁེལ་ཞིང་གསོན་ཉམས་ལྡན་པ་ཞིག་ཡིན་པ་དང་། དུས་མཚུངས་སུ་ཁྱོད་རང་སྐད་ཆའི་གཏིང་ཟབ་ཅིང་ཁྱད་མཚར་བའི་ཁྲོད་དུ་བཟི་ནས་གློག་འོད་ཅིག་གིས་བསམ་གཞིགས་བརྟོལ་བ་དང་འདྲ་བར་ང་ཚོའི་བློ་རིག་ལ་སྒེའུ་ཁུང་ཞིག་ཕྱེ་བ་དང་། ང་ཚོ་རང་སྟེང་གི་བསམ་པའི་བཀོད་ཤུགས་ཀྱང་རྒྱ་བསྐྱེད་པ་རེད། གནའ་མིས་སྙན་ངག་ལ་ངོས་འཛིན་བྱས་པ་དེ་མི་ཚང་མའི་སེམས་སུ་ཡོད་པ་དང་། མི་ཚང་མའི་སྨྱུག་འོག་ཏུ་མེད། འདི་ལྟར་ང་ཚོའི་བསམ་གཞིགས་གཏིང་ཟབ་དང་ཡངས་ཤིང་རྒྱ་ཆེ་བའི་ཕྱོགས་སུ་ཁྲིད་སྟོན་བྱེད་པའི་སྙན་ངག་དང་བསྡུར་ན། འགྲེལ་བཤད་མེད་པའི་སྙན་ངག་འདི་དག་ད་དུང་སྙོམས་ངོས་གཅིག་གི་སྟེང་དུ་ལུས་ཡོད་པར་་མ་ཟད་གུ་ཇེ་དོག་ནས་ཇེ་དོག་རེད། དབུགས་སུབ་ཐེབས་པའི་རླངས་འཁོར་ཞིག་དང་འདྲ་བར། སྒྲ་དང་སྒྲ་ཡི་རླངས་འཁོར་སྤོ་འགུལ་བྱེད་བཞིན་ཡོད་ལ། སྙན་ངག་གི་ངོས་དང་གནས་བབ་ནི་བར་སྟོང་ཆུང་ཆུང་ཞིག་གི་ནང་དུ་འཁུམས་་ནས་བསྡད་ཡོད།
 
        ངས་སྙན་ངག་འདི་དག་ལ་བྱེ་བྲག་གི་སྙན་ངག་འདྲེན་མི་འདོད། རྒྱུ་མཚན་ནི་ཉོག་གཏམ་མང་ན་སྔར་བཞིན་ཉོག་གཏམ་ཡིན། སྙན་ངག་འདི་དག་གི་ཁྲོད་ཀྱི་དོན་དག་དང་དངོས་པོ་ཚང་མ་མེ་ལོང་གཅིག་གི་སྟེང་དུ་འགུལ་སྐྱོད་བྱེད་བཞིན་ཡོད་པ་དང་། དེ་ལས་མང་བ་དང་ཇེ་ཉུང་དུ་སོང་ནས་མེད་པར་གྱུར་ཏེ་མཇུག་མཐར་ཚང་མ་གཅིག་འདྲ་རེད། རྒྱུ་མཚན་ནི་དེ་དག་ཚང་མ་སྐད་ཆའི་ལྷག་རོ་རེད། རྩོམ་པ་པོས་ཀྱང་ང་ཚོ་དང་གབ་རེས་བྱེད་བཞིན་ཡོད་པ་མངོན་གསལ་རེད། ཡར་འཐེན་མར་འཐེན་བྱས་ནས་གང་འདོད་དུ་བཙོས་པ་རེད། འོན་ཀྱང་སྣ་རྐྱང་དང་བྲོ་བ་མེད་པས་དེ་ལ་བྲོ་བ་མྱོང་མཁན་མེད་པ་རེད། ཅིའི་ཕྱིར་སྟབས་བདེ་མོ་དེ་རྙོག་འཛིང་དུ་གཏོང་དགོས་པ་རེད། ཅིའི་ཕྱིར་མ་གཞི་ནས་གསལ་བོ་ཡིན་པའི་ཉག་ཉོག་དེ་རབ་རིབ་ཏུ་གཏོང་དགོས་པ་རེད། ཉི་འོད་ཡོད་ཚད་རབ་རིབ་ཀྱི་གྱང་གིས་བཀག་སོང་བས། ཀློག་པ་པོ་ལ་བཞག་པ་ནི་མུན་ནག་དང་སུན་སྣང་རེད། དེ་ནི་ལག་རྩལ་རིང་ལུགས་ཀྱི་སྙན་ངག་ཁོ་ནས་ཀློག་པ་པོ་རྣམས་ལ་རྙོག་དྲ་བཟོས་པ་ཞིག་ཡིན་ལ། རང་ཉིད་ལ་མགོ་འཁོར་ཕོ་བྲང་ཡང་བཟོས་པ་ཞིག་རེད། ངས་དེ་ལྟར་བཤད་པ་ནི་སྙན་ངག་གི་ལག་རྩལ་ཁས་མི་ལེན་པ་མ་ཡིན་པར། ལག་རྩལ་གྱིས་སྙན་ངག་ལ་ཞབས་འདེགས་ཞུ་དགོས་པ་ནན་བཤད་བྱས་པ་དང་། ལག་རྩལ་གྱི་དམིགས་ཡུལ་ནི་རྙོག་འཛིང་ཆེ་བ་སྟབས་བདེར་འགྱུར་བ་དང་། རབ་རིབ་གསལ་པོར་འགྱུར་བ། བཤད་རྒྱུ་གླེང་ཐབས་བྲལ་བ་བཅས་སྔར་ལས་ཐད་ཀར་ལྟ་བ་ཅན་དང་གཟུགས་བརྙན་ཅན་དུ་འགྱུར་བ། སེམས་ཁམས་དང་སྙན་ངག་གི་ཉམས་སྔར་ལས་ཐད་ཀར་ཡང་དག་ཅིང་གསོན་ཉམས་ལྡན་པའི་སྒོ་ནས་མངོན་དུ་འཇུག་པ་ལས། ལག་རྩལ་གྱིས་སྙན་ངག་ལ་རྙོག་དྲ་བཟོ་བ་དང་། མ་གཞི་ནས་བདེ་བླག་ཡིན་པའི་སྙན་ངག་གི་ལམ་ལ་འཚང་ཁ་རྒྱག་པ་རེད།
 
         གཅིག་བྱས་ན་སྙན་ངག་གི་ལག་རྩལ་རིང་ལུགས་པས་བདེན་ཡོད་ཞུམ་མེད་ཀྱི་སྒོ་ནས་རང་ཉིད་ལ་དག་འབུད་བྱས་ཏེ། སྙན་ངག་དེ་ནང་དོན་དང་འབྲེལ་བ་མེད་ཅེས་བཤད་པ་དང་། ཁོ་ཚོས་སྙན་ངག་གི་ཡིག་ཆ་འཛུགས་སྐྲུན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད། འོན་ཀྱང་ཡིག་ཆ་ནི་སྐད་ཆའི་སོ་ཕག་དང་རྫ་གཡམ་ཙམ་མ་ཡིན་ལ། མཚོན་རྟགས་ཀྱི་སྡེབ་སྒྲིག་འཁྲུལ་མེད་ཅིག་ཀྱང་མ་ཡིན་པར། སྙན་ངག་ནི་ནམ་ཡང་མ་འོངས་པར་སྙན་ངག་དང་མིའི་སྡེབ་སྒྲིག་ཡིན་ལ། སྙན་ངག་དང་ཐ་ན་སྒྱུ་རྩལ་ཡོད་ཚད་ཀྱིས་མི་གཤིས་ཀྱི་གཏིང་ཟབ་ཚད་དང་དཔོག་དཀའ་བ་ཚང་མ་འགན་འཁྲི་དང་གཟི་བརྗིད་དུ་བརྩི་བར་་མ་ཟད། ཡིག་ཆ་རང་སྟེང་དུ་མིའི་རེ་འདོད་ཡོད་ཚད་འདུས་པ་དང་འདུས་ནས་ཡོད། དཔེར་ན། ཚེ་སྲོག་དང་རྣམ་ཤེས་ནི་སྙན་ངག་གི་ཡིག་ཆ་རུ་གྲུབ་པ་དང་མཉམ་དུ། དེའི་དོན་སྙིང་དང་ཉམས་ལེན་ཡང་སྐད་ཅིག་ཉིད་ལ་བྱུང་བ་དང་ཆགས་པ་རེད། དཔེར་ན་གོང་དུ་དྲངས་པའི་ཕང་ཏེ་དང་ཐུའོ་མ་སི(ཐེ་ལན་སི་ཐེ་རོ་མོ་ཡི་བརྩམས་ཆོས)ལྟ་བུ་རེད། དེར་བརྟེན་ལག་རྩལ་གྱི་ངོས་ཁོ་ནར་ཕྱིར་ལོག་པ་ལས། འདི་ལྟ་བུའི་སྙན་ངག་གིས་ཀྱང་མི་རྣམས་ལ་གྱོད་གཞི་ཞིག་ཐག་གཅོད་བྱེད་པའི་ངོ་མཚར་གྱི་རིན་ཐང་དང་གསར་གཏོད་མེད་ལ། སྙན་ངག་གི་ངོས་ཚང་མ་སྤྱིར་བཏང་བ་ཞིག་ཏུ་བཞུར་གྱིན་ཡོད། དོན་དག་དང་དངོས་པོ་འཁོར་སྐྱོད་བྱེད་པའི་སྐབས་སུ། གློ་བུར་དུ་ཆད་པའམ་ཡང་ན་ཡིད་བརྙན་བར་གྱི་མཆོང་ལྡིང་དང་འགྱུར་ལྡོག་མང་པོ་བྱུང་བ་ལས་ཡ་མཚན་པའི་ཚོར་བ་འགའ་བྱུང་ངེས་ཡིན། འདིས་ཀློག་པ་པོའི་ཀློག་འདོན་སྐབས་ཀྱི་དཀའ་ཚད་ཇེ་མཐོར་བཏང་བ་མ་ཟད། ང་ཚོར་ཡ་མཚན་པའི་ཚོར་བ་གསར་པ་ཅི་ཡང་མ་བྱིན། ཉམས་འགྱུར་གྱི་སྤྱོད་པ་ཉུང་ཞིང་རིང་བས་སྙན་ངག་གི་ཉམས་མངོན་མེད་པ་མ་ཟད། དེ་ལས་ལྡོག་སྟེ་སྙན་ངག་རང་སྟེང་ནས་རབ་རིབ་ཏུ་གྱུར་པ་དང་ཐ་ན་མེད་པར་གྱུར། ལག་རྩལ་གྱི་ཆེད་དུ་རྩོམ་འབྲི་བའི་སྙན་ངག་འདི་རིགས་ནི་མགོ་སྐོར་དང་གཡོ་སྒྱུ་ཞིག་ཡིན་པ་དང་། གདོང་ལེན་པ་ཞིག་དང་ཡང་འདྲ། དོན་དངོས་སུ་ཡིག་ཆ་གསར་པའི་འོག་གི་རྫུན་མ་ཞིག་རེད། རྒྱུ་མཚན་ནི་དེས་སེམས་འགྱུ་མཚོན་མེད་པར་མ་ཟད། སེམས་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་བཏང་ཡོད།
 
        སྙན་ངག་ལ་མིའི་འདུ་ཤེས་ཁྲོད་ཀྱི་ལྐོག་གྱུར་དགོས་མོད། འོན་ཀྱང་སྙན་ངག་དེ་ཉིད་ལྐོག་གྱུར་རང་བཞིན་དུ་བསྒྱུར་མི་རུང་། སྙན་ངག་ལ་ཚེ་སྲོག་གི་ཟབ་ཚད་མངོན་དགོས་པ་དང་། སྙན་ངག་དེ་དག་རིག་གཞུང་ཞིག་ཏུ་བསྒྱུར་ནས་ཀློག་པ་པོ་རྣམས་མཐོ་རིམ་གྲངས་རིག་ལ་ཞིབ་འཇུག་བྱེད་པ་ལྟར་ཆེད་ལས་ཞིབ་འཇུག་བྱེད་དུ་འཇུག་མི་རུང་།(་གཙོ་བོ་ནང་དོན་མེད་པ་དང་ཆེད་ལས་ཞིབ་འཇུག་ལ་དོན་སྙིང་མེད།)སྙན་ངག་ནི་རྩོམ་ལུས་ཤིག་ཡིན་ལ། རང་དབང་གིས་གང་འདོད་དུ་རྩོམ་འབྲི་བའི་རྣམ་པ་ཞིག་ཡིན། ཡུལ་ལྗོངས་ལ་རེག་ན་བརྩེ་བ་ཆགས་པ་དང་ཚོར་བ་ཡོད་ན་བསྐུར་བ་རེད། ཡུལ་ལྗོངས་དང་ཚོར་བ་ནི་ནམ་ཡང་སྙན་ངག་ལས་བྱུང་བའི་འབྱུང་ཁུངས་དང་སྒུལ་ཤུགས་ཡིན་ལ་བརྒྱུད་རིམ་ཡང་ཐོན་པ་ཡིན། ལག་རྩལ་ཟེར་བ་ནི་སྐད་ཆའི་སྟེང་གི་གསར་གཏོད་དང་ཚིག་སྦྱོར་རིག་པ་ཚང་མ་ནི"་ཚོར་བ་"་དང་ཡང་ན་ཉམས་ལེན་སྔར་ལས་ཐད་ཀར་གསལ་ཞིང་གཏིང་ཟབ་པའི་སྒོ་ནས་འབུར་དུ་ཐོན་པའི་ཆེད་དུ་ཡིན་ནོ།།
<ཏ་ལེན་རྩོམ་རིག་>ལས་བདམས་པ་ཡིན།

转载请注明来源中诗报                
                རྩོམ་སྒྲིག་པ། མྱི་གསར་བ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease