རླབས་ཆེན་གྱི་གསར་གཏོད་པ་ཞིག་གི་ལོ་ངོ་ཉེར་བདུན།

    ཡིག་སྒྱུར་བ། བེའུ་བསོད་ཆེན།


རླབས་ཆེན་གྱི་གསར་གཏོད་པ་ཞིག་གིས་ལོ་ངོ་ཉེར་བདུན་ལ་གཞན་ཕན་བསྒྲུབས་ཏེ་མི་རྣམས་ཀྱི་མིག་རྩར་མཆི་མ་འཁྲིགས་པར་བྱས། 
 
             རྩོམ་པ་པོ། མི་གསལ།
                       ཡིག་སྒྱུར་བ། བེའུ་བསོད་ཆེན།

 
     ལོ་ངོ་བརྒྱའི་སྔོན་གྱི་མུའོ་རིགས་(苗族)ནི། མི་ལ་དུད་འགྲོའི་འདུ་ཤེས་ཀྱིས་བྲན་དུ་བཀོལ་མྱོང་སྟེ། ས་བདག་གིས་རང་གི་མངའ་སྡེ་མི་གྲལ་དུ་མི་འཇོག་པར། རྟ་ཟོག་བཞིན་དུ་མནར་གཅོད་བཏང་ཞིང་བུ་དང་བུ་མོ་བཙན་འཕྲོག་བྱེད་པ་མ་ཟད། ཐ་ན་ཁོ་ཚོ་དམར་གསོད་གཏོང་བ་ལ་ཡང་བག་མི་ཚ། ལོ་ངོ་བརྒྱའི་སྔོན་གྱི་མའོ་རིགས་ལ་ལུས་འབྲེལ་གྱི་རྙོག་དྲ་ཧ་ཅང་ཆེ། མུའོ་རིགས་ས་ཆའི་མཁར་གྲོང་དང་གྲོང་ཚོ་རེ་རེའི་གྲོང་སྟོད་དུ་སྤྱི་སྤྱོད་ཁང་པ་རེ་ཡོད་ལ། དེ་ལ་མི་རྣམས་ཀྱིས་“མེ་ཏོག་རྩེད་ར་”ཞེས་འབོད། དེ་ནི་ཐུང་མོང་གིས་ལོངས་སུ་སྤྱོད་པའི་་བར་སྟོང་ཞིག་ཡིན། བུ་མོ་ལོ་ཚོད་བཅུ་གསུམ་བཅུ་བཞིར་སོན་རྗེས། ཁང་བ་དེའི་ནང་དུ་འཛུལ་ཆོག་ལ། སྐྱེས་པ་གཞན་དང་ལུས་འབྲེལ་ཡང་བྱེད་ཆོག དེར་བརྟེན། ལོ་བརྒྱའི་སྔོན་དུ་མུའོ་རིགས་ས་ཆ་ནས་རྒྱུན་དུ་བུ་མོ་ཆུང་ཆུང་(ཕལ་ཆེར་ལོ་ངོ་བཅུ་གསུམ་བཅུ་བཞི་ལས་མ་སོན་པའི་བུ་མོ)མང་པོས། རུམ་དུ་བྱིས་པ་གཅིག་པང་། རྒྱབ་ཏུ་བྱིས་པ་གཅིག་བསྐྱོན་པ་མང་པོ་མཐོང་རྒྱུ་ཡོད། འདི་ལྟར་དུས་མ་ཡིན་པའི་གཉེན་སྒྲིག་དང་། དུས་མ་ཡིན་པའི་མངའ་སྦྲུམ་སྟེ་ལུས་འབྲེལ་གྱི་རྙོག་འཛིང་ནི། ནད་ཡམས་དང་དབུལ་ཕོངས་གྱུར་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད། ལོ་ངོ་བཅུ་གསུམ་བཅུ་བཞི་ཅན་གྱི་བུ་མོ་ཞིག་གིས་བྱིས་པ་གཉིས་ཙམ་གསོ་སྐྱོང་བྱེད་པའི་འཚོ་བའི་དཀའ་སྡུག་དེས། མི་རྣམས་ལ་མཆུ་མས་མིད་པ་བརྣངས་པའི་སྐྱོ་སྣང་གཏད། དེ་ལྟར་མནར་གཅོད་ཀྱི་རྒྱུད་རིམ་དང་། དཀའ་སྡུག་གི་ཁོར་ཡུག གདུག་རྩུབ་ཀྱི་གཉའ་གནོན། མི་མ་ཡིན་གྱི་འཚོ་བ་དག་གིས་མི་རིགས་དེ་འཐོམ་སྦྲིད་དུ་གྱུར། མི་རིགས་ཤིག་གི་སྲོལ་ངན་དེ་བཅོས་བསྒྱུར་བྱ་རྒྱུར་རེ་བ་ཡོངས་སུ་ཆད་དེ། ཁོ་ཚོས་དབུལ་ཕོངས་དང་མནར་གཅོད། ནད་ཡམས་དང་འཆི་བ་ནི་རང་ཉིད་ཀྱིས་གཡོལ་ཐབས་མེད་པའི་ལས་དབང་ཞིག་ཏུ་ངོས་བཟུང་ཡོད། 
ཁོ་ཚོར་གདུང་སེམས་མཉམ་སྐྱེད་བྱེད་མཁན་དེ་སུ་རེད། 
 
      དེ་ནས་སྤྱི་ལེ་བརྒྱད་སྟོང་གི་ཕ་རོལ་དབྱིན་ཇུའི་རྒྱལ་ཁབ་ཏུ། མི་ཞིག་གིས་ཁོ་ཚོའི་དཀའ་ངལ་གྱི་གནས་བབ་ཐོས་ཤིང་། གནས་དེའི་མུན་ནག་གི་སྟུག་ཚད་མཐོང་། རྒྱུ་མཚན་ལོ་བརྒྱའི་སྔོན་གྱི་མུའོ་རིགས་ལ་རེ་བ་རྦད་དེ་ཆད་ཟིན་ཀྱང་། ཁོ་ནི་དུས་སྐབས་དེར་དཀོན་མཆོག་གིས་གནང་བའི་རེ་བ་ཉག་ཅིག་རེད། མི་དེ་ནི་“ཕོ་རྒུ་ལིས”་རེད། ཕོ་རྒུ་ལིས་སྤྱི་ལོ་༡༩༦༤་ལོར་དད་གུས་གཙང་མ་ལྡན་པའི་དབྱིན་ཇུའི་ཡེ་ཤུ་སློབ་མའི་ཁྱིམ་ཚང་ཤིག་ཏུ་སྐྱེས། ཁོ་ཆུང་དུས་ནས་བློ་དང་རིག་པ་བཀྲ་ཞིང་སྤྱང་གྲུང་ལྡན་པ་ཞིག་ཡོད། ལོ་དགུའི་ཐོག་སློབ་གྲྭར་ཞུགས། ལོ་བཅུ་གསུམ་སྟེང་དཱི་ཝན་ཆུའུ་གྲོང་ཁྱེར་གྱི་ཤཱིས་བོའུ་གཞུང་བཙུགས་སློབ་གྲྭར་ཚུད། སློབ་གྲྭ་ནས་། ཁོའི་གྲངས་རིག་ཤེས་རྒྱ་སློབ་མ་མང་པོའི་དབུས་ནས་ཁྱད་དུ་འཕགས་ཏེ། སློབ་གཙོའི་བསྟོད་བསྔགས་ཡང་ཡང་ཐོབ། ཁོའི་སྤྱང་གྲུང་འཛོམས་ཤིང་གསོན་ཤུགས་ལྡན་པའི་གཤིས་ཀ་དེས། མི་འགྱངས་པར་མང་ཚོགས་ཀྱིས་དགའ་བསུ་ཐོབ་པའི་རྐྱེན་དུ་གྱུར། སློབ་མཐར་ཕྱིན་རྗེས། ཕོ་རྒུ་ལིས་དབྱིན་ཇུའི་གཞུང་ཞབས་པའི་རྒྱུགས་སྤྲོད་ལ་ཞུགས་ཏེ། དབྱིན་ཇུའི་རྒྱལ་ཁབ་ཡོངས་ནས་ཨང་རིམ་བདུན་པ་བླངས། རྒྱལ་ས་ལུང་ཏུང་ལ་ལས་ཁུངས་ཤིག་ཏུ་རྩིས་གཉེར་བའི་འགན་བཞེས། “ཕུལ་བྱུང་སློབ་མ་”ཕོ་རྒུ་ལིས་ལ་མཚོན་ན། མ་གཞིར་དབྱིན་ཇུ་ནས་ལོངས་སྤྱོད་འཛད་པ་མེད་ཅིང་། བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བར་རོལ་ཆོག་མོད།

འོན་ཀྱང་། ན་གཞོན་ཕོ་རྒུ་ལིས་ཀྱིས་སྐད་ཆ་ཞིག་ཐོས། དེ་ནི་དཀོན་མཆོག་གིས་ཁོ་ཀིའེ་ཀྲོའོ་ཧྲི་མན་ཁན་དུ་ཕྱིན་ཏེ། དད་པ་ལ་རྟེན་ནས་མུའོ་རིགས་ཀྱི་ལས་དབང་བསྒྱུར་བཅོས་གཏོང་དགོས་པའི་བཀའ་མངགས་གནང་བ་རེད། ཕོ་རྒུ་ལིས་ཀྱིས་དཀོན་མཆོག་གི་བཀའ་མངགས་དང་ལེན་བྱས། 
ཁྱོད་ཀྱིས་དཀའ་སྡུག་གི་རི་ཆུ་བརྒལ་དུས། ང་ནམ་ཡང་ཁྱོད་ཀྱི་གན་ན་ཡོད།

       ཕོ་རྒི་ལིས་དང་ཐོག་ཀྲུང་གོར་འབྱོར་དུས།  འབྲི་ཆུའི་སུམ་མདོ་ནས་གྲུ་གཟེངས་འགྲེ་ལྡོག་བརྒྱབ་སྟེ་ཨེན་ཙམ་མིན་ན་ཚེ་ཡི་དུས་བྱས། ཀིའེ་ཀྲོའི་ཧྲི་མན་ཁན་དུ་བསྐྱོད་པའི་འགག་འཕྲང་དུ། ཕོ་རྒུ་ལིས་རྟ་རྩལ་ཞན་པའི་དབང་གིས་རྟ་ཐོག་ནས་ལྷུང་སྟེ་གྲོག་རོང་དུ་འཆི་ལ་ཁད་ཀྱི་རྨས་སྐྱོན་ཕོག ཐོག་མར་མུའོ་ཡུལ་ལ་སླེབས་དུས། མུའོ་རིགས་ཀྱི་འཚོ་བ་དབུལ་ཞིང་ཕོངས་ལ། མུའོ་མིས་ཁྲུས་ཀྱང་མི་བྱེད་པས་ལུས་ཀྱི་དྲེག་པ་དང་སྣ་གཉེར་བའི་དྲི་ངད་ཀྱིས་རྒྱུད་ལ་བཅར་དཀའ་བ་བྱུང་མོད། རེད་དེ་ཕོ་རྒི་ལིས་ཀྱིས་མུའོ་དམངས་སྣང་མེད་དུ་གཏན་ནས་བསྐྱུར་མ་མྱོང་ལ། ལྷག་ཏུ་ཁོར་ཡུག་གི་དཀའ་སྡུག་གིས་རྒྱང་དུ་བཀྱེད་མྱོང་མེད། ཕོ་རྒུ་ལིས་མུའོ་ཡུལ་དུ་འབྱོར་ནས་བཟུང་སྟེ། ལུས་ལ་མུའོ་རིགས་ཀྱི་གྱོན་གོས་བཀླུབས་ཤིང་། ཁ་ནས་མུའོ་སྐད་བཤད། གནས་ཚང་མུའོ་ཁྱིམ་དུ་བྱས་ཏེ། མུའོ་མི་དང་མཉམ་དུ་ཞོགས་ཁོག་དང་སོ་བ། མ་རྨོས་ལོ་ཏོག་ལོངས་སུ་སྤྱོད། མ་ཟད་འབུ་ཚང་བཅས་པའི་གཟན་རྩྭའི་ཕུང་པོ་སྟེང་ལ་མཉམ་དུ་ཉལ་ས་བཅས་མྱོང་། དེའི་ནང་ནས་སྐབས་གཉིས་ལ། ཁོ་རང་ཕྱུགས་ཁང་སྤྱིལ་བུའི་ནང་དུ་བ་དང་བེའུ་ཞིག་གི་མཉམ་དུ་རྩྭ་སྐྱའི་སྟེང་དུ་ཉལ་དགོས་བྱུང་ཡོད།  ཁོས་རྟར་མི་ཞོན་ལ་ཕེབས་བྱམས་ལའང་མི་སྡོད། ལམ་དུ་མུའོ་དམངས་དང་འཕྲད་ཚེ་རྒན་རབས་ཤིག་དང་འཕྲད་པ་ལྟར་གུས་ཞབས་འབུལ། ཁོས་མའོ་མི་དང་མཉམ་ཟ་མཉམ་འདུག་དང་དཀའ་ཚེགས་མཉམ་རོལ་བྱས་པར་བརྟེན། མུའོ་མི་རྣམས་ཀྱིས་ཁོ་ལ་དགེ་རྒན་དང་ལྷ་རྗེའི་འདུ་ཤེས་ཙམ་མ་ཡིན་པ། དཀའ་སྡུག་གི་ལོ་ཟླའི་ནང་དུ་བློས་ཐུབ་ཀྱི་ནང་མི་ཞིག་གི་བརྩི་ཐང་བཞག་ཡོད། མུའོ་མི་རྣམས་ཀྱིས་ཁོ་ནི་ཆེས་ཡིད་རྟོན་འཕེར་པའི་མི་ཞིག་ལ་ངོས་བཟུང་སྟེ། ཁོ་ལ་“ལྷ་མོང་”(མུའོ་རྒྱལ་)ཞེས་མཚན་གྱིས་ཅོད་པན་བཅིངས།
 
དགེ་སེམས་སྡིག་ལས་རྒྱལ་སྟེ་དགྲ་འཁོན་གུ་ཡངས་བཏང་། 
 
       ཕོ་རྒུ་ལིས་ཀྱིས་ལྷག་བསམ་རྣམ་དག་དང་སྤྲོ་སེམས་ཁོལ་པོས་རོགས་སྐྱོར་བྱས་པར་བརྟེན། མུའོ་མི་རྣམས་ཁྱུ་དང་ཁྱུར་བྱས་ཏེ་ཁོའི་དྲུང་དུ་འདུས་ནས། ཁོའི་བསླབ་བྱ་ལ་མཉན་གྱིན་ཡོད་ལ། མུའོ་མི་རྣམས་ཁྱུ་དང་ཁྱུར་བྱས་ཏེ་ཁྲུས་ཆོག་ཞུས་ཏེ་ཡེ་ཤུ་ཆོས་སྒོ་ལ་ཞུགས་ཀྱིན་ཡོད། དེར་བརྟེན་ས་གནས་དཔོན་པོ་ལ་ཕོག་ཐུག་ཤོར་ཅིང་། ཕོ་རྒུ་ལིས་ཀྱིས་ཁོ་ཚོའི་གོ་གནས་འཕྲོག་པར་དོགས་ཟོན་བྱེད་པར་བརྩམས། དེའི་སྟེང་དུ་ཕོ་རྒུ་ལིས་ཀྱིས་ས་བདག་དང་དཔོན་ཁག་གིས་མི་སེར་མནར་གཅོད་གཏོང་ཚུལ་ལ་ངོ་རྒོལ་བྱས་ཤིང་། ཞིང་པ་དབུལ་ཕོངས་དག་གི་རྒྱབ་ཏུ་ལངས་ཏེ་སྐད་ཆ་བཤད་པས། ཕོ་རྒུས་ལིས་ལ་གསང་ཚོགས་(གསང་བའི་ངང་རྩ་འཛུགས་བྱས་པའི་ཚོགས་པ་ཞིག)དང་། དཔོན་ཁག ས་བདག ཇག་ཚོགས་རྣམས་ཀྱིས་ལྐོག་གནོད་སྐྱེལ་བའི་དམིགས་ཡུལ་དུ་འཛིན།  ཐེངས་ཤིག་གི་མཚན་མོར། དྲག་ཆས་བགོས་པའི་སྐྱེས་པ་དྲུག་ཅུ་ལྷག་ཅིག་གིས་ལམ་སྒྲོན་བསྣམས་ཏེ། ལག་ཏུ་རལ་གྲི་དང་མདུང་རིང་། བོའུ་རིང་། དབྱུག་པ་སོགས་དྲག་མཚོན་ཐོགས་ནས། ཀི་འབོད་བྱེད་ཀྱིན་ཕོ་རྒུ་ལིས་ཀྱི་སྟེང་དུ་མཆོངས་ཏེ་ཤེད་ཤུགས་ཡོད་རྒུ་ཕྱུང་སྟེ་ཁོ་ལ་རྡུང་རྡེག་བྱས། སྐབས་དེར་ཁོས་ད་ནི་མི་འགྱངས་པར་འཆི་ངེས་སྙམ་བཞིན་པའི་སྒང་ལ། པགས་ཚགས་གྱོན་པའི་རྒྱ་རིགས་སྐྱེས་པ་ཞིག་གིས་ཁོ་རང་གིས་ལུས་ཀྱིས་འགེབ་སྲུང་བྱས་ཏེ། ཕོ་རྒུ་ལིས་ཀྱི་ཚེ་སྲོག་བསྐྱབས། སྤྱི་ལོ་༡༩༠༧ལོར། ཕོ་རྒུ་ལིས་ས་བདག་བསྭོ་ཤས་པཱའོ་ཡིས་བཙན་བཟུང་བྱས་ཏེ་སྲོག་ཆད་ལ་ཁད་ཀྱི་གནར་གཅོད་གཏོང་། འོན་ཀྱང་ཉེན་རྟོག་ཁང་གིས་བསྭོ་ཤས་པཱའོ་འཛིན་བཟུང་བྱེད་དུས། ཕོ་རྒུ་ལིས་རྡུང་རྡེག་གིས་རྨས་སྐྱོན་ཚབས་ཆེ་ཕོག་སྟེ་སྨན་ཁང་དུ་ཉལ་ཡོད་ཀྱང་། སྲིད་གཞུང་ལ་འཕྲིན་ཡིག་བསྐུར་ནས་བསྭོ་ཤས་པཱའོ་གློད་གྲོལ་གཏང་བའི་རེ་ཞུ་ཕུལ་བ་རེད། ཕོ་རྒུ་ལིས་ཀྱིས་དེ་ལྟར་ཡེ་ཤུའི་བྱམས་བརྩེ་ལ་བརྟེན་ནས་འཁོན་སེམས་ཞུ་ཐབས་བྱས་ཤིང་། དགྲ་བོའི་འདུ་ཤེས་དང་ནོར་འཁྲུལ་ཅན་གྱི་ལྟ་ཚུལ་རྣམས་མེད་པར་བྱས་སོ།།
    
མུའོ་ཡིག་གསར་གཏོད་དང་སློབ་གྲྭ་འཛུགས་སྐྲུན་བྱས་ཚུལ། 
 
      མུའོ་རིགས་ལ་གནའ་ནས་ཡི་གེ་མེད་པས། མེས་པོའི་ལོ་རྒྱུས་རྣམས་སྙན་ནས་སྙན་དུ་རྒྱུད་པ་ཤ་སྟག་ཡིན། མུའོ་གྲོང་དུ་ལོ་རྒྱུས་ཚུལ་བཞིན་ཤེས་མཁན་རྒན་རབས་བཅུ་ཡན་རྙེད་དཀའ། སྤྱི་ལོ༡༩༠༦ལོར། ཕོ་རྒུ་ལིས་ཀྱིས་མུའོ་ཡིག་གསར་བཟོ་བྱེད་ཐབས་ཀྱི་འཆར་གཞི་བཏིང་ཞིང་། དུས་མཚུངས་སུ་མུའོ་རིགས་དང་རྒྱ་རིགས་དད་ལྡན་མཉམ་དུ་ཞིབ་འཇུག་བྱས། ལ་ཏིང་གི་དབྱངས་གསལ་རྨང་གཞིར་བཞག་སྟེ། མུའོ་རིགས་ཀྱི་རྒྱན་གོས་ངོས་ཀྱི་མཚོན་རྟགས་རི་མོ་དང་ཟུང་སྦྲེལ་ནས། སྦྱོང་སླ་ཞིང་སྟབས་བདེ་བའི་སྒྲ་སྦྱོར་ཡི་གེ་ཞིག་གསར་གཏོད་བྱས། མུའོ་ཡིག་དེ་སྐབས་དེ་དུས་མུའོ་རིགས་ཀྱི་སྤྱི་ཚོགས་དང་རིག་གནས་ཁོར་ཡུག་ལ་ཧ་ཅང་འཚམ་པོ་བྱུང་ཡོད། མ་གཞིར། ཕོ་རྒུ་ལིས་དབྱིན་ཇུའི་མི་ཡིན་ཀྱང་། ཁོས་ “ང་ཀྲུང་གོའི་མི་ཡིན། ང་ཀྲུང་གོ་ལ་དགའ།”ཞེས་པའི་སློབ་དེབ་ཅིག་སྒེར་སྒྲིག་བྱས་ཤིང། སློབ་གྲྭ་འཛུགས་སྐྲུན་དང་སློབ་གསོའི་ལས་ཀ་འགོར་བརྩམས། ཡི་གེ་ཡོད་པས་མུའོ་དམངས་རྣམས་ཀྱིས་དཔེ་ཀློག་དང་སློབ་སྦྱོང་བྱེད་ཆོག་པར་གྱུར། སྤྱི་ལོ༡༩༠༥་ལོར། ཕོ་རྒུ་ལིས་ཀྱིས་ཧྲི་མན་ཁན་ལ་ཆེས་ཐོག་མའི་མུའོ་རིགས་ཀྱི་སློབ་ཆུང་རྩ་འཛུགས་བྱས་ཏེ། བུ་དང་བུ་མོ་ཐུན་མོང་གི་སློབ་གླིང་དུ་སྲོལ་བཏོད་པ་མ་ཟད། རྒྱ་ཡིག་དང་དབྱིན་གཉིས་ཀར་སློབ་ཁྲིད་བྱས། 
 
ས་ཁྱོན་ཟོག་གི་པགས་པ་ཙམ་གྱི་སྟེང་དུ་སློབ་གྲྭ་སྐྲུན། 
 
      ཧྲི་མན་ཁན་དུ་ས་གཞིར་འགྲམ་བཏིང་ནས་སློབ་གྲྭ་སྐྲུན་པའི་ཆེད་དུ། ཕོ་རྒུ་ལིས་མུའོ་རིགས་ཀྱི་རྒན་རབས་རྣམས་ཀྱིས་འཛུབ་སྟོན་ལྟར། སྤྱི་ལེ་བཅུ་ཕྲག་བརྒལ་ནས་གཞུང་གི་དབུ་ཁྲིད་ཨན་ཧིན་སྲན་གྱི་དྲུང་དུ་བཅར། ཕོ་རྒུ་ལིས་ཀྱིས་འོང་དོན་རྣམས་ཞུས་རྗེས། ཨན་ཧིན་སྲན་གྱིས་ཚོང་པ་ཆེན་པོ་ཞིག་འབྱོར་བར་བརླམས་ཏེ། སྤྲོ་བས་ཁེངས་ནས་བསུ་མར་བྱས། ཨན་ཧན་སྲན་དང་ཕོ་རྒུ་ལིས་གཉིས་ལས་འཕྲོ་ཡོད་པ་འདྲ་སྟེ། འཕྲད་མ་ཐག་ཏུ་སྨོན་འདྲིན་ལྟར་དུ་གྱུར། བཟའ་བཏུང་ལེགས་པར་གྲུབ་རྗེས་ཨན་ཧན་སྲིན་གྱིས་ཕོ་རྒི་ལིས་ལ་ས་ཁྱོན་ག་ཚད་དགོས་མིན་དྲིས། ཕོ་རྒུ་ལིས་ཀྱིས་མཚར་སྣང་དང་བཅས་ཏེ། “ཟོག་གི་པགས་པ་གཅིག་གི་ཆེ་ཆུང་ཁོ་ན་ལས་མི་དགོས་”ཞེས་ལན་ལྡོན། ཕྱུག་ཉམས་དོད་པའི་ཨན་ཧན་སྲིན་གྱིས་མི་འདི་རིགས་ཁྱད་མཚར་བ་ལ། ཆོས་སྤེལ་ཞིང་སློབ་གྲྭར་འཛུགས་པ་ལ་བུད་མེད་ཀྱི་སྨད་ཤམ་ཙམ་གྱི་ས་ཆ་ལས་མི་དགོས་པར་སྙམ་བཞིན། ཕོ་རྒུ་ལིས་ལ་ས་ཆ་དེ་ཙམ་ཞིག་སྦྱིན་རྒྱུ་བྱས། གྲ་སྒྲིག་ཨང་གསར་བྱས་ཏེ་ཡོང་བའི་ཕོ་རྒུ་ལིས་ཀྱིས་ཟོག་པགས་ཙམ་གྱི་ས་དེའི་ཆེད་དུ། ཨན་ཧན་སྲིན་དང་གན་རྒྱ་བྲིས་ཏེ་དམ་ཚིག་ཀྱང་བཞག ཕོ་རྒུ་ལིས་ཧྲི་མན་ཁན་དུ་འབྱོར་རྗེས། རྫས་འགྱུར་རིག་པའི་རྫས་སྦྱོར་ལ་བརྟེན་ནས་ཟོག་པགས་གཅིག་ལག་བསྟར་བྱེད་འགོར་བརྩམས། དེ་ཡང་ཟོག་པགས་དེ་འབྲེང་བུར་དྲས་ཏེ། ཟོག་སྤུ་དག་གིས་སྐུད་པར་སྒྲིམ། ཐ་གུ་ཡིས་རྒྱུན་བུ་དང་སྐུད་པའི་རིང་ཚད་འཇལ་ཏེ། ཐ་གུས་སྨི་གྲུ་བཞི་མ་སྤྱི་ལེ་གཅིག་གི་ས་ཁྱོད་མཐའ་བསྐོར་བྱས། (ད་ལྟའི་ཧྲི་མན་ཁན་ཤང་སྲིད་གཞུང་གི་ས་དེ་རེད།)
 
སློབ་གསོ་དང་དད་པ་མཉམ་དུ་མདུན་དུ་བསྐྱོད་པ། 
 
    ཕོ་རྒུ་ལིས་ཀྱིས་ཧྲི་མན་ཁན་དུ་ཡེ་ཤུ་ཆོས་ལུགས་ལ་དད་པ་སྤེལ་བའི་དུས་མཚུངས་སུ་སློག་གསོ་ལས་འགུལ་འགོ་བརྩམས། ཧྲི་མན་ཁན་ལྟེ་བར་བྱས་ཏེ། མཐའ་མཚམས་སྤྱི་ལེ་བརྒྱ་ལྷག་གི་ནང་རོལ་དུ། ཕོ་རྒུ་ལིས་ཀྱིས་དབྱིན་ཇུ་ནས་མ་དངུལ་བསྡུས་ཏེ། ཆོས་ཁང་བཅུ་ཕྲག་འགའ་ཞིག་འཛུགས་སྐྲུན་བྱས་ཤིང་། སློབ་ཆུང་སློབ་གྲྭ་བརྒྱ་དང་ཉི་ཤུ་ཐམ་པ་ཡོངས་སུ་ལེགས་གྲུབ་བྱུང་ཡོད། ཕོ་རྒུ་ལིས་ཀྱིས་ད་དུང་<ཝོའུ་མོང་རི་གྲོང་གི་མི་སེར་དཀྱུས་མའི་ཡི་གེ་སློབ་དེབ།>ཅེས་པའི་མུའོ་ཡིག་གིས་རྩོམ་སྒྲིག་བྱས་ཡོད། དེ་ནི་ས་ཆ་འདིར་ཡིག་རྨོངས་སེལ་བའི་ལས་འགུལ་སྤེལ་བའི་གོ་རིམ་ཤིག་ཏུ་གྱུར་ཡོད། མི་སེར་དཀྱུས་མའི་སློབ་དེབ་དེ་མེ་སྟག་སྤང་ལ་མཆེད་པ་བཞིན་མུའོ་རིགས་ཀྱི་ས་ཆ་ཡོངས་ལ་ཁྱབ། 
 
ཁྱོད་ཀྱིས་བློ་ལ་ཟིན་ན། ང་ད་གཟོད་ཁྱོད་ཀྱི་མནའ་མ་བྱར་ཆོག 
 
 སློབ་གསོས་ཐོད་བརྒལ་གྱིས་ཝོའོ་མོང་རི་གྲོང་གི་སྔོན་ཆད་རྗེས་ལུས་མུན་ནག་གི་སྲོལ་རྒྱུན་ཡོངས་སུ་བསྒྱུར་བཅོས་བྱས་ནས། ཕྱིས་སུ་ཝོའོ་མོང་རི་གྲོང་གི་སྲོལ་རྒྱུན་འདི་ལྟར་མངོན་ཏེ། གལ་སྲིད་ཕོ་གསར་ཞིག་གིས་གཞོན་ནུ་མ་ཞིག་དེད་དེ། གཞོན་ནུ་མ་དེ་ཁོ་དང་གཉེན་སྒྲིག་པའི་རེ་བ་འདོན་ཚེ། གཞོན་ནུ་མ་དེས་ཆ་རྐྱེན་གཅིག་ཁོ་ན་རེ་བ་བརྒྱག་སྲིད། དེ་ནི་“ཁང་པ་དང་རླངས་འཁོར་ཡོད་”དགོས་ཞེས་པ་མ་རེད། ངེས་པར་དུ་<ཝོའོ་མོང་རི་གྲོང་གི་མི་སེར་དཀྱུས་མའི་སློབ་དེབ།>བློ་ལ་ཟིན་དགོས་ཞེས་པ་དེ་རེད། བློ་ལ་ཟིན་ན་ཁོའི་མནའ་མ་བྱེད་པ་རེད། དེ་ལྟར་ཕོ་རྒུ་ལིས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས། ཝོའོ་མོང་རི་གྲོང་གི་སྤྱི་ཚོགས་གོམས་སྲོལ་དག་རིམ་གྱིས་སློབ་གསོ་དང་དཔལ་ཡོན། ཤེས་རིག་ལ་གུས་བཀུར་དང་མཐོང་ཆེར་བྱེད་པར་བརྩམས། 
 
རྔ་ནོག་མཁའ་ལམ་གྱི་འཕུར་སྐྱོད་པའི་གཏམ་རྒྱུད། 

      འཐབ་འཁྲུག་གི་སྐབས་སུ། ཨ་རིའི་རྔ་ནོག་མཁའ་ལམ་གྱི་འཕུར་སྐྱོད་པ་ཞིག་འཇར་པན་དམག་གིས་རྒོལ་ལན་ཐེབས་ཏེ་ས་ཆ་དེ་གར་ལྷུང་། ས་གནས་དེ་གའི་མུའོ་རིགས་མི་ཞིག་གིས་སྲོག་སྐྱོབ་པ་རེད། དེ་ཡང་མུའོ་རིགས་ཀྱི་མི་དེས་སྐབས་དེར་དབྱིན་ཡིག་གིས་ལམ་ནས་འཕུར་སྐྱོད་པ་དང་ཁ་བརྡ་བྱས་ཤིང་། དེ་མ་ཟད་འཕུར་སྐྱོད་པ་དེ་གོ་མན་ཏང་གི་དམག་སྒར་ལ་བསྐྱལ། ཨ་རིའི་འཕུར་སྐྱོད་པར་སེམས་འགུལ་ཆེན་པོར་ཐེབས་ཏེ་མིག་ཆུ་ཕྲོམ་ཕྲོམ་བསིལ། ས་ཁུག་ལུང་ཁུག་བྱང་ཐང་ལྟ་བུའི་འདི་འདྲ་ཞིག་ལ། དངོས་གནས་དབྱིན་ཡིག་ལེགས་པར་ཤེས་ཤིང་ཁོ་དང་ཁ་བརྡ་བྱེད་ཐུབ་མཁན་ཤིག་ཡོད་པ་དང་། ལྷག་ཏུ་ཁོ་གོ་མན་ཏང་གི་དམག་སྒར་བསྐྱལ་ཏེ་ཁོ་སླར་ཡང་ཨ་རིར་ལོག་པའི་རོགས་བྱེད་པར་ཁོའི་བློ་ཡུལ་དུ་ཤར་མྱོང་མེད། གཏམ་རྒྱུད་འདིའི་ནང་ནས་སྐབས་དེར་ཧྲི་མན་ཁན་ས་ཆའི་སློབ་གསོའི་ཆུ་ཚད་མཐོང་ཐུབ། 
མེ་ཏོག་རྩེད་ར་མེ་བསྲེགས་བཏང་བ། 
 
     གོང་དུ་གླེང་བའི་མེ་ཏོག་རྩེད་རའི་སྐོར་དྲན་ནམ། ཕོ་རྒུ་ལིས་ཧྲི་མན་ཁན་དུ་བསླེབས་རྗེས། ཡེ་ཤུའི་ཆོས་སྒོ་ལ་ཞུགས་ཚུལ་སྒྲིག་གཞི་ཞིག་གཏན་འབེབས་བྱས། སྐྱེས་པ་ལོ་༢༢་དང་། བུད་མེད་ལོ་༢༠་ལ་སོན་ཚེ་གཟོད་གཉེན་སྒྲིག་བྱེད་ཆོག་པ་དེ་རེད། ཕོ་རྒུ་ལིས་མཁར་གྲོང་ཞིག་ལ་འཛུལ་ནས་བཟུང་སྟེ། མཁར་གྲོང་དེའི་ནང་གི་མུའོ་མི་རྣམས་ལ་མེ་ཏོག་རྩེད་ར་མེ་བསྲེག་གཏོང་བཅུག་གིན་ཡོད། ཁོ་ཚོ་ལ་དཔལ་ཡོན་དང་འཕྲོད་བསྟེན་ལག་ལེན་བསྟར་བཅུག། ཁྱིམ་ཚང་གི་འབྲེལ་བ་དང་མི་ཆོས་ཀུན་སྤྱོད་ལ་མཐོང་ཆེན་དགོས་པའི་ནན་བསྐུལ་བྱེད་ཀྱིན་ཡོད།
 
མཛེ་ནད་ཅན་སྨན་བཅོས་བྱས་པ། 
 
      ལོ་བརྒྱའི་སྔོན་ལ་ཝོའོ་མོང་རི་གྲོང་དུ། འཇིགས་སུ་རུང་བའི་མཛེ་ནད་ཅིག་ཁྱབ་བརྡལ་བྱུང་། ནད་དེ་སུས་ཀྱང་བཅོས་མ་ཐུབ་པར་བཅོང་ནད་དུ་གྱུར་ཡོད་ལ། བྱ་དཀའ་བྱེད་གཏད་དུ་གྱུར་པའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཀྱང་རེད། སྐབས་དེར་ས་གནས་སྲིད་གཞུང་གིས།  མཛེ་ནད་ཅན་ཐམས་ཅན་མེ་བསྲེག་གཏོང་དགོས་པ་དང་། ཡང་ན་རྒྱང་རིང་གི་ནགས་ཀློང་སྟུག་པོའི་ནང་དུ་མཐའ་སྐྲོད་དགོས་པའི་བཀའ་ཕབ། དེར་བརྟེན། ས་གནས་དེ་གའི་མི་རྣམས་ཀྱིས་དང་པོར་མཛེ་ནད་ཅན་རྣམས་ཆང་གིས་བཟི་བཅུག་སྟེ། དེ་ནས་གསོན་པོར་མེ་བསྲེག་གཏོང་བའི་དངོས་སུ་ལག་བསྟར་བྱས། དེ་ལྟར་གདུག་རྩུབ་ཆེ་ཞིང་སྙིང་རྗེ་མེད་པའི་ཐབས་བཀོད་དེས། མཛེ་ནད་ཅན་རྣམས་སྨན་བཅོས་ཀྱི་གོ་སྐབས་གཏན་ནས་མི་ཐོབ་པར་གྱུར།

སྤྱི་ལོ་༡༩༡༤་ལོར། ཕོ་རྒུ་ལིས་ཀྱིས་ཀོང་ཤིས་ཀྱི་བདེ་སྲུང་དམག་དཔོན་གྱིས་མཛེ་ནད་ཅན་བསླུ་གསོད་དང་གསོན་སྦས་བྱེད་པའི་གནས་ཚུལ་ཐོས་རྗེས། ཁོང་ཁྲོ་དྲག་པོ་ལངས་ཏེ་ཚགས་དེབ་ཀྱི་སྟེང་དུ་དམག་དཔོན་དེ་ལ་ཚིག་རྩུབ་དྲག་པོར་སྨྲས་ཤིང་། ལམ་སང་དབྱིན་ཇུའི་མཛེ་འགོག་ཚོགས་པ་དང་འབྲེལ་བར་བྱས་ཏེ། མ་དངུལ་ཅུང་ཟད་བསྡུ་རུབ་བྱས། ཕོ་རྒུ་ལིས་ཀྱིས་མ་དངུལ་དེ་དག་ལ་བརྟེན་ནས་འབྲུ་རིགས་དང་རས་སོགས་ཉོ་སྒྲུབ་བྱས། དུས་ཆད་བྱས་ཏེ་ཉེ་འཁོར་གྱི་ནད་པ་རྣམས་ལ་སྦྱིན་པར་གཏོང་། ཕོ་རྒུ་ལིས་གྲོངས་རྗེས་སུ་ཡང་ཁོའི་ཆོས་ཚོགས་ཀྱིས་མཛེ་ནད་ཅན་རྣམས་ལ་རོགས་སྐྱོར་བྱ་རྒྱུ་མུ་མཐུད་དུ་རྒྱུན་བསྐྱངས་ཏེ། བར་མཚམས་ཤིག་གཏན་ནས་ཆད་མ་མྱོང་། ལོ་བཞིའི་རྗེས་སུ། རྗེས་མཇུག་པ་ཀྲང་ཏའོ་ཧུའེ་ཡིས་ཆོས་ཚོགས་ཁག་ལ་སྙན་སེང་ཕུལ་སྟེ་མ་དངུལ་ཐོབ་པ་དག་གིས་ཆུ་མིག་ཡོད་པའི་ས་སྟོང་ཞིག་ཉོས་ཏེ། ཀྲུང་གོའི་ཆེས་ཐོག་མའི་མཛེ་ནད་སྨན་ཁང་འཛུགས་སྐྲུན་བྱས། ཤར་བྱང་ཡུན་ནན་དང་། ལྷོ་ནུབ་ཀེའུ་ཀྲོའོ་དང་འབྲེལ་ཤིང་ཆེས་ཐོག་མའི་མཛེ་ནད་སྨན་ཁང་དེ། ཡུན་རིང་མ་འགོར་བར། ཀྲག་ཐང་དང་། ཝེའེ་ནིང་། གཡུ་ལན་སོགས་ནས་མཛེ་ནད་ཅན་གྱི་ནད་པ་བཅུ་ཕྲག་འགའ་ཞིག་བསྡུས། ནད་པ་ཕལ་ཆེ་བས་རྣག་རུལ་དུ་གྱུར་པའི་གཟུགས་པོ་རེ་ཁུར་ནས་ཡོང་བ་ཡིན་སྟབས། སྨན་བཅོས་ལེགས་པར་གྲུབ་རྗེས། འདི་གར་མཉམ་དུ་འདུས་ཏེ་འཚོ་བར་རོལ་ཞིང་། དུས་ད་ལྟར་ཡང་མཛེ་ནད་གྲོང་ཚོ་ཞེས་པ་ཆགས་ཡོད། 
 
དེང་རབས་ཅན་གྱི་དཔལ་ཡོན་འཚོ་བ། 
 
      དད་པ་དང་སློབ་གསོ་ལས་གཞན། ཕོ་རྒུ་ལིས་ཀྱིས་ད་དུང་མའོ་མི་རྣམས་དེང་རབས་ཀྱི་དཔལ་ཡོན་ལྡན་པའི་འཚོ་བར་བཀྲི་ཡོད། ཕོ་རྒུ་ལིས་དབྱིན་ཇུ་ནས་ལུས་རྩལ་དགའ་ཕྱོགས་ནི་རྐང་གྲུག་དང་ཆུ་རྐྱལ་བ་གཉིས་ཡིན་པས།

སྤྱི་ལོ་༡༩༡༤་ལོར། ཕོ་རྒུ་ལིས་ཀྱིས་ཧྲི་མན་ཁན་དུ་རྐང་གྲུག་རུ་ཁག་ཅིག་རྩ་འཛུགས་བྱས། མི་རྣམས་བསམ་ཡུལ་ལས་འདས་པ་ཞིག་ནི་སྤྱི་ལོ་༡༩༡༤་ལོའི་སྐབས་སུ། ཀྲུང་གོའི་མི་མང་པོ་ཞིག་གིས་རྐང་གྲུག་ནི་ཅི་ཞིག་ཡིན་པ་མི་ཤེས། རེད་དེ་ཁོས་ས་ཆ་དེ་ལ་རྐང་གྲུག་རུ་ཁག་ཅིག་རྩ་འཛུགས་བྱས་པ་རེད། རུ་ཁག་དེས་རྐང་གྲུག་རྩེད་སྟངས་ལེགས་པ་མ་ཟད། ད་དུང་འགྲན་རྩལ་གྱི་ཆུ་ཚད་ཀྱང་གང་འཚམས་ཤིག་ལྡན་འདུག སྤྱི་ལོ་༡༩༢༣ལོར། དེ་དུས་སི་ཁྲོན་གྱི་དམག་ཤེད་ཅན་དབྱང་སན། ཀིའེ་ཀྲོའོ་རུ་ཚོགས་གཙོར་བསྐོ་མངགས་བྱས་པ་དང་བསྟུན། ཧྲི་མན་ཁན་གྱི་ལམ་བརྒྱུད་དེ་ཕྱིན། ཧྲི་མན་ཁན་དུ་རྐང་གྲུག་ར་བ་ཞིག་ཡོད་པར་མཐོང་འཕྲལ། ཁོ་ཤིན་ཏུ་མཚར་སྣང་ཤར། ཁོ་མི་སྒེར་གྱིས་རྐང་གྲུག་ལ་དགའ་བོ་ཡོད་ཅིང་། དམག་དཔུང་དུ་ཡང་རྐང་གྲུག་རུ་ཁག་ཡོད་ལ། མིང་ལ་འཛམ་གླིང་འགྲན་བྲལ་ཕྱག་རྒྱ་ཅན་ཞེས་བཏགས་ཡོད།  དབྱང་སན་གྱིས་དམག་དཔུང་གི་རྐང་གྲུག་རུ་ཁག་དང་ཧྲི་མན་ཁན་གྱི་རྐང་གྲུག་རུ་ཁག་གཉིས་འགྲན་བསྡུར་བྱེད་བཅུག བསྟུད་མར་ཉིན་གསུམ་ལ་འགྲན་ཞིང་། མཐའ་ཐུག་ཧྲི་མན་ཁན་གྱི་རྐང་གྲུག་རི་ཁག་ཐེངས་གཉིས་ལ་རྒྱལ་ཁ་ཐོབ། དབྱང་སན་གྱི་རུ་ཁག་ཐེངས་གཅིག་ལས་རྒྱལ་ཁ་མ་ཐོབ། ཡུལ་མི་རྣམས་ཀྱིས་ཟེར་ན། དབྱང་སན་གྱི་ངོ་ལ་བལྟས་ནས་ཐེངས་གཅིག་ཕམ་ཁ་བླངས་པ་རེད་ཅེས་སྨྲ། དབྱང་སན་ཕམ་ཁ་དེས་ཡིད་སེམས་ཡོངས་སུ་ཚིམས་ནས། འགྲོ་ཁར་ཧྲི་མན་ཁན་གྱི་རྐང་གྲུག་པ་བཞི་ཁྲིད་དེ་ཕྱིན། འགྲན་བསྡུར་མཇུག་གྲུབ་རྗེས་དབྱང་སན་གྱིས། “ཁྱེད་ཚོ་ཐམས་ཅད་ཀྱིས་ལྷམ་ཕུད་དེ་ཕ་རོལ་གྱི་རྐང་གྲུག་རུ་ཁག་ལ་བྱིན་ཅིག ཁྱེད་ཅག་ད་དུང་ལྷམ་གྱོན་པའི་ངོ་ཕོད་ཡོད་དམ། ”ཞེས་བཤད། རྒྱུ་མཚན་ནི། ཧྲི་མན་ཁན་གྱི་རྐང་གྲུག་པ་རྣམས་ལ་ལྷམ་གྱོན་རྒྱུ་མེད། ཁོ་ཚོས་རྐང་རྗེན་དུ་རྐང་གྲུག་རྩེས་པ་རེད། ཕྱིས་སུ། ཧྲི་མན་ཁན་ཀིའེ་ཀྲོའོ་ཞིང་ཆེན་གྱི་ “རྐང་གྲུག་སླེ་ཚགས་”སུ་གྱུར་ཏེ། རྐང་གྲུག་རུ་ཁག་ཕལ་མོ་ཆེ་ཡོང་ཁུངས་ཧྲི་མན་ཁན་གྱི་རྒྱུད་པ་ཡིན། ཀྲུང་གོ་གསར་བས་རྩ་འཛུགས་བྱས་པའི་ཆེས་ཐོག་མའི་རྒྱལ་ཁབ་ཀྱི་རྐང་གྲུག་རུ་ཁག་ཏུ། རྐང་གྲུག་པ་གཉིས་ནི་ཧྲི་མན་ཁན་ནས་ཡོང་བ་ཡིན་ནོ། །
སྔོན་ཆད་ཀྱི་མུའོ་མི་རྣམས། ཚེ་གཅིག་ལ་གཟུགས་པོ་ཐེངས་གསུམ་ལས་མི་འཁྲུད། སྐྱེས་མ་ཐག་ཏུ་གཅིག་འཁྲུད་པ་དང་། ཤི་རྗེས་གཅིག་འཁྲུད། གཉེན་སྟོན་སྐབས་སུ་གཅིག་འཁྲུད་པ་རེད། དོན་དངོས་ལ། སྐྱེ་འཆིའི་དུས་སུ་ཁྲུས་ནི་མི་གཞན་གྱིས་བཀྲུས་པ་ཤ་སྟག་ཡིན་པས། རང་ཉིད་སྒེར་གྱིས་ཚེ་ཧྲིལ་པོར་ཁྲུས་གཅིག་ལས་མི་བྱེད་པར་མངོན།

ཕོ་རྒུ་ལིས་ཀྱིས་མུའོ་མི་དང་མཉམ་དུ་སྨྱུག་ཐུར་བཅད་དེ། སྨྱུག་ཚིགས་མཐུད་ནས་ཆུ་རྐ་ལས་ཤིང་རི་མགོའི་ཆུ་མིག་འོག་ཏུ་ཁྲིད། ཀྲུང་གོའི་ལྷོ་ནུབ་ཀྱི་ས་ཆ་ལ་ཆེས་ཐོག་མའི་ཆུ་རྐྱལ་རྫིང་བུ་དེ་སྐྲུན། ད་དུང་ཕོའི་རྐྱལ་རྫིང་དང་མོའི་རྐྱལ་རྫིང་། རྫིང་ཆེ་དང་རྫིང་ཆུང་སོགས་སོ་སོར་སྐྲུན་ཡོད། 
  
ལོ་ངོ་ཉེར་བདུན་གྱི་རིང་ལ་ཁོ་རང་དབྱིན་ཇུ་ལ་ཐེངས་གསུམ་ལས་ལོག་ཐུབ་མེད། 
 
     ཀིའེ་ཀྲོའོ་ཧྲི་མན་ཁན་བྱ་བའི་དབུལ་ཕོངས་ཀྱི་ས་ཆ་ལ། ཕོ་རྒུ་ལིས་ཀྱིས་སྔ་ཕྱིར་ཆོས་ཁང་དང་། སློབ་གྲྭ། སྨན་ཁང་། མཛེ་ནད་སྨན་ཁང་། དྭ་ཕྲུག་སློབ་གྲྭ་སོགས་འཛུགས་སྐྲུན་དུ་མ་བྱས་ཡོད་ལ། དེ་ཀུན་པོ་ཕོ་རྒུ་ལིས་ཀྱིས་དབྱིན་ཇུ་ནས་བསྡུ་རུབ་བྱས་པའི་མ་དངུལ་ལས་གྲུབ་པ་ཤ་སྟག་ཡིན། ཕོ་རྒུ་ལིས་ཀྱིས་བགྲང་བྱ་ཉེར་བདུན་ཏག་ཏག་ཀྲུང་གོའི་ཞབས་ཞུ་བྱས་ཤིང་། དེའི་རིང་ལ་དབྱིན་ཇུ་ལ་ཐེངས་གསུམ་ལས་བསླེབས་མེད། དེ་ཡང་སྒེར་གྱི་དོན་མ་ཡིན་པར་མ་དངུལ་བསྡུ་རུབ་ཀྱི་ཆེད་དུ་ཕྱིན་པ་རེད་ལ། ཚུར་ཀྲུང་གོ་ལ་ཡོང་ནས་སྨན་ཁང་དང་སློབ་གྲྭ་གསར་བཞེངས་བྱས་པ་རེད། 
 
མའོ་རིགས་ཀྱི་ཆེད་དུ། ཅང་ཅན་ཧྲི་ལ་དང་ལེན་མ་བྱས། 
 
     ཕོ་རྒུ་ལིས་དང་ཁོའི་ཆོས་ཚོགས་ཀྱིས་འབུམ་རམས་པ་དང་རབ་འབྱམས་པ། དངོས་གཞི་སློབ་མ་འབོལ་ཆེན་ཞིག་ལ་གསོ་སྐྱོང་དང་རོགས་དངུལ་བཏང་ཡོད་ལ། དེ་དག་སློབ་མཐར་ཕྱིན་རྗེས་ཚང་མ་ཧྲི་མན་ཁན་དུ་ལོག་ཅིང་མའོ་རིགས་འཛུགས་སྐྲུན་བྱས།

དེའི་ཁྲོད་དུ་མིང་ལ་ཀྲོག་ཧོན་ཀྲམ་འབོད་པའི་མི་ཞིག ལོ་ངོ་བཅུ་དྲུག་སྟེང་དུ་གཞི་ནས་སློབ་ཆུང་ལོ་རིམ་དང་པོར་འདོན་མཁན་ཞིག་ཡོད། འོན་ཀྱང་སྤྱོད་ཡོན་ཟུང་ལྡན་ཅན་ཞིག་ཡིན་པས། ཁོ་ཆོས་ཚོགས་ཀྱིས་རོགས་དངུལ་སྤྲད་དེ་ཁྲིན་ཏུའུ་ཧྭ་ཤིས་སློབ་ཆེན་དུ་སློབ་སྦྱོང་ཆེད་དུ་བཏང་། ཁོ་སྐབས་དེའི་མཐར་ཕྱིན་མཛད་སྒོའི་གཏམ་བཤད་པ་རེད། ཀྲོག་ཧོན་ཀྲམ་གྱིས་གནས་ལུགས་ཕྱུག་ཅིང་ཕུལ་དུ་བྱུང་བའི་གཏམ་བཤད་ཅིག་སྤེལ་བར་བརྟེན། འོག་ཏུ་བཞུགས་པའི་ཅང་ཅན་ཧྲི་ཡིས་དོ་སྣང་བྱེད་དགོས་བྱུང་ཡོད། ཅང་ཅན་ཧྲི་ཡིས་ཁོ་སྒེར་ནས་ཐུགས་འཕྲད་བྱས་ཏེ། ཁོ་སྲིད་འཛིན་གཞིས་ཀ་ནས་ལས་ཀ་གཉེར་བའི་རེ་བར་བཏོན། འོན་ཀྱང་ཀྲོག་ཧོན་ཀྲམ་གྱིས་དང་ལེན་བྱས་མེད་དེ། ཀྲོག་ཧོན་ཀྲམ་གྱིས།  “ངའི་དགེ་རྒན་ཕོ་རྒུ་ལིས་ལགས་ཀྱིས་ང་ཚོ་ལ།  མཐོ་རིམ་སློབ་གསོ་ཐོབ་པའི་མའོ་རིགས་སུ་ཞིག་བྱུང་ཡང་། ཚང་མ་ཧྲི་མན་ཁན་དུ་ཕྱིར་ལོག་སྟེ་མའོ་རིགས་ལ་ཞབས་ཞུ་བསྒྲུབ་དགོས། ཞེས་གསུངས་མྱོང་། ”ཞེས་བཤད། ཀྲོག་ཧོན་ཀྲམ་དབང་ཆ་དང་དཔལ་འབྱོར་གྱིས་བསླུ་བྲིད་མི་ཐུབ་པའི་ངང་ཚུལ་དེས། ཅང་ཅན་ཧྲི་ཡིས་སེམས་གཏིང་ནས་གཟབ་ནན་དང་དོ་སྣང་བྱེད་དགོས་བྱུང་སྟེ། ཅང་ཅན་ཧྲི་བཟའ་མི་གཉིས་ཀྱིས་ཁོ་ལ་སྒོ་ཕྱུགས་དང་འབྲུ་རིགས་མང་པོ་སྦྱིན་ནས། ཧྲི་མན་ཁན་དུ་ཁྱེར་བཅུག་ཡོད། སྤྱི་ལོ་༡༩༤༦་ལོར། ཀྲོག་ཧོན་ཀྲམ་གོ་མན་ཏང་ཆོགས་ཆེན་གྱི་འཐུས་ཚབ་མི་སྣ་བདམས་ཐོན་བྱུང་སྟེ། ནན་ཅིན་ལ་ཕྱིན་ནས་གྲོས་ཚོགས་ལ་ཞུགས། ཁོ་ནི་གོང་མའི་སྲིད་གཞུང་ལ་འཛུལ་ཏེ་རྒྱལ་ཁབ་ཀྱི་གྲོས་ཆེན་ལ་ཞུགས་མཁན་མའོ་རིགས་ཐོག་མ་དེ་ཡིན། ཚོགས་འདུ་གྲོལ་རྗེས། ཅང་ཅན་ཧྲི་ཡིས་སླར་ཡང་ཁོ་སྒེར་འབོད་བྱས་ནས་ཐུག་འཕྲད་གནང་སྟེ། ཁོས་མན་གོ་སྲིད་གཞུང་གི་སློབ་གསོ་པུའུ་དང་། མི་རིགས་སློབ་གསོ་ཁང་གི་འགོ་གཙོའི་འགན་བཞེས་པའི་རེ་བར་བཏོན་ཡང་། སླར་ཡང་ཀྲོག་ཧོན་ཀྲམ་གྱིས་དང་ལེན་མ་བྱས་པར་ནན་གྱིས་དགོངས་ཞུ་བྱས། ཁོ་སྔར་བཞིན་ཧྲི་མན་ཁན་དུ་ལོག་སྟེ་ཧྲི་མན་ཁན་ཆེས་ཐོག་མའི་སློབ་འབྲིང་འཛུགས་སྐྲུན་བྱས་པ་མ་ཟད་སློབ་གཙོའི་འགན་ཀྱང་བཞེས། སློབ་གྲྭ་དེ་ག་ནས་ཁོས་ཕུལ་དུ་བྱུང་བའི་མའོ་རིགས་གཞོན་སྐྱེས་མང་པོ་སྐྱེད་བསྲིང་བྱས་ཡོད་ལ། གཞོན་སྐྱེས་དེ་དག་ཀྱང་རྗེས་སུ་མའོ་རིགས་ས་ཆ་འཛུགས་སྐྲུན་བྱེད་མཁན་སྲོག་ཤིང་ལྟ་བུར་གྱུར་ཡོད་དོ།། 
 
དཀའ་ཚེགས་ཀྱིས་ནད་ངན་སློང་སྟེ་མི་ཡུལ་ལ་ཚེ་ཡི་འཕེན་པར་རྫོགས། 
 
      མའོ་རིགས་དང་གཡུ་རིགས་ཀྱི་འཚོ་བའི་གོམས་སྲོལ་ལ་བརྩི་བཀུར་བྱེད་པའི་ཆེད་དུ། ཕོ་རྒུ་ལིས་ཀྱིས་རྒྱུན་དུ་ཁ་ཟས་རྗེན་པ་དང་ཚོས་མ་ཐུབ་པའི་ར་ཟོག་གི་ཤ་དང་ཟས་རིགས་བཟའ་དགོས་བྱུང་བས། ཕོ་རྒྱུ་ཡུན་རིང་ལ་འཇུ་སྟོབས་ཉམས་ཤིང་། ཁོས་ཡུལ་མི་ཚོ་དང་མཉམ་ཟ། མཉམ་འདུག མཉམ་གོན་བྱས་བར་བརྟེན་ཡུན་རིང་མ་འགོར་བར་བཤལ་རིམས་འགོས།

ལོ་རྟག་པར་གྲོང་ཚོ་ནས་གྲོང་ཚོ་དང་ཁྱིམ་ཚང་ནས་ཁྱིམ་ཚང་དུ་བརྒྱུད་དེ། བཟའ་བཏུང་དང་གནས་མལ་གཏན་ཚུགས་ཤིག་མེད་སྟབས། རི་ཁྱིམ་གྱི་ས་གཅལ་དུ་ཉལ་བ་ནི་རྒྱུན་ལྡན་ཡིན་ལ། རྒྱུན་དུ་དཀའ་ཚེགས་མྱོང་བས་ནད་གཞི་ཇེ་ལྗིད་དུ་འགྱུར་བཞིན་ཡོད། ནད་ཀྱིས་མནར་ཡང་ཕོ་རྒུ་ལིས་ཀྱིས་སྔར་ལྟར་ལས་ཀ་རྒྱུན་བསྐྱངས་སྟེ། <དམ་པའི་གསུང་རབ་>མའོ་ཡིག་ཏུ་བསྒྱུར་ཐུབ་ཡོད། སྤྱི་ལོ་༡༩༡༥ལོའི་སྟོན་ཁར། རྒྱུ་ཚད་ནད་དང་མའོ་རིགས་མི་དམངས་ཀྱིས་ཤིན་ཏུ་ཞེད་སྣང་བྱ་ཡུལ་ནད་ནག་གིས་ཧྲི་མན་ཁན་མནར་གཅོད་བཏང་། མའོ་དམངས་དང་སློབ་གྲྭ་རྣམས་གཅིག་རྗེས་གཉིས་མཐུད་དུ་མལ་དུ་ལྷུང་ཞིང་། མི་གྲངས་མི་ཉུང་བ་ཞིག་ཕྱི་རོལ་ལ་བྲོས་སྟེ་ནད་ཡམས་གཟུར། འོན་ཀྱང་ཕོ་རྒུ་ལིས་ཀྱིས་མུ་མཐུད་དུ་ཧྲི་མན་ཁན་གྱི་ནད་པ་སྲུང་ཞིང་རོགས་སྐྱོར་ལ་བྲེལ། ཕོ་རྒུ་ལིས་ཀྱིས་སློབ་ཕྲུག་མྱུར་སྐྱོབ་ལ་བྲེལ་བའི་རིང་ལ། སྟབས་མ་ལེགས་པར་ནད་ནག་འགོས། སྨན་རྫས་ཤིན་ཏུ་ཉུང་བའི་གནས་བབ་འོག ཤིན་ཏུ་མཁོ་དགོས་ཆེ་བའི་ “ཕན་ནིས་ཤཱིས་ལིའི་”ཚང་མ་ཁོས་སློབ་ཕྲུག་རྣམས་ལ་སྦྱིན་སྟེ། རང་ཉིད་སྨན་བསྟེན་རྒྱུ་དང་ལེན་གཏན་ནས་མ་བྱས། ཁོ་སྨན་ཁང་དུ་སྡོད་པའི་རིང་ལ། མའོ་རིགས་དང་གཡུ་རིགས་སྟོང་ཕྲག་མང་པོ་སྤྱི་ལེ་བཅུ་ཕྲག་ལ་རི་ཆུ་བརྒལ་སྟེ། ཕྱོགས་གང་ས་ནས་ཁོ་ལྟ་སྐོར་དུ་རྡོག་ཐོན་བྱུང་ཞིང་། ཕན་ཚུན་མིག་ཀོང་མཆུ་མས་གཏམས་སྟེ་འབྲལ་བར་མི་བཟོད་པ་ལུས། རི་གྲོང་གི་མི་རྣམས་ཀྱིས་ཕོ་རྒུ་ལིས་སྔ་མོ་ནས་རང་ཉིད་ཀྱི་ནང་མི་ཞིག་ཏུ་འདུ་ཤེས་བཞག་ཡོད། སྤྱི་ལོ་༡༩༡༥་ཟླ༩བའི་ཚེས་༡༥་ཉིན། ཕོ་རྒུ་ལིས་ཁོའི་རྔུལ་ཆུ་དང་ཁྲག ད་དུང་མིག་ཆུས་ཀྱིས་སྦངས་པའི་ས་ཆ་དེ་རུ་གཏན་དུ་གཟིམས། མི་དམངས་སྟོང་ཕྲག་མང་པོས་གཡུ་འབྲུག་འཁྱུག་པ་ལྟ་བུའི་གྲལ་དུ་བསྟར་ཏེ། སྨྲེ་སྔགས་དང་མིག་ཆུ་ཡིས་ཁོ་རང་དུར་ཁྲོད་དུ་བསྐྱལ།

དུར་འཇུག་གྲུབ་རྗེས། མའོ་རིགས་སྤུན་ཟླ་རྣམས་ཀྱིས་ ཉིན་མཚན་དུ་མར་འབྲལ་བར་མ་སྤོབས་པར་རང་མོས་ཀྱིས་ཁོའི་བང་སོ་སྲུང་། ད་ལྟའི་དུས་སུ་ཡང་ཡུལ་མི་རྣམས་ལ་ཁོའི་སྐོར་གླེང་ན། སྐྱོ་བས་མིད་པར་བརྣངས་ཏེ་སྐད་ཆ་མི་ཁྲོལ་ཞིང་། བརྩེ་གདུང་ཟབ་མོ་ཞིག་སེམས་སུ་ཉར་ཡོད་པ་ཚོར་ཡོང་། 
 
མེ་ཏོག་པདྨ་མ་རྒྱང་རིང་ཡང་། བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། 

     བགྲང་བྱ་བཅུའི་རིག་གསར་གྱི་གྱོང་གུད་ཁྲོད། དམར་སྲུང་དམག་གིས་སྙིང་རྗེ་མེད་པའི་ངང་དུ་ཕོ་རྒུ་ལིས་ཀྱི་བང་སོ་བསློགས་ཏེ། ཕོ་རྒུ་ལིས་ཀྱི་ཀེང་རུས་རྣམས་ཕྱི་རུ་ཕྱུང་། ཉིན་གཉིས་པའི་ནམ་མ་ལངས་གོང་དུ་མའོ་མི་ལྷག་བསམ་ཅན་ཞིག་ཉེན་ཁ་ལ་མ་འཛེམ་པར། ཕོ་རྒ་ལིས་ཀྱི་ཀེང་རུས་སྒྲུག་ཏུ་ཕྱིན། ཁོ་དུར་སར་འབྱོར་དུས་མི་གཞན་གྱིས་ལྐོག་ནས་ཕོ་རྒུ་ལིས་ཀྱི་རུང་ཕུང་བསྒྲུགས་ཏེ་ཁྱེར་ཚར་འདུག དུས་ཚོད་དམིགས་བསལ་གང་རུང་དུ། གནོན་ཤུགས་གང་ཞིག་གིས་བཙན་ཤེད་ཀྱི་དབང་གིས་ལྷག་བསམ་ཅན་གྱི་མའོ་མི་རྣམས་ཁ་བཙུམ་ནས་སྡོད་དགོས་བྱུང་མོད། རེད་དེ། ཁོ་ཚོའི་སེམས་ནས་མུན་ནག་ཁྲོད་དུ་སུ་ཞིག་གིས་ཁོ་ཚོ་ལ་འོད་སྣང་སྐྲུན་ཅིང་། དཀའ་སྡུག་གི་ཁྲོད་དུ་སུ་ཞིག་གིས་ཁོ་ཚོ་ལ་བདེ་སྐྱིད་གནང་བ་གཏན་ནས་བརྗེད་མ་མྱོང་། དུས་དེ་རིང་ཡང་ལོ་རྟག་པར་རྒྱལ་ཕྱི་ནང་གི་མི་སྣ་མང་པོ་ཕོ་རྒུ་ལིས་ཀྱི་བང་སོའི་དྲུང་དུ་བཅར་ཏེ་རྗེས་དྲན་བྱེད་ཀྱིན་ཡོད་ལ། ལོ་རེའི་དུར་ཕྱགས་ཉིན་མོར། ཐག་ཉེ་རིང་གང་ས་ནས་འོངས་པའི་གྲོང་མི་མང་པོ་ཁོའི་བང་སོ་མདུན་དུ་འདུས་ཏེ། མེ་ཏོག་གི་མཆོད་པ་དང་གུས་ཕྱག་ཕུལ་ནས་ཁོ་ཚོས་བཀའ་དྲིན་བརྗེད་དཀའ་བར་མཚོན་པར་བྱེད། ད་དུང་མི་སེམས་བསྒུར་བའི་སྣང་ཚུལ་ཞིག་ནི། ཕོ་རྒུ་ལིས་ཀྱི་བང་སོའི་ཉེ་འཁོར་ལ། མའོ་མི་བརྒྱ་ཕྲག་འགའ་ཞིག་གི་དུར་བང་བཅས་ཡོད། ཁོ་ཚོ་ན་རེ། ང་གསོན་ངོགས་ནས་ཆོས་དཔོན་ཕོ་རྒུ་ལིས་དང་མཉམ་དུ་མེད་ཀྱང་། ཤི་རྗེས་ཚེ་རབས་ཀུན་ཏུ་ཁོང་གི་རྣམ་ཤེས་ཀྱི་རྗེས་སུ་འབྲངས་ངེས་ཡིན། ཞེས་སྨྲའོ། མའོ་རིགས་ཀྱིས་ཕོ་རྒུ་ལིས་ལ་ཕུལ་བའི་བརྩེ་གདུང་ནི་དེ་ལྟར་ཟབ་བོ། 
 
མཇུག་གཏམ། ལོ་རྒྱུས་ཀྱིས་ནམ་ཡང་མི་རྣམས་སྨྲ་བ་མེད་པར་བྱེད་དོ། 
 
     སྤྱི་ལོ༡༩༤༦ལོར། དམག་འཁྲུག་རྒྱལ་ཁ་ཐོབ་རྗེས། གོ་མན་ཏང་གིས་ཡོངས་ཁྱབ་མི་གྲངས་ཞིབ་རྩིས་བྱས་པས། རྒྱ་མི་ཁྲི་བཅུའི་ནང་དུ་སློབ་ཆེན་སློབ་མ་2.19་ལས་མེད་ཀྱང་། མའོ་རིགས་ཁྲི་བཅུའི་ནང་དུ་སློབ་ཆེན་སློབ་མ་10་ཐམ་པ་ཡོད་པར་ཤེས། འདི་ནི་སྔོན་ལ་ཡུལ་ཐལ་དྲགས་པའི་མཐའ་འཁོབ་ཀྱི་ཁོར་ཡུག་ཅིག་ཏུ་ཆགས་པའི་ས་ཆ་ཞིག་ཡིན་པ་དྲན་དགོས། ལོ་ངོ་སུམ་ཅུ་ཁོ་ནའི་རིང་ལ་གནས་དེའི་ཕྱོགས་ཡོངས་ཀྱི་སློབ་གསོའི་ཆུ་ཚད་དེ། རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ལས་རིང་དུ་བརྒལ་ཡོད་པ་མ་ཟད། ཐ་ན་རྒྱ་མི་ཆ་སྙོམས་ཆུ་ཚད་ལས་ཀྱང་འཕགས་ཡོད་པ་རེད། ལོ་བརྒྱའི་སྔོན་ལ། ལྷོ་ནུབ་ཀྱི་མཐའ་སྣེར་ཆགས་པའི་གྲོང་རྡལ་ཆུང་ཆུང་དེ་ལ། རྐང་གྲུག་ར་བ་དང་། གློག་འཕྲིན་ཅུའུ། སྐད་གཉིས་སློབ་གྲྭ། སློབ་འབྲིང་། སློབ་ཆུང་། མཛེ་ནད་སྨན་ཁང་། སྦྲགས་སྲིད་ཅུའུ་སོགས་ལེགས་གྲུབ་བྱུང་ཡོད། འོན་ཀྱང་། སྤྱི་ལོ་༡༩༨༩་ལོར། བསྐྱར་དུ་ཞིབ་རྩིས་བྱས་པའི་མཇུག་འབྲས་ཀྱིས་མི་རྣམས་སྙིང་ན་སྟེ་དངན་པར་འཐེན་བཅུག་ཡོད། ཧྲི་མན་ཁན་ས་ཆ་ལ་མི་བཅུ་ལ་མལ་ཁྲི་གཅིག་དང་ཉལ་ཐུལ་གཅིག་ལས་མེད། བྱིས་པ་སློབ་སྦྱོང་མ་ཐོབ་པའི་གྲངས་ཀ་88%ཟིན་ལ། དབུལ་ཞིང་ཕོངས་པའི་རྐྱེན་གྱིས་དཔལ་འབྱོར་རོགས་སྐྱོབ་དགོས་པའི་དུད་ཁྱིམ་98% དང་། ཡིག་རྨོངས་གྲངས་ཀ་80%ཟིན་ཡོད། ད་དུང་་་་་་་་་་་་་་་།

སྤྱི་ལོ་༡༩༤༩་ལོའི་རྗེས་སུ། གནས་དེ་ནས་དངོས་གཞི་སློབ་མ་ཞིག་ཀྱང་བྱུང་མ་མྱོང་། སྔོན་གྱི་སློབ་གྲྭ་དང་རྐྱལ་རྫིང་། སྨན་ཁང་། དྭ་ཕྲུག་སློབ་གྲྭ་སོགས་ནི། ད་ལྟར་ཁ་རལ་རྣ་ཆག་ཏུ་གྱུར་པའི་གྱང་རལ་ཞིག་ལས་ཅི་ཡང་ལྷག་མེད། གནས་ཚུལ་དེ་འདྲི་མཁན་སུ་ཡང་མེད་པར་སྟོང་སང་སང་དུ་མངོན་ནོ།།
      སྙུག་ཐོགས་པས་འདྲི་རྒྱུར། དོན་དངོས་ནུས་ཤུགས་ཅི་ཞིག་གིས་ཧྲི་མན་ཁན་དམྱལ་བ་ནས་དག་ཞིང་དུ་འགྱུར་བ་དང་། སླར་ཡང་གང་གི་ཕྱིར་དམྱལ་བར་ལྷུང་བ་རེད། གལ་སྲིད་ད་དུང་དཔལ་ཡོན་དང་འབྲེལ་མཐུད་བྱ་དགོས་ཚེ། ང་ཚོས་མི་རེ་རེས་བསམ་གཞིག་བྱ་འོས་སོ།། 
            ༢༠༢༡ ༡༡ ༡༨ མཚན་མོར་བསྒྱུར་གྲུབ་བོ། །
     
                    རྩོམ་སྒྲིག་པ། མྱི་གསར་བ།

          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease