འཇིག་རྟེན་བྱེད་པོར་སྤྲིངས་པའི་འཕྲིན་ཡིག་ཅིག

    ཡིག་སྒྱུར་བ། མར་ཁུ་རྒྱལ་མཚན།


འཇིག་རྟེན་བྱེད་པོར་སྤྲིངས་པའི་འཕྲིན་ཡིག་ཅིག  

 
         གྷི་ལེ་གྷི་ལེའོ་རའོ་ཕི་ཚིས་བརྩམས། མེག་སི་ཁོ།
                              མར་ཁུ་རྒྱལ་མཚན་གྱིས་བསྒྱུར།


           ཀོང་སའི་རྒྱུད་ཀྱི་རི་སྒང་ཆུང་ཆུང་ཞིག་གི་སྟེང་དུ་ཁྱིམ་ཚང་ཞིག་ཆགས་འདུག རི་རྩེ་རུ་འགྲེང་ཚེ་རི་འདབས་ཀྱི་ཆུ་ཕྲན་དང་ཕྱུགས་རའི་འགྲམ་གྱི་མ་རྨོས་ལོ་ཏོག་གི་ཞིང་ས་ཡང་གསལ་བོར་མཐོང་ཐུབ། མ་རྨོས་ལོ་ཏོག་གི་འབྲས་བུ་དག་སྡུག་གུར་བཀྲ་ཞིང་ཞིང་བར་དུ་བཏབ་པའི་སྲན་མའི་མེ་ཏོག་དག་ཀྱང་མཛེས་ཤིང་ཡིད་དུ་འོང་། འདི་ནི་སོ་ནམ་པ་རྣམས་ཀྱིས་ཉིན་མཚན་ཀུན་ཏུ་རེ་སྒུག་བྱེད་བཞིན་པའི་གཡུར་དུ་ཟ་བའི་འབྲས་བུ་ཞིག་འབྱུང་བའི་སྔ་ལྟས་མ་ཡིན་ནམ།

           སྐབས་འདིར། ས་ཞིང་ལ་ཆེས་མཁོ་བ་ནི་ཆར་ཆུ་ལས་མ་འདས་ཤིང་།  དྲག་ཆར་ཐེངས་ཤིག་འབབ་རྒྱུ་ནི་ཇི་འདྲའི་རེ་སྒུག་ཆེ་བ་ལ་ཨང་། ཐ་ན་ཆར་བ་ཆུང་ཆུང་ཞིག་བབས་ནའང་ལོ་ཏོག་གི་སྐོམ་གདུང་སེལ་ཐུབ་ངེས་ཡིན། ཨ་ཁུ་ལེ་ཨིན་ཁི་ནི་ས་ཞིང་ལ་སེམས་གཏིང་ནས་རང་གི་སྲོག་ལྟར་གཅེས་མཁན་ཞིག་ཡིན་པས། ཁོས་ཉིན་འདིར་ལས་ཀ་ཚང་མ་ལས་མཚམས་བཞག་ནས་ནན་ཏན་སྒོས་ཤར་བྱང་མཚམས་ཀྱི་མཁའ་མཐའི་སྤྲིན་པའི་འགྱུར་ལྡོག་ལ་བློ་གཅིག་སེམས་གཅིག་གིས་ཞིབ་ལྟ་བྱེད་བཞིན་འདུག“  རྒན་མོ།  ངས་བལྟས་ན་ད་ཐེངས་ཀྱི་ཆར་བ་འདི་འབབ་ཁོ་ཐག་རེད ”རྒན་མོས་ཟ་མ་གཡོ་སྐོལ་བྱེད་བཞིན་ཁོའི་ཚིག་སྣེར་མཐུད་དེ“གལ་ཏེ་ཆར་བ་བབས་ཚེ། དེ་ནི་འཇིག་རྟེན་བྱེད་པོས་དངོས་གྲུབ་གནང་བ་རེད”ཟེར།  ལོ་ན་ཅུང་ཆེ་བའི་བྱིས་པ་རྣམས་ཀྱིས་ཞིང་ནང་དུ་ངལ་རྩོལ་བྱེད་བཞིན་ཡོད་པ་དང་། ལོ་ན་ཅུང་ཆུང་བའི་བྱིས་པ་རྣམས་ཁང་བའི་འགྲམ་ན་རྩེད་འཇོ་ལ་གཡེང་འདུག  ཨ་ནེ་ལེ་ཨིན་ཁིས་མགྲིན་པ་གཟེངས་སུ་བཏེགས་ནས་བྱིས་པ་རྣམས་ལ“ཟ་མ་ཟ་རུ་ཤོག”ཅེས་སྐད་བརྒྱབ།

           ཨ་ཁུ་ལེ་ཨིན་ཁིས་ཚོད་དཔག་བྱས་པ་ནང་བཞིན་བཟའ་མི་གང་བོས་ཟ་མ་ཟ་བཞིན་པའི་སྒང་དེར། མཁའ་དབྱིངས་ཀྱི་སྤྲིན་ནག་དེ་རི་བོ་ཆེན་པོ་ཞིག་ཐུར་དུ་འགྲིལ་བ་ལྟར་ཤར་བྱང་གི་མཚམས་ནས་ཐག་ཇེ་ཉེ་ནས་ཇེ་ཉེར་གྱུར་ཞིང་། ཆར་རྡོག་རེ་རེ་འབབ་མགོ་བརྩམས་པ་དང་མཉམ་དུ་མཁའ་དབུགས་ཀྱང་བརླན་གྱིས་བཟུང་སྟེ་འཁྱག་སིབ་སིབ་ཏུ་གྱུར།  ཨ་ཁུ་ལེ་ཨིན་ཁི་ཁང་བའི་ཕྱི་རོལ་དུ་བརྒྱུགས་ཤིང་ཕྱུགས་རའི་ནང་ལ་བསྐྱོད་དེ་ཅི་ཞིག་འཚོལ་བ་དང་འདྲ་མོད། དོན་དུ་ཁོས་ཅི་ཡང་འཚོལ་བཞིན་མེད་པར་ཆར་བས་རང་ཉིད་ཡིད་ཚིམ་པ་ཞིག་བརླན་དུ་བཅུག་ནས་སྣང་བ་ཇེ་སྐྱིད་དུ་གཏོང་བ་ལས་མ་འདས། ཁོ་ཕྱིར་ཁང་བའི་ནང་དུ་ལོག་རྗེས་སྐད་ཤུགས་ཆེན་པོས“འཇིག་རྟེན་བྱེད་པོས་ང་ཚོར་ཕབ་པ་ནི་ཆར་བ་མ་ཡིན་པར་སྒོར་རྡོག་གསར་བ་རྐྱང་རྐྱང་སྟེ། ཆེ་བ་ཟུར་གཅིག་དང་ཆུང་བ་སྐར་ལྔ་ཅན་རེད་ཨང ……”ཟེར།  ཨ་ཁུ་ལེ་ཨིན་ཁིའི་ཡིད་སེམས་སྤྲོ་བས་མྱོས་འདུག  ཁོས་ཆར་ཆུས་བརླན་ཞིང་འབྲས་བུས་དུད་པའི་མ་རྨོས་ལོ་ཏོག་གི་གཞུང་རྟ་སྦོམ་པོ་དེ་དང་ཁྲ་ལེམ་མེར་བཞད་ཡོད་པའི་སྲན་མའི་མེ་ཏོག་ལ་མིག་གིས་ཧྲིག་གེར་ལྟ་བཞིན་གདོང་ལ་ཡིད་ཚིམ་པའི་འཛུམ་ཞིག་མངོན་འདུག ……

           གློ་བུར་དུ། དྲག་རླུང་འཚུབ་ནས་སེར་རྡོག་དང་ཆར་ཐིགས་འདྲེས་མ་བར་སྣང་ནས་དྲག་ཏུ་བབས་བྱུང་། དཀར་ལམ་ལམ་གྱི་སེར་རྡོག་རེ་རེ་གཅིག་རྗེས་གཉིས་མཐུད་དུ་འབབ་བཞིན་པ་ནི་དངོས་གནས་སྒོར་རྡོག་འབབ་པ་དང་ཀུན་ནས་མཚུངས། བྱིས་པ་རྣམས་འཚང་ཁ་ཤིག་ཤིག་གིས་ཁང་བའི་ཕྱི་རོལ་དུ་བརྒྱུགས་འོངས་ཤིང་། ཆར་བའི་ཀློང་ན་མུ་ཏིག་ལྟར་འོད་འཚེར་བཞིན་པའི་སེར་རྡོག་དག་འཐུ་བཞིན་འདུག  ཨ་ཁུ་ལེ་ཨིན་ཁིས་སེར་བར་ཅེར་བཞིན་རང་ཉིད་ལ་མི་ཞིག་གིས་འགྲམ་ལྕག་ཚ་ཐག་ཆོད་པ་གཞུས་པ་ལྟར་སྐད་ཤུགས་ཆེན་པོས “ ཨ་ཧོ། ད་མ་འགྲིག་ཐལ། སེར་བ་འདི་མུ་མཐུད་དུ་འབབ་མི་རུང་ཨང”ཞེས་ངག་ལས་སྡུག་སྐད་ཤོར་སོང་།  དེ་ལྟ་ནའང་། སེར་བ་མུ་མཐུད་དུ་བབས་ཏེ་ཆུ་ཚོད་གཅིག་ཙམ་གྱི་ཡུན་ལ་མཚམས་མ་བཞག་པས། ཁང་ཀླད་དང་ཚལ་ཞིང་། རི་ངོས་དང་ས་ཞིང་བཅས་ལྷག་ལུས་མེད་པར་གཡོགས་ཚར་ཞིང་ཀོང་ས་ཧྲིལ་བོ་ཚྭ་ཁུ་མང་པོ་ཞིག་གཏོར་བ་ལྟར་དཀར་ཐིང་ཐིང་དུ་གྱུར། ཤིང་སྡོང་གི་ལོ་མ་རྣམས་སེར་བས་བརྡུངས་ནས་སྐྱ་ཐེར་ཐེར་དུ་སྣང་ལ། ཞིང་ནང་གི་མ་རྨོས་ལོ་ཏོག་དག་ཀྱང་འཕྲོ་བརླག་ཏུ་བཏང་འདུག་པས་ཨ་ཁུ་ལེ་ཨིན་ཁིའི་སེམས་སྐྱ་མོ་ཐང་ལ་ལྷུང་སོང་། སེར་བ་འབབ་མཚམས་ཆད་རྗེས་ཁོ་རང་མ་རྨོས་ལོ་ཏོག་གི་ས་ཞིང་ནང་ནས་ལངས་བསྡད་དེ་ཤུགས་རིང་ནར་ནར་འབྱིན་བཞིན་བྱིས་པ་རྣམས་ལ “ གལ་ཏེ་ཆ་ག་པའི་གནོད་འཚེ་ཐེབས་པ་ཡིན་ནའང་། ཚད་འདི་ལྟ་བུ་ཞིག་ལ་ལྷུང་མི་སྲིད ……སེར་བ་འདིས་ལོ་ཏོག་བརྡུངས་ནས་གཅིག་ཀྱང་བསྡུ་རྒྱུ་མི་འདུག ད་ནི་ང་ཚོར་མ་རྨོས་ལོ་ཏོག་རྡོག་གཅིག་གམ་ཡང་ན་སྲན་མ་རྡོག་གཅིག་ཀྱང་བསྡུ་རྒྱུ་མི་འདུག …… ” ཟེར།
ས་ཡོངས་སུ་རུབ་སོང་། འདི་ནི་ཡིད་སེམས་སྐྱོ་བར་བྱེད་པའི་མཚན་མོ་ཞིག་རེད་ཨང་།
“དཀའ་ལས་དེ་འདྲ་བརྒྱབ་ཀྱང་། འབྲུ་རིགས་རྡོག་གཅིག་ཀྱང་བསྡུ་ཐུབ་མ་སོང ”
“ མི་སུ་ཞིག་གིས་ཀྱང་ང་ཚོར་རོགས་རམ་བྱེད་ཐབས་མི་འདུག ”
“ད་ལོར་ལྟོགས་སྐོམ་མྱོང་རྒྱུར་སྒུག་སྡོད་པ་ལས་ཐབས་གཞན་མི་འདུག ……”
  ཀོང་སའི་རྒྱུད་ན་གྲོགས་མེད་ཁེར་རྐྱང་དུ་ལུས་ཡོད་པའི་ཁང་མིག་འདིའི་ནང་གི་མི་རྣམས་ཀྱི་སེམས་གཏིང་ན་ལུས་ཡོད་པའི་རེ་བ་ཉག་གཅིག་ནི་འཇིག་རྟེན་བྱེད་པོ་ལགས་ང་རང་སྐྱོབ་རོགས་གནོངས་ཞེས་པ་དེ་རེད།
“བལྟས་ཡོང་ན་ལོ་ཏོག་གི་ཐད་ནས་རེ་བ་མེད་སོང་། ཡིན་ནའང་ང་ཚོ་དེ་འདྲའི་ཕམ་དགོས་དོན་ཅི་ཡང་མེད།འཇིག་རྟེན་བྱེད་པོས་ང་ཚོ་ལྟོགས་ནས་འཆི་རུ་འཇུག་མི་སྲིད་པ་བརྗེད་མི་རུང”
“ ཆོས་པ་རྣམས་ཀྱིས་མི་གཅིག་ཀྱང་ལྟོགས་ནས་འཆི་མི་སྲིད་ཅེས་བརྗོད་མྱོང་པ་མ་ཡིན་ནམ ”
ཨ་ཁུ་ལེ་ཨིན་ཁིའི་སེམས་གཏིང་ནས་འཇིག་རྟེན་བྱེད་པོ་ལ་སྐྱབས་འཇུག་ཞུས་ནས་ཅིས་ཀྱང་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་རྒྱུའི་རེ་བའི་མེ་ལྕེ་ཞིག་ཞག་གང་བོར་འབར་བ་དང་།  ཁོས་ཆོས་པའི་བཀའ་སློབ་ལས་རྟོགས་པ་ནི་འཇིག་རྟེན་བྱེད་པོའི་སྤྱན་གྱིས་ཡོད་ཚད་ཀྱི་མཐིལ་རྟོགས་ཐུབ་པ་དང་མི་རྣམས་ཀྱི་སེམས་ལ་ཅི་ཞིག་དྲན་བཞིན་པ་དེ་གསལ་བོར་མཁྱེན་ཐུབ་པ་དེ་རེད། ཨ་ཁུ་ལེ་ཨིན་ཁིའི་ལུས་ཕུང་ཧ་ཅང་དར་བས་ཞིང་ནང་དུ་ལས་ཀ་ལས་དུས་གླང་རྒོད་ཇི་བཞིན་ཤེད་ཤུགས་ཧ་ཅང་ཆེ། ཁོ་རང་གཟུགས་སྟོབས་ཆེ་བའི་ཞིང་བ་དཀྱུས་མ་ཞིག་ཡིན་ནའང་ཡིག་ངོ་ཅུང་ཟད་ཆོད་བཞིན་ཡོད། གསོལ་མཆོད་ཀྱི་ཉིན་ལ་བསླེབས་པ་ན་ཁོས་སྐྱ་མདའ་ཤར་མ་ཐག་ཡར་ལ་ལངས་ནས་གསོལ་འདེབས་བྱས།

          མི་མངོན་པའི་ཞིང་ན་ལྷ་ཞིག་གིས་ཁོ་ལ་མགོན་སྐྱབས་གནང་སྲིད་པར་ཡིད་ཆེས་བརྟན་པོ་ཡོད། དེའི་ཕྱིར་ཁོས་མྱུར་དུ་ལག་ལ་སྨྱུ་གུ་བཟུང་སྟེ་འཕྲིན་ཡིག་འབྲི་མགོ་བརྩམས་པ་དང་། ཁོ་རང་ཉིད་དངོས་སུ་གྲོང་ཁྱེར་གྱི་སྦྲག་སྲིད་ཁང་དུ་སོང་ནས་བསྐུར་རྒྱུར་གྲ་སྒྲིག་བྱས། ཁོས་བྲིས་པའི་འཕྲིན་ཡིག་དེ་ནི་གཞན་གང་ཡང་མ་ཡིན་པར། དེ་ནི་འཇིག་རྟེན་བྱེད་པོར་སྤྲིངས་པའི་འཕྲིན་ཡིག་ཅིག་སྟེ།  ཁོས་འབྲི་རྒྱུར“ འཇིག་རྟེན་བྱེད་པོ་ལགས། གལ་ཏེ་སྐུ་ཉིད་ཀྱིས་མ་བསྐྱབ་ན་ད་ལོར་ངེད་བཟའ་མི་གང་བོས་ལྟོགས་སྐོམ་མྱོང་རྒྱུ་ལས་ཐབས་གཞན་མེད་པས། ཡང་བསྐྱར་ཞིང་ནང་དུ་ས་བོན་བཏབ་སྟེ་འཚོ་བའི་རྒྱུན་སྐྱོང་ཕྱིར་རམ། ཡང་ན་སེར་སྐྱོན་ཐེབས་པའི་ངེད་ཅག་ལ་བཟའ་འབྲུ་དང་ས་བོན་ཉོ་སྤྱད་དུ་ཁྱེད་ནས་པེ་སོ་སྒོར་མོ་བརྒྱ་སྐུར་རོགས ……”

          ཁོས་ཡིག་ཤུབས་ཀྱི་ངོས་ལ་འཇིག་རྟེན་བྱེད་པོར་སྤྲོད་རོགས་ཞེས་ཡིག་འབྲུ་ཁ་ཤས་མ་གཏོགས་བྲིས་མི་འདུག་ཅིང་།  འཕྲིན་ཡིག་དེ་ཡིག་ཤུབས་ཀྱི་ནང་དུ་བཅུག་རྗེས་སེམས་བདེ་ལ་མི་བདེའི་ངང་འཕྲིན་ཡིག་དེ་ཁྱེར་ནས་གྲོང་ཁྱེར་ལ་ཆས། སྦྲག་སྲིད་ཁང་ལ་བསླེབས་རྗེས་ཁོས་སྦྲག་རྟགས་ཤིག་ཉོས་ནས་ཡིག་ཤུབས་ཀྱི་ངོས་ལ་སྦྱར་ཏེ་འཕྲིན་ཡིག་ཡིག་སྒམ་གྱི་ནང་དུ་འཕངས།  སྦྲག་སྲིད་ཁང་ན་གླ་བ་ཞིག་ཡོད་པ་དེས་འཕྲིན་སྐྱེལ་བའི་བྱ་བའི་ཞོར་དུ་གཞན་ད་དུང་བྱ་བ་ཙག་ཙིག་དག་ཀྱང་ལས་བཞིན་ཡོད། ཁོས་ཡིག་སྒམ་གྱི་ནང་ནས་འཇིག་རྟེན་བྱེད་པོར་སྤྲིངས་པའི་འཕྲིན་ཡིག་དེ་བླངས་ནས་ལས་སྣེ་པའི་ལག་ལ་འཇོག་ཞོར་དགོད་ཁ་དབང་མེད་དུ་ཤོར་སོང་། འཇིག་རྟེན་བྱེད་པོ་གང་དུ་བཞུགས་ཡོད་དམ། ཁོས་ལོ་ངོ་འདི་འདྲའི་མང་པོ་ཞིག་གི་རིང་ལ་འཕྲིན་སྐྱེལ་བའི་བྱ་བ་བསྒྲུབས་མྱོང་རུང་།འཇིག་རྟེན་བྱེད་པོའི་བཞུགས་གནས་ཁ་བྱང་ཟེར་བ་ཞིག་གཏན་ནས་ཐོས་མ་མྱོང་ཨང་། ལས་སྣེ་པ་དེ་ནི་གཤིས་རྒྱུད་འཇམ་པའི་མི་ཚོན་པོ་ཞིག་ཡིན། ཁོས་ཀྱང་འཕྲིན་ཡིག་དེ་མཐོང་མ་ཐག་དགོད་ཁ་དབང་མེད་དུ་ཤོར་སོང་ནའང་། ཁོས་གདོང་གི་འཛུམ་མདངས་མྱུར་དུ་ཕྱིར་བསྡུས་ཏེ་འཕྲིན་ཡིག་དེ་སྒྲོག་ཙེའི་ཐོག་ནས་སྒྲིག་སྒྲིག་ཅིག་བྱས་རྗེས་རྣམ་འགྱུར་གཟབ་ཐག་ཆོད་པས“ཇི་འདྲའི་འགྱུར་མེད་ཀྱི་དད་མོས་ཤིག་ཨང་། ངའི་དད་མོས་ཀྱང་འཕྲིན་ཡིག་བསྐུར་མཁན་གྱི་མི་འདིའི་དད་མོས་ཇི་བཞིན་འགྱུར་མེད་བརྟན་པོ་ཞིག་ཡིན་ན་ཅི་མ་རུང་། ངས་ཀྱང་ཁོས་ལྟར་དུ་ཡིད་ཆེས་ཀྱིས་ཁེངས་བཞིན་འཇིག་རྟེན་བྱེད་པོ་དང་འབྲེལ་འདྲིས་བྱེད་པའི་བགྲོད་ལམ་ཞིག་འབྱེད་འདོད”ཅེས་སྨྲས།

          འཇིག་རྟེན་བྱེད་པོར་སྤྲིངས་པའི་འཕྲིན་ཡིག་དེ་འཇིག་རྟེན་བྱེད་པོའི་ཕྱག་ལ་འབྱོར་དུ་འཇུག་རྒྱུའི་ཐབས་ཤེས་མེད་ནའང་། འཕྲིན་ཡིག་དེས་ལས་སྣེ་པ་དེ་ལ་ཡིད་འགུལ་ཐེབས་སུ་བཅུག་པ་སོང་།  ཁོས་ཨ་ཁུ་ལེ་ཨིན་ཁིའི་རེ་བ་སྟོང་ཟད་དུ་མི་གཏོང་བའི་ཕྱིར་དུ་ཁོའི་སེམས་ལ་ཐབས་ཤེས་ཤིག་དྲན་བྱུང་སྟེ། འཇིག་རྟེན་བྱེད་པོའི་མཚན་སྤྱད་ནས་ཕྱིར་ཡིག་ལན་བསྐུར་རྒྱུ་བྱས་ཀྱང་། ཁོས་འཕྲིན་ཡིག་གི་ཁ་ཕྱེ་ནས་བལྟས་ཚེ། འཕྲིན་ཡིག་དེ་ལ་ཡིག་ལན་ཞིག་བསྐུར་རྒྱུ་ནི་ཤོག་བུ་དང་སྣག་ཚ་ཅུང་ཟད་བརླགས་ནས་སྐད་ཆ་ཚིག་འགའ་ཡིས་ཐག་གིས་གཅོད་ཐུབ་པའི་གནད་དོན་ཞིག་མིན་པ་གཞི་ནས་རྟོགས་སོང་། ཡིན་ནའང་ལས་སྣེ་པ་དེ་ནི་བློ་བརྟན་འགྱུར་མེད་དང་ཁ་བཤད་དོན་ལ་གནས་མཁན་ཞིག་ཡིན་པས། ཡིག་ལན་བསྐུར་རྒྱུ་ཞེས་བློ་ཐག་བཅད་པ་ལ་ཅིས་ཀྱང་ཡིག་ལན་བསྐུར་ངེས་པ་ཞིག་ཡིན་འདུག

          ཁོས་གླ་བ་རྣམས་ལ་ཞལ་འདེབས་ཕུལ་དུ་བཅུག་སྟེ་རང་ཉིད་ཀྱིས་ཀྱང་གླ་ཕོགས་ལས་ཅུང་ཟད་ཕུལ་བ་དང་།  ཁོའི་གྲོགས་པོ་ཁ་ཤས་ཀྱིས་ཀྱང་དགའ་དགའ་སྤྲོ་སྤྲོའི་ངང་རོགས་རམ་བྱས་པ་ན། ཁོས་ཁོ་ཚོར་བྱ་འགུལ་འདི་ཉིད“ འཇིག་རྟེན་བྱེད་པོའི་བྱམས་བརྩེ ”མཚོན་པའི་བྱ་འགུལ་ཞིག་རེད་ཅེས་བརྗོད།  ལས་སྣེ་པ་དེས་པེ་སོ་སྒོར་མོ༡༠༠ཇི་ལྟར་བསྡུས་ཀྱང་ཚགས་ཐུབ་པ་མ་བྱུང་བས། ཁོས་བསྐུར་རྒྱུའི་སྒོར་མོའི་གྲངས་ཀ་ཨ་ཁུ་ལེ་ཨིན་ཁི་ལ་དགོས་ངེས་ཀྱི་སྒོར་མོའི་ཕྱེད་ཀ་བརྒལ་བ་ཙམ་ཡོད་པ་དེ་ཡིག་ཤུབས་ཀྱི་ནང་དུ་བཅུག་ནས་བསྐུར་སའི་ས་གནས་དང་རུས་མིང་སོགས་བཀོད་པར་མ་ཟད།  འཕྲིན་ཡིག་གི་ངོས་ལ“འཇིག་རྟེན་བྱེད་པོ”ཞེས་པའི་མིང་རྟགས་ཤིག་ལས་ཅི་ཡང་མ་བྲིས།

           སླར་ཡང་གསོལ་མཆོད་ཀྱི་ཉིན་མོ་ཞིག་ལ་སོང་།  ཨ་ཁུ་ལེ་ཨིན་ཁིས་རང་ཉིད་ཀྱི་ཡིག་ལན་རྩད་གཅོད་བྱེད་ཆེད་སྔ་མོ་ནས་སྦྲག་སྲིད་ཁང་དུ་བསླེབས་འདུག  ཁོ་ལ་འཕྲིན་ཡིག་སྟེར་མཁན་གྱི་མི་ནི་སྔ་མ་བཞིན་གླ་བ་དེ་རེད། ལས་སྣེ་པ་དེས་སྦྲག་སྲིད་ཁང་གི་སྒོ་འགྲམ་གྱི་རྡོ་སྐས་སྟེང་ན་བལྟས་ཡོད་ཅིང་ཁོའི་ཡིད་སེམས་སྤྲོ་སྣང་གིས་བཟི་འདུག་སྟེ། དོན་ལ་དགེ་བའི་ལས་ཤིག་བསྒྲུབས་ཚེ་སྤྲོ་བ་མི་འཕེལ་བའི་མི་སུ་ཞིག་ཡོད་དམ།  ཨ་ཁུ་ལེ་ཨིན་ཁིས་འཇིག་རྟེན་བྱེད་པོས་ཁོ་ལ་བསྐུར་བའི་སྒོར་མོ་དེ་ལ་ཐེ་ཚོམ་སྤུ་ཙམ་ཡང་སྐྱེ་མི་སྲིད་པས། ཁོས་ཡིག་ཤུབས་ནང་གི་སྒོར་མོ་བརྩེགས་མ་དེ་མཐོང་བའི་དུས་སུའང་གདོང་ན་ཧ་ལས་བའི་རྣམ་འགྱུར་ཅི་ཡང་མི་འདུག  ཁོས་སྒོར་མོ་ཡོད་ཚད་བརྩིས་ཚར་རྗེས་གློ་བུར་དུ་ཁོང་ཁྲོ་ལངས་བྱུང་། འཇིག་རྟེན་བྱེད་པོ་ལའང་འཁྲུལ་བ་ཡོད་དམ། རང་ཉིད་ལ་མཁོ་བའི་སྒོར་མོ་འཕྲི་འཐེན་བྱས་ཆོག་གམ། འདི་ནི་དཔེ་མི་སྲིད་པའི་བྱ་བ་ཞིག་རེད་ཨང་། ཨ་ཁུ་ལེ་ཨིན་ཁིས་བྲེལ་མྱུར་གྱིས་ཁ་ཕྱིར་འཁོར་ནས་ཚོང་སྒྲོམ་གྱི་མདུན་དུ་སོང་སྟེ་ཤོག་བུ་ཞིག་དང་སྣག་ཚ་ཅུང་ཟད་བསླངས་རྗེས་སྤྱི་སྤྱོད་འབྲི་ཤོག་སྒྲོག་ཙེའི་སྟེང་དུ་བཀྲམ་པ་དང་འཕྲིན་ཡིག་འབྲི་མགོ་བརྩམས། ཁོས་སྨིན་མ་བསྡུས་ཤིང་བསམ་བློ་ཡང་ཡང་བཏང་ནའང་དོན་ལ་མིང་ཚིག་ཁ་ཤས་བཙལ་ནས་ཁོའི་སེམས་ཁོང་གི་ཞེ་སྡང་མཚོན་པ་ཙམ་ལས་མ་འདས།  འཕྲིན་ཡིག་བྲིས་ཚར་རྗེས་ཁོ་རང་ཚོང་སྒྲོམ་གྱི་མདུན་དུ་སོང་ནས་སྦྲག་རྟགས་ཤིག་ཉོས་ཏེ་ལྕེ་ལྡག་བྱས་ནས་མཆིལ་མ་ཅུང་ཙམ་བྱུགས་རྗེས།   ཁུ་ཚུར་གནམ་ལ་འཕྱར་ནས་ཡིག་ཤུབས་ཀྱི་སྟེང་ལ་ཞེ་སྡང་གིས་ཐེངས་ཤིག་གཞུས་པ་དང་མཉམ་དུ་སྦྲག་རྟགས་སྦྱར་ཟིན།

          འཕྲིན་ཡིག་དེ་ཡིག་སྒམ་གྱི་ནང་དུ་འཕངས་མ་ཐག   ལས་སྣེ་པ་དེ་ཕར་ལ་སོང་ནས་འཕྲིན་ཡིག་དེ་ཚུར་ལ་བླངས་བྱུང་།  འཕྲིན་ཡིག་གི་ནང་དུ་འདི་ལྟར་བྲིས་འདུག་སྟེ། འཇིག་རྟེན་བྱེད་པོ་ལགས།  ང་ལ་མཁོ་བའི་པེ་སོ་སྒོར་མོ༧༠ལས་གྲངས་ཀ་ལྟར་ལག་ཏུ་འབྱོར་མ་བྱུང་།ཁྱེད་ཀྱིས་ད་དུང་ང་ལ་པེ་སོ་སྒོར་མོ༣༠སྐུར་རོགས་མཛོད།ང་ལ་ཤིན་ཏུ་མཁོ།ཐེངས་རྗེས་མར་བསྐུར་རྒྱུའི་སྒོར་མོ་དེ་སྦྲག་སྲིད་ཁང་བརྒྱུད་ནས་མི་བསྐུར་བར་མཁྱེན།  སྦྲག་སྲིད་ཁང་ནང་གི་མི་དེ་དག་ཚང་མ་ནི་ཇག་རྐུན་ཁོ་ན་རེད།  ཁོ་ཚོའི་ཁྲོད་ན་མི་བཟང་བོ་གཅིག་ཀྱང་མི་འདུག
ལེ་ཨིན་ཁི་ནས།

                རྩོམ་སྒྲིག་པ། རྣོ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease