མུན་ནག་ཨ། ང་ཡི་འབྱུང་རྩ།

    ཡིག་སྒྱུར་བ། མར་ཁུ་རྒྱལ་མཚན།


བློས་གཏོང་།
 
ཞར་བཀོད་ལྔ།

                 
རལ་ཁི། ཨོ་སི་ཁྲུ་རི་ཡ།    
                            མར་ཁུ་རྒྱལ་མཚན་གྱིས་བསྒྱུར།


ཁྱོད་རང་ངོ་ཤེས་པ་ནས་བཟུང་།   ངའི་ལུས་སྟེང་གི་
ཁྲག་རྩ་རེ་རེ་ལས།
དྲི་བསུང་ཡང་ཡང་འཐུལ་འོང་།
ངས་མགོ་བོ་བཏེགས་ཤིང་བྲང་ཁོག་ལྡིར་དུས།  
ལུས་གཟུགས་ཕྲ་ཞིང་རིང་བར་འགྱུར་འགྲོ།
ཁྱོད་ཀྱིས་བལྟས་ཆོག    ཁྱོད་ནི་དོན་ངོ་མར་སུ་ཞིག་ཡིན་པ།
 
སྡོང་ལོ་རྙིང་བ་རེ་རེ་ཐང་ལ་ལྷུང་འགྲོ་བ་ཇི་བཞིན།
ངས་རང་ཉིད་ཡུན་གྱིས་ཡལ་བཞིན་པ་ཚོར་འོང་།
ཁྱོད་ཀྱི་འཛུམ་མདངས་ཁོ་ནས་དྭངས་གསལ་གྱི་སྐར་འོད་བཞིན།
ད་ལྟ་ཁྱོད་རང་གསལ་ཡོད་པ་ཇི་བཞིན།     མི་འགྱང་པར་ང་རང་གསལ་བར་བྱེད་ངེས།  
 
ངའི་བྱིས་དུས་ཀྱི་མིང་མེད་ཡོད་ཚད་ཀྱི།
ཆུ་ལྟར་དུ་འོད་འཕྲོ་བའི་བྱ་དངོས་དག་ལ།
ཁྱོད་ཀྱི་མིང་ཡིག་སྤྱད་ནས།    ངས་མཆོད་ཁྲིའི་མདུན་ནས་མིང་གདག་སྲིད།
ཁྱོད་ཀྱི་སྐྲ་ལོ་ནི་མཆོད་ཁྲི་གསལ་བར་བྱེད་པའི་སྒྲོན་མེ་ཡིན་ཞིང་།
ཁྱོད་ཀྱི་མྱོས་བུམ་ནི་མཆོད་ཁྲི་བརྒྱན་པར་བྱེད་པའི་གཟབ་མཆོར་ཡིན།
 

མུན་ནག་ཨ།  ང་ཡི་འབྱུང་རྩ།
 
མུན་ནག་ཨ།    ང་ཡི་འབྱུང་རྩ།
ང་རང་མེ་ལྕེ་ལས་ཀྱང་ཁྱོད་ལ་དུངས།
མེ་ལྕེ་ཡིས་སྒོར་མོ་ཞིག་ལས།  
འོད་འཕྲོ་བཞིན།   འཇིག་རྟེན་འདི་ལ་དབྱེ་མཚམས་ཕྱེ་བ་ཙམ་ལས་ཅི་ཡང་མེད།
སྒོར་མོ་ལས་བརྒལ་ཚེ།
སུ་ཞིག་གིས་ཀྱང་མེ་ལྕེ་ཟེར་བ་ཞིག་ཡོད་པ་གཏན་ནས་ཤེས་མི་སྲིད།
 
དེའི་དབང་གིས།   མུན་ནག་ནི་སྣ་ཚོགས་ཀུན་འཛོམས་ཤིག་སྟེ།
ཅ་ལག   མེ་ལྕེ།    ཕྱུགས་ཟོག་དང་ང་།
ཐ་ན་ཡོད་ཚད་ཀྱི་ཡོད་ཚད།
ད་དུང་མིའི་རིགས་དང་བཙན་དབང་།
 
ཡང་ན།    རླབས་ཆེ་བའི་སྟོབས་ཤུགས་རིགས་ཤིག
ངའི་ཉེ་འཁོར་ན་འབུ་བཞིན་འདུག     རྒྱུད་སྤེལ་བཞིན་འདུག
 
ང་རང་མུན་ནག་ལ་དད་ཅིང་མོས།
 

ཛ་དྲག་གི་དུས་སྐབས།
 
སྐབས་འདིར་སུ་ཞིག་འཇིག་རྟེན་གྱི་གྲུ་ཟུར་གང་རུང་ཞིག་ན།
རྒྱུ་མེད་རྐྱེན་མེད་དུ་ངུ་བཞིན་ཡོད།
ངའི་སླད་དུ་ངུ་བཞིན་ཡོད།
 
སྐབས་འདིར་སུ་ཞིག་མཚན་མོའི་གྲུ་ཟུར་གང་རུང་ཞིག་ན།
རྒྱུ་མེད་རྐྱེན་མེད་དུ་དགོད་བཞིན་ཡོད།
ངའི་སླད་དུ་དགོད་བཞིན་ཡོད།
 
སྐབས་འདིར་སུ་ཞིག་ས་ཆ་ག་གེ་མོ་ཞིག་ན་བགྲོད་བཞིན་ཡོད།
རྒྱུ་མེད་རྐྱེན་མེད་དུ་བགྲོད་བཞིན་ཡོད།
ངའི་ཕྱོགས་སུ་བགྲོད་བཞིན་ཡོད།
 
སྐབས་འདིར་སུ་ཞིག་ས་ཆ་ག་གེ་མོ་ཞིག་ན་འཆི་བཞིན་ཡོད།
རྒྱུ་མེད་རྐྱེན་མེད་དུ་འཆི་བཞིན་ཡོད།
ང་ལ་ཅེར་ཡོད།
 

འཆི་བ་ཧ་ཅང་ཆེ།
 
འཆི་བ་ཧ་ཅང་ཆེ་སྟེ།
ང་ཚོ་ནི་ཁོའི་སྨྲ་སྒོ་ལས།
ཐོན་པའི་དགོད་སྒྲ་ཡིན།
ང་ཚོས་རང་ཉིད་ཚེ་སྲོག་གི་ཁྲོད་ན་འགྲེང་ཡོད་སྙམ་དུས།
འཆི་བའང་སྙིང་སྟོབས་ཆེན་པོས།
ང་ཚོའི་ཁྲོད་ན་ངུ་བཞིན་འདུག


སྙན་ངག་པ།
 
ལོ་ཟླ་ཨ།      ཁྱོད་རང་ཅིའི་ཕྱིར་ང་དང་བྲལ་ནས་རྒྱང་ལ་ཆས་དགོས།
ཁྱོད་ཀྱིས་ཅིའི་ཕྱིར་གཤོག་ཟུང་རྡེབ་བཞིན།     ངའི་སེམས་གཏིང་ལ་རྨ་ཤུལ་བསྐྱུར་དགོས།
གྲོགས་མེད་ཁེར་རྐྱང་གི་ངས།    སྐད་ཆ་ཇི་ལྟར་བརྗོད་དགོས།
མཚན་མོ་ཇི་ལྟར་སྐྱེལ་དགོས།     ཉིན་མོ་ཇི་ལྟར་འཁྱོལ་དགོས།
 
ང་ལ་དགའ་རོགས་མེད།    ཁྱིམ་ཚང་མེད།
འཚོ་རྟེན་མེད།
ངས་བསྟོད་གླུ་བླངས་མྱོང་བ་ཡོད་ཚད་ཕྱུག་པོར་ཆགས་འདུག་ཀྱང་།
ང་ཁོ་ན་ཁོ་ཚོས་དོར་ཞིང་བསྐྱུར་འདུག
 

ངས་རོལ་བཞིན་པའི་འཚོ་བ།
 
ངས་རོལ་བཞིན་པའི་འཚོ་བ་ནི།     བྱ་དངོས་གང་རུང་ཞིག་གི་སྟེང་ནས།
བསྐོར་བ་ཆེན་པོ་ཆེན་པོ་ཞིག་རྒྱག་བཞིན་པ་དང་མཚུངས།
ཡང་ན་མཐའ་མཇུག་གི་བསྐོར་བ་ཐེངས་དེ་རྒྱག་མི་རུང་ནའང་།
ངས་ཚོད་ལྟ་ཐེངས་ཤིག་ཅིས་ཀྱང་བྱེད་དགོས།
 
ངས་འཇིག་རྟེན་བྱེད་པོར་བསྐོར་བ་བརྒྱབ་ནས།   གནའ་བོའི་མཆོད་རྟེན་རིང་མོར་བསྐོར་བ་བརྒྱབ་ནས།
ལོ་ངོ་སྟོང་ཕྲག་ཁ་ཤས་འདས་ཟིན་ཀྱང་།
ངས་ང་ནི་བྱ་རྒོད་ཅིག་གམ།    དྲག་རླུང་ཐེངས་ཤིག་གམ།
ཡང་ན་རླབས་ཆེ་བའི་གླུ་གཞས་ཤིག་ཡིན་པ།
སྔར་ལྟར་ཤེས་ཐབས་མི་འདུག

                      རྩོམ་སྒྲིག་པ། མྱི་གསར་བ།


          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease