ལམ་ལོག

    ཡིག་སྒྱུར་བ། མར་ཁུ་རྒྱལ་མཚན།


ལམ་ལོག


             ཨེད་མ་ཡིས་བརྩམས།ཐའེ་ཝན།
                         
མར་ཁུ་རྒྱལ་མཚན་གྱིས་བསྒྱུར།

         “ ཨ་ཕ་ལགས།  ཁྱེད་ཀྱིས་རི་བོང་སྐྱ་རིལ་མ་ཆུང་ཆུང་གི་གཏམ་རྒྱུད་ཅིག་འབྲི་ཤེས་སམ།  དེ་ནི་ང་ཚོས་མཐོང་མྱོང་བའི་རི་བོང་དག་དང་མི་འདྲ་བར། ཁོའི་གཟུགས་ཀྱི་རིང་ཚད་ངའི་གཟུགས་ཀྱི་རིང་ཚད་དང་མཉམ་ཞིང་།  ཁོ་ལའང་ང་དང་འདྲ་བར་སྐྲ་ལོ་ནག་པོ་ཞིག་ཡོད་པར་མ་ཟད། ཁོས་ཀྱང་ང་དང་འདྲ་བར་སྐད་ཆ་བརྗོད་ཤེས་འདུག ”

        འདི་ནི་བུ་ཆུང་ལོ་ལྔར་སོན་དུས་ཁོ་ལ་བརྗོད་མྱོང་བའི་སྐད་ཆ་ཞིག་རེད། མི་ལོ་མང་པོ་ཞིག་འདས་ཟིན་ནའང་།  ཁོས་ད་དུང་དུས་སྐབས་དེའི་སྣང་ཚུལ་དེ་བརྗེད་མི་འདུག་སྟེ།  ཉིན་དེར་ཁོས་དཔེ་ཁང་གི་ནང་ན་མགོ་བོ་སྒུར་ནས་རྩོམ་ཡིག་འབྲི་བཞིན་པའི་སྒང་ལ། བུ་ཆུང་གིས་ཁ་རོག་གེར་སྒོ་ཕྱེ་ནས་ནང་དུ་འཛུལ་འོང་བ་དང་ལག་པ་གཉིས་ཀ་ཅོག་ཙེའི་འགྲམ་ལ་བཞག་ནས་མིག་ཟུང་རྡེབ་ཙམ་རྡེབ་ཙམ་བྱེད་བཞིན་སེམས་རྣལ་དུ་ཕབ་སྟེ་རྩོམ་ཡིག་འབྲི་བཞིན་པའི་ཁོ་ལ་ཅེར་བྱུང་། དུས་ཚོད་མང་པོ་ཞིག་འགོར་བའི་རྗེས་སུ། ཁོས་ད་གཟོད་བུ་ཆུང་རང་གི་འགྲམ་ན་འགྲེང་ཡོད་པ་ག་ལེར་རྟོགས་ཤིང་། ལག་པ་ཕར་ལ་བསྲིངས་ནས་བུ་ཆུང་གི་མགོ་བོར་བྱིལ་བྱིལ་བྱེད་བཞིན་པའི་དུས་སུ། ལོ་ན་ཕྲ་བའི་བུ་ཆུང་གིས་ཁོ་ལ་གོང་གི་སྐད་ཆ་འདི་བརྗོད་བྱུང་པ་རེད།

          དེ་དུས། ཁོས་སྐད་ཆ་འདི་དག་ནི་བྱིས་པ་དག་གིས་ད་གཟོད་བརྗོད་ངེས་པའི་སྐད་ཆ་ཞིག་རེད་སྙམ་བཞིན་དོ་སྣང་ཆེན་པོ་མ་བྱས་པར་སྣང་མེད་དུ་བསྐྱུར།

          ཁོས་རང་གི་བུ་ཆུང་མྱུར་དུ་ཕྱིར་འགྲོ་རུ་འཇུག་པའི་ཕྱིར་དུ “ ཆོག་གི ངས་དཔེ་ཆ་འདི་བྲིས་ཚར་བའི་རྗེས་སུ །   ཁྱོད་ལ་རི་བོང་སྐྱ་རིལ་མ་ཆུང་ཆུང་གི་གཏམ་རྒྱུད་ཅིག་བྲི་ཆོག”ཅེས་ལན་བཏབ།

          སྐད་ཆ་འདི་ཐོས་རྗེས། བུ་ཆུང་དགའ་ནས་མྱུར་སྟབས་ཀྱིས་ཁོའི་དཔེ་ཁང་དང་ཁ་བྲལ་ཞིང་། ཕྱིར་ལ་འགྲོ་ཁར་སྒོ་མོ་གཏན་རྒྱུ་བརྗེད་སོང་སྙམ་པ་ལྟར་རྐང་བའི་ཕྱི་རྟིང་ཡར་ལ་བཀྱགས་ནས་སྒོ་མོ་གཏན་པ་དང་། སྒོ་མོ་མ་གཏན་པའི་སྔོན་ལ་ཁོར་སྙིང་ཉེ་བའི་འཛུམ་ཆུང་ཞིག་ཀྱང་བསྟན་བྱུང་།

ཁོས་ད་དུང་ཉིན་དེར་བུ་ཆུང་གིས་གྱོན་ཡོད་པའི་གོན་པ་དག་ཀྱང་བརྗེད་མི་འདུག་སྟེ། ཁོའི་ཆུང་མའི་ལག་ནས་ཐོན་པའི་འགྱིག་ཐག་ཅན་གྱི་རས་ལྷམ་སྐྱ་བོ་དང་དཀར་སྐྱ་སྔོ་གསུམ་གྱི་དྲ་རིས་ཡོད་པའི་ཁུར་ཐག་ཅན་གྱི་དོར་མ་སོགས་ཡིད་ལ་དྲན་འོངས།

         ཁོ་ནི་རྩོམ་པ་པོ་ཞིག་ཡིན།  མི་ལོ་བཞི་བཅུའི་སྔོན་ལ་ཁོས་ཤིན་ཏུ་སྐྱོ་བའི་འཚོ་བ་ཞིག་རོལ་བཞིན་ཡོད་དེ།  ཁོ་རང་ལོ་བཞི་བཅུར་སོན་པའི་ལོ་དེར་ཁོའི་དཔེ་ཆ་ཉིས་སྟོང་ལྷག་དཔར་བའི་སྒྲུང་གཏམ་ཞིག་གློ་བུར་དུ་བརྙན་འཕྲིན་ཟློས་གར་གྱི་འཁྲབ་ཁྲིད་པ་ཞིག་གི་བློར་བབས་པ་དང་།  ཁོ་ལའང་གྲངས་འབོར་མི་ཉུང་བའི་སྒོར་མོ་མང་པོ་ཞིག་ཐོབ་པ་རེད། སྒོར་མོ་འདི་དག་གྲོང་ཁྱེར་ནས་འཚོ་བ་རོལ་མཁན་ཞིག་ལ་ཆ་མཚོན་ན།  མི་འགྱང་བར་བཀོལ་ནས་ཚར་འགྲོ་ཡང་། གྲོང་གསེབ་ནས་འཚོ་བ་རོལ་མཁན་ཞིག་ལ་ཆ་མཚོན་ན། མི་ལོ་མང་པོར་ཟས་གོས་གཉིས་ཀར་སེམས་ཁྲལ་བྱེད་མི་དགོས་པའི་འཚོ་བ་ཞིག་རོལ་ཆོག་ཆོག་ཡིན། རྒྱུ་མཚན་དེའི་དབང་གིས། ཁོས་རང་གི་ལོ་ན་གཞོན་པའི་མཛའ་མོར་གཉེན་སྒྲིག་ཞུ་རྗེས་ཁོ་མོ་ཁྲིད་ནས་ལོད་ཧྲན
དུ་སོང་པ་རེད། ཁོ་གཉིས་དུད་ཚང་ཉུང་བའི་རི་གྲོང་ཞིག་ཏུ་ཐོན་རྗེས། ཞིང་བ་ཞིག་གི་ལག་ནས་རིན་གོང་ཧ་ཅང་དམའ་བའི་ར་བསྐོར་ཞིག་ཉོས། ར་བསྐོར་དེ་ནི་ཏག་ཏག་སྡེ་བའི་ཆེས་ལྷིང་འཇགས་ཀྱི་གནས་ཤིག་ན་ཆགས་འདུག་ཅིང་།   སྡེ་མི་གཞན་དག་གི་ཁང་པ་དང་དེ་གཉིས་རི་ཁུག་ཆུང་ཆུང་ཞིག་གིས་བར་ཆོད་འདུག  རི་ཁུག་ཆུང་ཆུང་དེ་ཉིན་མཚན་མང་པོར་སྐམ་ཐག་ཆོད་ནས་ཡོད་ཅིང་། ཆར་བ་བབས་རྗེས་ད་གཟོད་རི་ཁུག་ཆུང་ཆུང་དེ་ནས་ཤག་ཤག་ཏུ་བཞུར་བཞིན་པའི་ཆུ་བོ་མཐོང་ཐུབ་པ་རེད། དྲང་མོར་བཤད་ན། ར་བསྐོར་འདི་གོག་ཧྲུལ་དུ་གྱུར་ནས་ད་ལྟ་མིའི་རིགས་འཚོ་སྡོད་བྱེད་མི་ནུས་པའི་ཚད་ལ་ལྷུང་འདུག་སྟེ།  གྱང་རྣམས་ནི་འགྱེལ་ལ་ཉེ་ཞིང་། སྒོ་དང་སྒེའུ་ཁུང་ཐམས་ཅད་གཡས་གཡོན་དུ་ཡོན་ཡོད་པར་མ་ཟད། ས་རྡུལ་གྱིས་ཁེངས་པའི་ས་ངོས་ན་གསལ་ཐག་མི་ཆོད་པའི་རི་དྭགས་ཀྱི་རྐང་རྗེས་ཀྱང་མང་པོ་བབས་འདུག  དེ་ལྟ་ནའང་།  རྩོམ་པ་པོ་དང་ཁོའི་ཆུང་མ་གཉིས་ཀྱིས་དེ་དག་ལ་སྣང་དོགས་སྤུ་ཙམ་ཡང་མི་བྱེད་པ་དང་། ཁོ་གཉིས་ར་བསྐོར་འདིའི་ལྷིང་འཇགས་ལ་སེམས་པའི་གཏིང་ནས་དུངས་པར་གྱུར། ཁོ་གཉིས་ཀས་དངོས་སུ་རང་འགུལ་སྒོས་ཁང་སྟེང་གི་རྫ་ལེབ་ཆག་རོ་དག་ནི་གསར་དུ་བརྗེས་པ་དང་། གཡས་གཡོན་དུ་ཡོན་པའི་གྱང་ཁར་ཤིང་ཆ་ནི་བཏིང་། སྒོ་དང་སྒེའུ་ཁུང་ཡང་གསར་དུ་བརྗེས་ནས་ཁང་བ་རེ་རེའི་ནང་གད་དར་དཔེ་མེད་པ་ཞིག་བྱས་ཏེ་གཙང་མར་བཟོས།   དེ་མ་ཟད་ཁོ་གཉིས་ཀས་ད་དུང་རང་འགུལ་སྒོས་ཅོག་ཙེ་དང་རྐུབ་སྟེགས་ཀྱང་བཟོས་ནས་ཁ་ཚང་བར་བྱས་ཤིང་། ལྷས་རའི་ནང་དུ་སྔོ་ཚོད་དང་སིལ་སྡོང་བཙུགས་པ་དང་། རི་ཁུག་ཏུ་སོང་སྟེ་ཁྱེར་འོངས་པའི་རྡོ་ཧྲུག་དག་གིས་སྒོ་མདུན་གྱི་ལམ་ཕྲན་སྙོམས་པར་བྱས་པར་མ་ཟད་འགྱེལ་ལ་ཉེ་བའི་གྱང་རའང་བསྐྱར་དུ་བརྩིགས།  མདོར་ན། ཁོ་གཉིས་ཀས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་འཇིག་ལ་ཉེ་བའི་ར་བསྐོར་ཆུང་ཆུང་འདིའི་རྣམ་པ་གསར་བ་གསར་རྐྱང་ཞིག་ཏུ་བསྒྱུར། ལས་ཀ་མཐའ་དག་ཡོངས་སུ་གྲུབ་ཚར་རྗེས། རྩོམ་པ་པོ་དང་ཁོའི་ཆུང་མ་གཉིས་ཀ་དགའ་ནས་ཁ་ཟུམ་མི་ཐུབ་པར་གྱུར།   མཚན་མོ་རེ་རེར་རྩོམ་པ་པོ་དཔེ་ཁང་གི་ནང་དུ་གསར་རྩོམ་བྱེད་དུ་བུད་འགྲོ་ཞིང་། ཆུང་མས་དཔེ་ཁང་འགྲམ་གྱི་གསོལ་ཁང་ངམ་ངལ་གསོ་ཁང་ལ་འཚེམ་ལས་བྱེད་དུ་བུད་འགྲོ་བ་རེད། སྐབས་རེར་རྩོམ་པ་པོས་ཆུང་མ་དཔེ་ཁང་གི་ནང་དུ་བོས་ནས་རང་ཉིད་ཀྱིས་ད་སོ་མ་བརྩམས་ཚར་བའི་སྒྲུང་གཏམ་དེ་ཀློག་བཞིན་ཁོ་མོར་ཉན་དུ་འཇུག་བཞིན་ཡོད་ཅིང་།  ཁོའི་ཆུང་མ་ལོ་ན་གཞོན་ནའང་། འདི་ལྟ་བུའི་ལྷིང་འཇགས་ཀྱི་འཚོ་བར་ཧ་ཅང་མོས།  དུས་སྐབས་དེ་ནི་ཏག་ཏག་ཁོ་གཉིས་ཧ་ཅང་བདེ་ཞིང་སྐྱིད་པའི་དུས་སྐབས་ཤིག་ཡིན་ཞེས་བརྗོད་ཆོག

        ར་བསྐོར་ཆུང་ཆུང་དེའི་རྒྱབ་ཕྱོགས་ནི་རི་ངོས་ཤིག་ཡིན་ཞིང་། རི་ངོས་དེ་བརྒལ་ན་རི་ངོས་དེ་དང་འདྲ་བའི་རི་ངོས་ཤིག་ཡོད་པ་དེ་ནི། ནམ་རྒྱུན་ལྗོངས་རྒྱུ་བ་འཚང་ཁ་ཤིག་ཤིག་བྱེད་བཞིན་པའི་དགོན་པ་ཞིག་ཡིན་པ་དང་། དགོན་པ་དེའི་ནང་དུ་ཏའོ་ལུགས་པའི་རབ་བྱུང་བ་མང་པོ་ཞིག་བཞུགས་ཡོད་པ་རེད། རི་བོ་གཉིས་ཀྱིས་ཆོད་པའི་ས་ཆ་དེ་ན་རྩོམ་པ་པོ་དང་ཁོའི་ཆུང་མ་གཉིས་ཀས་ཁུ་སིམ་སིམ་དང་འཇམ་ཐིང་ཐིང་གི་འཚོ་བ་ཞིག་རོལ་བཞིན་ཡོད་པ་དང་། ཏའོ་ལུགས་པའི་རབ་བྱུང་བ་དེ་དག་ལས་ཀྱང་སྒོམ་སྒྲུབ་ལྟ་བུའི་འཚོ་བ་ཞིག་རོལ་བཞིན་ཡོད་ཅེས་བརྗོད་ཆོག   རྩོམ་པ་པོའི་དཔེ་ཁང་གི་སྒེའུ་ཁུང་ལས་རི་ངོས་ཀྱི་ནགས་ཚལ་མཐོང་ཐུབ་སྟེ། ནགས་ཚལ་གྱི་ནང་ན་ཡོད་པ་ནི་ཚོས་སེར་སྡོང་པོ་དང་། མོན་ཆ་ར་སོགས་ཤིང་སྡོང་སྣ་ཚོགས་ཤིག་ཡོད་ཅིང་། ནགས་ཚལ་གྱི་འདབས་རོལ་ན་རྩྭ་ཡན་སྟུག་པོར་སྐྱེས་ཡོད། ཉིན་མོའི་དུས་སུ་རྩོམ་པ་པོས་གསར་རྩོམ་གནང་བཞིན་པའི་བར་གླགས་ནས་སྒེའུ་ཁུང་ལས་རྒྱང་བལྟ་བྱེད་པར་མོས་ཤིང་།  སྐབས་སྐབས་སུ་རྩྭ་ལྗང་གི་གསེབ་ནས་བྱ་སྲེག་པ་དང་། ནགས་བྱི། ཝ་མོ་སོགས་གང་རུང་ཞིག་མཐོང་ཐུབ་པ་དང་།  དེ་དག་ལས་མཐོང་རྒྱུ་ཆེས་མང་པ་ནི་རི་བོང་རེད། དེ་ཚོ་རེ་རེ་ལ་ཚོར་བ་ཧ་ཅང་རྣོ་བའི་ཐལ་མདོག་གི་རྣ་ཅོག་རིང་བོ་རེ་ཡོད་པར་མ་ཟད། མཆོང་རྒྱུག་བྱས་པའི་ཚེ་ན། མཚམས་རེར་མིག་ལམ་དུ་སྣང་ཐུབ་ཅིང་མཚམས་རེར་གར་སོང་ཆ་མེད་དུ་གྱུར་འགྲོ།  ངལ་གསོ་བཞིན་པའི་དུས་ལ།  རྩོམ་པ་པོ་ཆུང་མ་དང་མཉམ་དུ་རི་ངོས་ལ་ཤ་མོ་འཐུ་བའམ། རི་སྐྱེས་སྔོ་ཚལ་འཐོག་ཏུ་འགྲོ་བཞིན་ཡོད་པ་རེད། དེ་དུས་ཆུང་མས་མགོ་ལ་རྩི་ཞྭ་གྱོན་ངེས་ཤིང་། ལུས་ལ་རང་ཉིད་ཀྱིས་བཟོས་པའི་རས་ཆ་མེ་ཏོག་ཅན་གྱི་སྨད་དོར་རིང་པོ་ཞིག་གྱོན་སྲིད་པར་མ་ཟད།  སྨྱུག་སླེ་ཆུང་ཆུང་ཞིག་ཕྲག་པའི་སྟེང་ནས་མར་ལ་དཔྱངས་སྟེ་དགའ་དགའ་སྤྲོ་སྤྲོའི་ངང་ཁོ་དང་མཉམ་དུ་འཆམ་འཆམ་དུ་འགྲོ་སྲིད།   ཁོ་གཉིས་རི་ངོས་ནས་བསྐྱོད་པའི་དུས་ལ།  རི་དྭགས་ཆུང་ཆུང་དེ་ཚོའི་ཚོར་བ་ཧ་ཅང་རྣོ་བའི་དབང་གིས། ཉིན་དཀར་གྱི་དུས་སུ་ཁོ་གཉིས་ཁོ་ཚོ་དང་དངོས་སུ་གདོང་གཏུག་བརྒྱབ་མ་མྱོང་ནའང་། རྩོམ་པ་པོས་རི་དྭགས་ཆུང་ཆུང་དེ་ཚོས་ས་ཆ་ག་གེ་མོ་ཞིག་ན་ཁོ་གཉིས་ལ་ལྟ་ཞིབ་བྱེད་བཞིན་པ་ཤེས་ཡོད་པས །   ཁོས་གདོང་ལ་ཞི་ལྷོད་གཉིས་འཛོམས་ཀྱི་འཛུམ་ཞིག་མངོན་བཞིན་སུ་དང་གང་ལའང་དོ་སྣང་བྱེད་བཞིན་མེད་པ་ལྟར་དུ་རི་དྭགས་ཆུང་ཆུང་ཞིག་གི་གསལ་དྭངས་དྭངས་ཀྱི་མིག་ཟུང་མཐོང་བར་བསམ་ནས་ཕྱོགས་བཞིར་བཙལ། ཁོ་རང་ཁོ་ཚོ་རྒྱང་ཐག་རིང་བོའི་རྩྭ་གསེབ་ནས་མཆོང་ལྡིང་བྱེད་པ་དང་། དེ་ནས་སུ་ཞིག་ལ་དངངས་ཤིང་འདྲོགས་ཏེ་ནགས་ཚལ་གྱི་ནང་དུ་འབྲོ་བཞིན་པའི་ཚུགས་ཀ་དེ་མཐོང་བར་ཧ་ཅང་དགའ། མཚན་མོའི་དུས་སུ་འབུ་སྲིན་རིགས་ཀྱི་སྒྲ་མཚམས་མི་ཆད་ཅིང་། ཕྱོགས་བཞིའི་མུན་པ་ཧ་ཅང་ནག་ནའང་། ཁོའི་དཔེ་ཁང་གི་སྒེའུ་ཁུང་ཁོ་ནར་དྲོད་འཇམ་གྱི་འོད་སྣང་གིས་ཁེངས་ཡོད་པ་རེད། སྐབས་རེར་ཁོས་སྒེའུ་ཁུང་གི་ཕྱི་རོལ་ནས་གོམ་སྒྲ་ཆུང་ངུ་ཞིག་གྲག་འོང་བ་ཐོས་འོངས་ཤིང་། དེ་ནི་ཧ་ཅང་ཆུང་བའི་“ཐྲིག་ཐྲིག”ཅེས་པའི་སྒྲ་ཞིག་རེད། སྒྲ་དེ་གྲག་ཐེངས་རེར། ཁོས་ཡི་གེ་གཏག་མཚམས་བཞག་ནས་ཉན་སྲིད་ཀྱང་།  མི་འགྱང་བར་གོམ་སྒྲ་དེ་མེད་པར་གྱུར་འགྲོ་བ་དང་། ཁོས་ཡི་གེ་གཏག་མགོ་བརྩམ་མ་ཐག སྒྲ་དེ་སླར་ཡང་གྲག་འོང་སྲིད།  དེ་དུས་ཁོ་དགོད་ཙམ་བྱས་རྗེས་ཁ་ཡ་ཙམ་ཡང་མི་བྱེད་པར་བློ་གཅིག་སེམས་གཅིག་གིས་གསར་རྩོམ་གནང་སྲིད། འདི་ལྟ་བུའི་མཚན་མོ་མང་པོར། བརྩམས་ཆོས་འཁྱོང་ཡོད་ནའང་འདྲ། འཁྱོང་མེད་ནའང་འདྲ། ཁོའི་སེམས་པ་དུས་གཏན་དུ་སྤྲོ་བས་བཟི་ཡོད།

           ཁོ་གཉིས་རི་གྲོང་འདིར་ཐོན་པའི་ལོ་གཉིས་པར། རྩོམ་པ་པོའི་ཆུང་མར་མངལ་སྦྲུམ་པ་དང་། ལོ་རྗེས་མའི་དཔྱིད་ཀར་ཁོ་མོས་ཤ་མདོག་དཀར་ཞིང་ལུས་པོ་ཚོན་པོ་ཡིན་པའི་བུ་ཕྲུག་ཅིག་བཙས་བྱུང་། བྱིས་པ་དེ་ཧ་ཅང་སྙིང་རྗེ་བོ་ཞིག་ཏུ་འདུག་ནའང་། ཤིང་འཛེར་མེད་རྒྱ་རྫོང་ནགས་ན་མེད་ཟེར་བ་ལྟར། བྱིས་པ་དེ་བཙས་མ་ཐག་ནས་ཁ་ཤོ་འདུག   རྒྱུ་མཚན་དེའི་དབང་གིས་ཁོ་གཉིས་བྱིས་པ་དེ་ལ་སྔར་ལས་དགའ་བར་གྱུར། བྱིས་པ་དེ་ཟླ་དྲུག་ལོན་པའི་མཚམས་དེར། ཁོ་བཟའ་ཟླ་གཉིས་ཀ་གྲོང་ཁྱེར་གྱི་སྨན་ཁང་ཆེན་པོ་ཞིག་གི་ནང་དུ་སོང་ནས་སྨན་པར་བྱིས་པར་གཤག་ལས་སྨན་བཅོས་བྱེད་དུ་བཅུག   སྨན་བཅོས་བྱས་རྗེས་བྱིས་པའི་ཡ་མཆུའི་སྟེང་ན་རྨ་ཤུལ་གསལ་ལ་མི་གསལ་བ་ཞིག་ཡོད་པ་མ་གཏོགས་བྱིས་པ་འདི་ཕལ་ཆེར་སྙིང་རྗེ་བོ་ཞིག་ཏུ་འདུག  བྱིས་པ་དེ་ཡ་རབས་སྤྱོད་བཟང་ཞིག་ཏུ་འདུག་ཅིང་། ཁ་ཁུ་སིམ་མེར་ཁོ་གཉིས་དང་མཉམ་དུ་འཚར་ལོངས་འབྱུང་མགོ་བརྩམས། གོམ་པ་སྤོ་ཤེས་པའི་ཉིན་མོ་དེ་ནས་བཟུང་། ཁོས་ཨ་མར་ལས་ཀ་ལས་རོགས་བྱེད་མགོ་བརྩམས་པ་སྟེ།  གོམ་པ་འཁྱར་འཁྱོར་སྤོ་བཞིན་ཁོ་མོས་སློག་ཟིན་པའི་ཞིང་ནང་དུ་ས་བོན་འདེབས་པ་དང། ཆུ་དམ་སྤྱད་ནས་སྔོ་ཚོད་ཀྱི་མྱུ་གུའི་ནང་དུ་ཆུ་ལྡུག་པའམ། གནོད་འབུ་འཛིན་པ། བྱ་ཕྲུག་གསོ་བ་སོགས་རང་ཉིད་ཀྱིས་ནུས་པའི་ལས་ཀ་ཡོད་ཚད་ཅི་ནུས་ཀྱིས་བསྒྲུབས་པར་བྱེད།  བྱིས་པ་འདི་ཡང་ཁོའི་ཨ་མ་དང་འདྲ་བར། རྩོམ་པ་པོས་གསར་རྩོམ་གནང་བཞིན་པ་དེ་ལ་བླ་མེད་ཀྱི་གུས་སེམས་ཤིག་ཡོད་དེ། ཁོ་རང་རྒྱུ་རྐྱེན་གང་ཡང་མེད་པར་ཁོའི་ཨ་ཕའི་དཔེ་ཁང་གི་ནང་དུ་སོང་ནས་ཨ་ཕར་སུན་པོ་གཏན་ནས་མི་བཟོ་པ་རེད། སྐབས་སྐབས་སུ། ཁོས་ལག་ཏུ་ཇ་ཕོར་བ་གང་བཟུང་བའམ་སྡོང་མགོ་ནས་བཏོག་མ་ཐག་པའི་ཀུ་ཤུ་ཞིག་བཟུང་ནས་ཁོའི་ཨ་མ་དང་འདྲ་བར་རྐང་འཇབ་ལག་འཇབ་ངང་ཨ་ཕའི་དཔེ་ཁང་དུ་འགྲོ་བ་དང་། ཅོག་ཙེའི་སྟེང་ལ་བཞག་རྗེས་སླར་ཡང་རྐང་འཇབ་ལག་འཇབ་ངང་ཕྱི་རོལ་ལ་བུད་འགྲོ། བྱིས་པའི་བྱ་བྱེད་འདི་དག་མཐོང་རྗེས་རྩོམ་པ་པོའི་སེམས་པའང་དྲོད་ལམ་མེར་གྱུར་སོང་།   བྱིས་པ་སྐྱེས་པ་ནས་བཟུང་། རྩོམ་པ་པོས་སྔོན་ཆད་དང་འདྲ་བར་རང་གི་ཆུང་མར་བརྩམ་མ་ཐག་པའི་སྒྲུང་གཏམ་ཀློག་པ་དང་། སྒྲུང་གཏམ་ཀློག་པའི་དུས་སུ།  བྱིས་པ་ནི་དུས་རྟག་ཏུ་ཁུ་སིམ་མེར་འདུག བྱིས་པ་འདི་བྱིས་པ་རུམ་བཟུང་ཡིན་པའི་དུས་སུའང་བྱིས་པ་ལྷུན་ཆགས་ཤིག་ཡིན། ཁོ་རང་ཆུང་དུས་ནས་ངུ་རྒྱུ་རྩོད་རྒྱུ་མེད་པ་ཞིག་ཡིན་པ་དང་། སྐབས་རེར་ཨ་ཕས་སྒྲུང་གཏམ་ཀློག་བཞིན་པའི་དུས་སུ་གཉིད་དུ་ཡུར་ནས་རྨི་ལམ་གྱི་ཞིང་ཁམས་སུ་འགྲིམས་སྟེ་དུས་ངེས་མེད་དུ་གདོང་ནས་འཛུམ་ཆུང་རེ་མངོན་པར་བྱེད། ལོ་ན་ཅུང་ཟད་སོན་རྗེས། ཁོ་རང་ཨ་མའི་པུས་མོ་སྟེང་ལ་ཙོག་ནས་ཨ་ཕས་སྒྲུང་གཏམ་ཀློག་པར་ཉན་པ་དང་། གལ་ཏེ་གཏམ་རྒྱུད་དེ་ཧ་ཅང་ཡིད་སྐྱོ་བར་བྱེད་པ་ཞིག་ཡིན་པའམ། སྟབས་ལེགས་ནས་ཁོས་ནང་དོན་ཧ་གོ་སོང་ཚེ། བྱིས་པ་འདིས་ངོ་གདོང་ཨ་མའི་རུམ་ནང་ལ་སྦས་ཏེ་ངུ་སྐད་འབྱིན་པར་བྱེད།  དེ་དུས། རྩོམ་པ་པོའི་ཆུང་མས་ཁོའི་མགོ་བོར་འོ་ཡང་ཡང་བྱས་ཚེ། ཁོས་ད་གཟོད་ངུ་མཚམས་འཇོག་སྲིད་པ་ཡིན། དུས་ཚོད་ཕལ་ཆེ་བར་རྩོམ་པ་པོས་སྒྲུང་གཏམ་བཀླགས་ནས་མཐའ་མཇུག་གི་ཚིག་དེར་སླེབས་ཚེ། ཁོ་ཐོག་མར་ཁ་རོག་གེར་ཡར་ལ་ལངས་ངེས་ཤིང་། ཤུགས་རིང་ཐེངས་ཤིག་འབྱིན་རྗེས་ཕྱི་རོལ་ལ་བུད་འགྲོ། བྱིས་པ་འདིའི་བྱ་བྱེད་མཐའ་དག་ཁོའི་ལོ་ཚོད་དང་མི་འཚམ་ནའང་། ནམ་རྒྱུན་རྩོམ་པ་པོ་དང་ཁོའི་ཆུང་མ་གཉིས་ཀས་དབང་མེད་གད་མོ་འཆོར་འགྲོ།

“ ཨ་ཕ་ལགས།  ཁྱེད་ཀྱིས་རི་བོང་སྐྱ་རིལ་མ་ཆུང་ཆུང་གི་གཏམ་རྒྱུད་ཅིག་འབྲི་ཨེ་ཤེས།  ཁོའི་གཟུགས་ཀྱི་རིང་ཚད་ངའི་གཟུགས་ཀྱི་རིང་ཚད་དང་མཉམ་ཞིང་། ཁོ་ལའང་ང་དང་འདྲ་བར་སྐྲ་ལོ་ནག་པོ་ཞིག་ཡོད་པར་མ་ཟད། ཁོས་ཀྱང་ང་དང་འདྲ་བར་སྐད་ཆ་བརྗོད་ཤེས་པ་རེད ”

         བྱིས་པ་ལོ་ན་བདུན་ལ་སོན་པའི་ལོ་དེར།  ཁོ་ལ་སླར་ཡང་སྐད་ཆ་འདི་བརྗོད་བྱུང་།  ཁོས་ཡི་གེ་གཏག་མཚམས་བཞག་ནས“ ཆོག་གི ”ཞེས་གདོང་ལ་འཛུམ་མདངས་ཤིག་མངོན་བཞིན་རང་གི་བུ་ཆུང་ལ“ ངས་དཔེ་ཆ་འདི་བརྩམས་ཚར་རྗེས། ཁྱོད་ལ་རི་བོང་སྐྱ་རིལ་མ་ཆུང་ཆུང་གི་གཏམ་རྒྱུད་ཅིག་འབྲི ”ཞེས་ཁས་བླངས།

        བལྟས་བལྟས་རིག་རིག་ལ་ལོ་ངོ་སུམ་ཅུ་འདས་ཟིན་ཡང་།  ཁོས་ད་དུང་རང་གི་བུ་ཆུང་ལ་རི་བོང་སྐྱ་རིལ་མ་ཆུང་ཆུང་གཏམ་རྒྱུད་དེ་བྲི་མ་མྱོང་། རྒྱུ་མཚན་ནི་ཁོས་ནམ་རྒྱུན་དཔེ་ཆ་དེ་རྩོམ་དགོས་ཤིང་། ཡང་གཅིག་བཤད་ན། ཁོས་ད་ལྟའང་ད་དུང་དཔེ་ཆ་དེ་བརྩམ་ཚར་མེད་པས་རེད།

       ལས་དོན་གང་ཡང་མ་འགྲུབ་པའི་མི་ཚེའི་མཐའ་མཇུག་གི་ལོ་ཁ་ཤས་ནང་། རྩོམ་པ་པོས་ནམ་རྒྱུན་བུ་ཆུང་གིས་ཁོ་ལ་སྐད་ཆ་དེ་ཡང་ཡང་བརྗོད་སྐབས་ཀྱི་སྣང་ཚུལ་དེ་ཡིད་ལ་གསལ་ལྷང་ངེར་དྲན་འོང་། དེ་ནི་དབྱར་གཞུང་གི་མཚན་མོ་ཞིག་སྟེ། བུ་ཆུང་མ་ཉལ་པའི་སྔོན་ལ་ཁོར་བདེ་མོ་འཇོག་ཏུ་འོང་བ་དང་། བལྟས་ཚོད་ལ་ཡིད་སེམས་སྐྱོ་བས་མནར་འདུག  རྒྱུ་མཚན་ནི་ཁོ་རང་སློབ་གྲྭའི་ནང་དུ་འགྲོ་འདོད་མེད་ཀྱང་། ཁོ་རང་སང་ཉིན་ནམ་ལངས་མ་ཐག་སྡེ་བའི་ནང་གི་བྱིས་པ་གཞན་དག་དང་འདྲ་བར་རི་ཞོལ་གྱི་སློབ་གྲྭའི་ནང་དུ་འགྲོ་དགོས་པའི་རྐྱེན་རེད། ཉིན་འགའི་སྔོན་ལ། རྩོམ་པ་པོ་དང་ཆུང་མ་གཉིས་ཀས་ཁོ་ལ་དོན་དག་འདི་གླེང་དུས། ཁོས་དེ་མ་ཐག་ཕ་མ་གཉིས་ཀའི་མདུན་ནས་མིག་ཆུ་བཞུར་སོང་། ཕ་མ་གཉིས་ཀས་ཁོ་ལ་གནས་ལུགས་བཤད་པ་དང་།  སྐུལ་མ་བཏང་བའི་མཐའ་མར་ཁོས“བྱིས་པ་ཚང་མ་སློབ་གྲྭར་འགྲོ་དགོས”ཅེས་པའི་སྐད་ཆ་དེ་དང་ལེན་བྱས། ཡིན་ནའང་།  ཁོའི་ཡིད་སེམས་དེ་འདྲ་སྐྱིད་པོ་ཞིག་མ་བྱུང་།  ཨ་ཕ་ཞིག་ཡིན་པའི་ཆ་ནས་རྩོམ་པ་པོས་བུ་ཆུང་གི་སེམས་དོན་རྟོགས་པ་ལྟར་བྱ་བའི་བྲེལ་ཟིང་གི་ཁྲོད་ནས་ལག་པ་བསྲིངས་ཏེ་བུ་ཆུང་གི་མགོ་བོར་བྱིལ་བྱིལ་ཞིག་བྱས།   ལོ་ལྔའི་སྔོན་དང་བསྡུར་ན་བུ་ཆུང་གི་གཟུགས་ཅུང་ཟད་སྐྱེས་འདུག་ཅིང་།  ཁོའི་མགོ་བོ་ཅོག་ཙེའི་ཡན་ཆད་ལ་བུད་འདུག དེ་ལྟ་ནའང་བྱིས་པ་ནི་བྱིས་པ་རང་རེད་དེ། སང་ཉིན་སློབ་གྲྭར་འགྲོ་དགོས་པ་ཐོས་ནས་ངུ་བཞིན་འདུག་པ་དང་། ད་དུང་རི་བོང་སྐྱ་རིལ་མ་ཆུང་ཆུང་གི་གཏམ་རྒྱུད་ཡིད་ལ་བཅངས་འདུག

          ལོ་ངོ་སུམ་ཅུའི་རྗེས་ནས། རྩོམ་པ་པོས་བསམ་བློ་དེ་འདྲ་མང་པོ་ཞིག་གཏོང་མ་དགོས་པར་བུ་ཆུང་གིས་ལོ་ལྔ་དང་བདུན་གྱི་དུས་སུ་ཁོ་ལ་སྐད་ཆ་དེ་བརྗོད་དགོས་པའི་རྒྱུ་མཚན་གསལ་བོར་རྟོགས་སོང་། བུ་ཆུང་ཟླ་དྲུག་ལ་སོན་པའི་དུས་སུ་ཡ་མཆུར་གཤག་ལས་སྨན་བཅོས་བྱས་པར་ལེགས་གྲུབ་བྱུང་ཟིན་ནའང་།   རྗེས་སུ་ཁོས་སྐད་ཆ་བརྗོད་པའི་ཐད་ནས་ད་དུང་དུས་ཡུན་རིང་པོ་ཞིག་ལ་སྦྱོང་བརྡར་བྱས་ཤིང་། ཉིན་རེར་རྩོམ་པ་པོའི་ཆུང་མས་བུ་ཆུང་ལ་སྐད་ཆ་སྦྱོང་བརྡར་བྱེད་པར་ནུས་ཤུགས་ཡོད་རྒུ་རྩལ་དུ་བཏོན་པ་རེད། བྱིས་པ་ལོ་ལྔར་སོན་པའི་དུས་སུ། ཚིག་གཅིག་ཐེངས་ཁ་ཤས་ལ་སྦྱོང་བརྡར་བྱས་ཚེ། བྱིས་པས་ད་གཟོད་ཁོ་གཉིས་དང་འདྲ་བར་སྒྲ་གདངས་ཡང་དག་ཅིག་དང་གསལ་བོ་ཞིག་བརྗོད་ཐུབ་པ་བྱུང་།                   

         ཁོས“ ཨ་ཕ། ཁྱེད་ཀྱིས་རི་བོང་སྐྱ་རིལ་མ་ཆུང་ཆུང་གཏམ་རྒྱུད་ཅིག་འབྲི་ཨེ་ཤེས ”ཞེས་པའི་ཚིག་དེ་ཡང་ཐེངས་མང་པོར་ཡང་དང་ཡང་དུ་སྦྱོང་བརྡར་བྱས་ནས་བརྗོད་ཐུབ་པ་བྱུང་རྗེས།  ཁོ་ད་གཟོད་སྤོབས་པ་ཆེན་པོས་ཁོའི་དཔེ་ཁང་ནང་དུ་ཡོང་ནས་ཁོ་ལ་བརྗོད་པ་རེད། ལོ་བདུན་གྱི་སྐབས་སུ། བུ་ཆུང་རི་ཞོལ་གྱི་སློབ་གྲྭའི་ནང་དུ་འགྲོ་དགོས་པ་དང་།  སློབ་གྲྭའི་ནང་དུ་འགྲོ་མགོ་བརྩམས་པ་དེ་ནི་ཁོ་ཚོར་མཚོན་ན་གྱེས་བྲལ་རིང་མོ་ཞིག་གི་མགོ་བརྩམས་པ་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་སྙམ།   བུ་ཆུང་གིས་སྐད་ཆ་དེ་ཁོ་ཚོ་ཁ་གྱེས་ཁར་བཞག་པའི་འབུལ་ཚིག་ལྟ་བུ་ཞིག་ཏུ་བརྩི་ཡོད་ཀྱང་། སྐབས་དེ་དུས་ཁོས་དོ་སྣང་ཆེན་པོ་ཞིག་མ་བྱས་པ་ཙམ་རེད། ལོ་ངོ་སུམ་ཅུའི་རྗེས་ནས། ཁོས་གསར་རྩོམ་བྱེད་པའི་ལས་ཀ་དེ་མཚམས་བཞག་ནས་རྐུབ་སྟེགས་འཁོར་ལོ་མའི་སྟེང་དུ་ཙོག་སྟེ་དུས་འདའ་བའི་སྐབས་སུ། ཁོ་ལ་དུས་ཚོད་མང་པོ་མི་འདུག་ཀྱང་། དོན་དག་དེ་ཕྱིར་དྲན་རེ་བྱས་ན་བྱེད་རིན་ལྡན་པ་ཞིག་ཏུ་འདུག རྐུབ་སྟེགས་འཁོར་ལོ་མའི་སྟེང་དུ་འབུད་པ་ནི་མཚོ་ཁར་འབུད་པ་ལྟ་བུ་ཞིག་སྟེ། རྩོམ་པ་པོ་རྐུབ་སྟེགས་འཁོར་ལོ་མའི་སྟེང་དུ་ཙོག་ནས་འདས་དོན་ལ་ཕྱིར་དྲན་བྱེད་བཞིན་པ་དེ་ནི་མཚོ་ཁ་ནས་ཆུའི་ནང་ན་ཆུ་རྐྱལ་བྱེད་བཞིན་པའི་མི་ལ་བལྟ་བཞིན་པ་དང་མཚུངས། ཁོས་རང་ཉིད་ཀྱིས་སྔོན་ཆད་ལས་ཀྱང་འདས་དོན་མང་པོ་ཞིག་གསལ་བོར་དྲན་བྱུང་སྟེ། བྱིས་པ་འདི་ཐོག་མར་སློབ་ཆུང་ལ་འགྲིམས་པ་དང་། དེའི་རྗེས་ནས་སློབ་འབྲིང་ལ་འགྲིམས།   སློབ་འབྲིང་ལ་འགྲིམ་པའི་དུས་སུ་བྱིས་པ་འདི་གྲོང་ཁྱེར་གྱི་སློབ་གྲྭའི་ནང་དུ་ཞག་སྡོད་བྱས། གཟའ་འཁོར་རེའི་གཟའ་པ་སངས་ཀྱི་ཕྱི་དྲོར། ཁོ་རང་སྤྱི་སྤྱོད་རླངས་འཁོར་འབྲིང་བ་ཞིག་གི་ནང་དུ་ཙོག་ནས་རི་ཞོལ་གྱི་གཞུང་ལམ་འགྲམ་དུ་ཐོན་པ་དང་། དེ་ནས་རྐང་ཐང་དུ་རི་ངོས་སུ་འགོས་ནས་ཡུལ་ལ་ལོག་པ་རེད། གཟའ་ཉི་མའི་ཕྱི་དྲོར། ཁོ་རང་སླར་ཡང་རྐང་ཐང་དུ་རི་ཞོལ་ལ་སོང་སྟེ་ལམ་འགྲམ་ནས་སློབ་གྲྭར་བསྐྱོད་པའི་སྤྱི་སྤྱོད་རླངས་འཁོར་འབྲིང་བར་སྒུག་པ་རེད། དབྱར་གནང་དགུན་གནང་གི་སྐབས་སུ་ཁོ་རང་དགེ་རྒན་དང་ཕ་མའི་བཀོད་སྒྲིག་ལྟར། སྤྲོ་གསེང་སྣ་ཚོགས་སུ་ཞུགས་པ་དང་ཁོ་རང་ཁོ་ཚོ་དང་མཉམ་དུ་འདུག་པའི་དུས་ཚོད་མང་པོ་ཡོད་པ་མ་རེད། ཁོ་རང་ཁྱིམ་ན་ཡོད་དུས། ཁོ་ལའང་རྫོགས་རྒྱུ་མེད་པའི་ལས་བྱ་ཡོད་པ་དང་།   བཟའ་མི་གང་བོའི་མཚན་མོའང་ནམ་རྒྱུན་འདི་ལྟ་བུ་ཡིན་ཏེ། ཁོས་དཔེ་ཁང་གི་ནང་ནས་ཁོའི་ཚར་རྒྱུ་མེད་པའི་དཔེ་ཆ་དེ་རྩོམ་པ་དང་། ཆུང་མས་ཉེ་འགྲམ་གྱི་ཁང་བའི་ནང་ནས་འཚེམ་ལས་ལ་བྲེལ་བ། བུ་ཆུང་གིས་རང་ཉིད་ཀྱི་ཁང་བའི་ནང་ནས་ལས་བྱ་འབྲི་བ་བཅས་སོ། རྩོམ་པ་པོས་ཕྱིར་དྲན་བྱེད་བཞིན་རྗེས་སུ་ཁོས་བརྩམས་མ་ཐག་པའི་སྒྲུང་གཏམ་བུ་ཆུང་དང་ཆུང་མར་བཀླག་ཡོད་མེད་དེ་གཏིང་བརྗེད་དུ་གྱུར། དེའི་རྗེས་ནས་བུ་ཆུང་བཟང་རྒྱུ་ངན་རྒྱུ་མེད་པའི་སློབ་ཆེན་ཞིག་ནས་མཐར་ཕྱིན་རྗེས་གྲོང་ཁྱེར་ནས་བསྡད་དེ་བྱ་བ་བསྒྲུབས། ལོ་ངོ་བཅུའི་རིང་ལ། ཁོས་ལས་རིགས་མང་པོ་ཞིག་བརྗེས་མྱོང་བ་དང་། འཚོ་བའི་ཐད་ནས་དེ་འདྲའི་ཡིད་ཚིམས་པོ་ཞིག་མ་བྱུང་། ད་ལྟ་ལོ་བཞི་བཅུར་ཉེ་བའི་ཁོས་བཟོ་གྲྭ་ཞིག་གི་མཛོད་ཁང་གི་དོ་དམ་པའི་འགན་ཁུར་ཡོད་པ་རེད། ཉིན་རེར་དུས་ལྟར་ལས་ཚོགས་ལ་ཞུགས་པའམ་དུས་ལྟར་ལས་ཚོགས་ལས་གྲོལ་དགོས་ཤིང་། གཟའ་འཁོར་གཅིག་གི་ནང་ཉིན་གཉིས་ལ་ངལ་གསོ་བ་དང་། ཟླ་མཇུག་ལ་ཐོན་ན་ད་གཟོད་གླ་ཕོགས་སྟེར་བ་རེད། ཁྱིམ་ཚང་གཞན་གྱི་བྱིས་པ་དག་དང་འདྲ་བར་འཚོ་བའི་ཕྱོགས་ནས་གང་འདྲ་ཞིག་ཡིན་ཀྱང་། ལོ་རེའི་ལོ་མཇུག་ཏུ་སླེབས་ན། ཁོ་རང་ཡུལ་ལ་ལོག་སྟེ་ཕ་མ་གཉིས་དང་མཉམ་དུ་ལོ་སར་ལ་རོལ་སྲིད། ཡིན་ནའང་། ལོ་རེར་ཁོ་གཉིས་ཀྱི་གམ་དུ་ལོག་པའི་མི་དེ་དང་། ཁོའི་ཅོག་ཙེའི་འགྲམ་དུ་ལངས་ནས་ཁོ་ལ་རི་བོང་སྐྱ་རིལ་མ་ཆུང་ཆུང་གི་གཏམ་རྒྱུད་བྲི་བར་སྐུལ་བའི་བྱིས་པ་དེ་ཁོ་ཚོ་དང་འབྲེལ་བ་གཏན་ནས་མེད་པ་འདྲ། དེ་ནི་ཁོའི་བྱིས་པ་གཅིག་པུ་རེད་ཨང་། རྩོམ་པ་པོས་བྱིས་པ་འདི་ལ་ཅི་ཞིག་ཆད་ཡོད་སྙམ་དུས། ཡིད་སེམས་དབང་མེད་དུ་ནོངས་འགྱོད་དང་སྐྱོ་སྣང་གིས་གཟིར་སོང་།

      རྩོམ་པ་པོས་རི་བོང་སྐྱ་རིལ་མ་ཆུང་ཆུང་གི་གཏམ་རྒྱུད་ཅིག་ཅིས་ཀྱང་བྲི་དགོས་སྙམ་ནས་སེམས་ཐག་བཅད། ལོ་སར་རག་བར་ལ་ད་དུང་ཟླ་བ་གཅིག་ཙམ་ཡོད་པའི་དུས་སུ།  རྩོམ་པ་པོས་བུ་ཆུང་ཡུལ་དུ་མ་ཐོན་པའི་སྔོན་ལ་གཏམ་རྒྱུད་དེ་བྲི་ནས་ཚར་དུ་འཇུག་རྒྱུའི་སེམས་ཐག་བཅད།

          ཉིན་རེ་རེར།  རྩོམ་པ་པོས་ཧོན་ལོག་འདུག་ཀྱང་རྐང་ལག་བཞི་བོ་ཧ་ཅང་བདེ་བའི་ཆུང་མར་རང་ཉིད་ཅོག་ཙེའི་མདུན་ལ་འཁྱེར་དུ་འཇུག་བཞིན་ཡོད། ཁོ་གཉིས་ནི་དངོས་གནས་གནམ་རྒན་མས་ཆེད་དུ་བཀོད་སྒྲིག་གནང་བའི་བཟའ་ཟླ་གཉིས་རེད་ཨང་།  ཁོའི་ལག་པ་ཡ་གཅིག་དེ་འདྲའི་བདེ་བོ་ཞིག་མིན་ནའང་།  ལག་པ་ཡ་གཅིག་གིས་ཡི་གེ་གཏག་བཞིན་འདུག  སྐབས་རེར་ཡི་གེ་ཐིག་ཕྲེང་ཁ་ཤས་གཏག་ཐུབ་ཅིང་། སྐབས་རེར་ཡིག་འབྲུ་གཅིག་ཀྱང་གཏག་ཐབས་མི་འདུག་པས། ཁོས་སྙིང་རླུང་སྟོད་ལ་འཚང་བཞིན་ཡི་གེ་གཏག་ཐབས་མེད་པའི་ཁག་དེ་དགུན་ཁའི་སྟེང་ལ་དཀྲིས་བཞིན་འདུག  བདེན་ཏེ།   སྒེའུ་ཁུང་གི་ཕྱི་རོལ་ནི་ཁ་བ་དཀར་པོས་གཡོགས་འདུག་ཅིང་། ཕྱོགས་བཞིའི་ཁོར་ཡུག་ནི་དབེན་ཐིང་ཐིང་དུ་འདུག་པར་མ་ཟད།   ནགས་ཚལ་ཧྲིལ་བོ་སྐྱ་ཐིང་ཐིང་དུ་སྣང་བས་སྐྱེས་སྟོབས་ཀྱི་དཔལ་ནི་ཡོངས་སུ་བྲལ། ཁོའི་སྣང་ངོར་དགུན་ཁ་ནི་རོ་སྒམ་བཟོ་བྱེད་ཀྱི་འཛེར་མ་ཞིག་དང་འདྲ་བར་འཁྱག་ཅིང་མཁྲེགས་ལ། དགུན་གྱི་དུས་སུ་སྲོག་ཆགས་སུ་ཞིག་ཕྱི་རོལ་ལ་འབུད་ཕོད་དམ་སྙམ།

    ཁོས་དྲ་ཐོག་ནས་ཉོས་འོངས་པའི་བྱིས་པའི་ཀློག་དེབ་མང་པོ་ཞིག་ཀློག་བཞིན། རི་བོང་སྐྱ་རིལ་མ་ཆུང་ཆུང་དང་འཚམ་པའི་གཏམ་རྒྱུད་ཅིག་རྙེད་ཐུབ་སྙམ་པ་དང་། གཏམ་རྒྱུད་མང་པོ་མང་པོ་ཞིག་བཀླགས་ཀྱང་། ལ་ལ་ནི་ཝ་ཕྲུག་གི་གཏམ་རྒྱུད་དང་། ལ་ལ་ནི་སྤྱང་སྐྱ་ལྡང་གི་གཏམ་རྒྱུད། ལ་ལ་ནི་གྲོག་མ་ཆུང་ཆུང་གི་གཏམ་རྒྱུད་དེ།   མདོར་ན།   གཏམ་རྒྱུད་སྣ་ཚོགས་ལ་བརྗོད་བྱའང་སྣ་ཚོགས་ཤིག་འདུག  ཡིན་ནའང་རྩོམ་པ་པོས་བརྗོད་བྱ་མི་འདྲ་བའི་གཏམ་རྒྱུད་འདི་དག་ལས་ཐུན་མོང་གི་ཁྱད་ཆོས་ཤིག་རྙེད་པ་ནི། གཏམ་རྒྱུད་རེ་རེའི་ནང་དུ་ལྷད་མེད་དྭངས་གཙང་གི་སེམས་པ་ཞིག་བསྐྱབས་པ་དེ་རེད།   དང་ཐོག  རྩོམ་པ་པོས་སྤྲོ་སྣང་ལྡན་པའི་གཏམ་རྒྱུད་རེ་ཀློག་དུས། ཁོས་ནི་རང་དབང་མེད་པར་གཏམ་རྒྱུད་དེ་བཀོལ་དགོས་སྙམ། ང་ཚོས་ཤེས་དགོས་པ་ཞིག་ནི། ཁོ་ནི་རྩོམ་པ་པོ་ཞིག་ཡིན་ཞིང་། འདི་ལྟ་བུའི་དོན་དག་ལ་ཁོ་རང་ཆ་རྒྱུས་མེད་པ་མ་ཡིན། གཏམ་དཔེ་ཞིག་གི་ནང་དུ་གལ་ཏེ་ཤོག་བུ་ངོ་ཚ་ཤེས་ན། འཇིག་རྟེན་སྟེང་གི་དཔེ་ཆ་ཕལ་ཆེར་དམར་པོ་ཡིན་སྲིད་ཟེར་བ་ལྟར་ཡིན། ཡིན་ནའང་ད་ཐེངས་རྩོམ་པ་པོས་འདི་ལྟར་བསྒྲུབ་ཐབས་མི་འདུག་སྟེ། རྒྱུ་མཚན་ནི་ཁོས་རི་བོང་སྐྱ་རིལ་མ་ཆུང་ཆུང་ལ་རི་བོང་སྐྱ་རིལ་མ་ཆུང་ཆུང་གི་གཏམ་རྒྱུད་ཡོད་པ་རྟོགས་སོང་པས་རེད། ཤིན་ཏུ་ཡ་མཚན་དགོས་པ་ཞིག་ནི།  གནས་ལུགས་འདི་རྟོགས་རྗེས་རྩོམ་པ་པོ་མྱུར་དུ་གློག་ཀླད་ཀྱི་མདུན་དུ་བསྡད་ནས་མཛུབ་མོས་མཐེབ་གཞོང་གི་ཐོག་ལ་རེག་མ་ཐག   རི་བོང་སྐྱ་རིལ་མ་ཆུང་ཆུང་གི་གཏམ་རྒྱུད་ཅིག་ཁོའི་མཛུབ་རྩེ་ནས་བཞུར་འོང་བ་ཇི་བཞིན་ལེགས་གྲུབ་བྱུང་སོང་།  འདི་ནི་སྔར་བྱུང་མ་མྱོང་བའི་དོན་དག་ཅིག་ཡིན་ཞིང་། གཏམ་རྒྱུད་དེ་བྲིས་ཚར་རྗེས་རྩོམ་པ་པོས་ཡིད་འགུལ་ཐེབས་ནས་མིག་ཆུ་བཞུར་སོང་བ་དང་། མ་གཞི་གསར་རྩོམ་གནང་བ་ནི་ཇི་འདྲའི་བདེ་སྐྱིད་ལྡན་པའི་ལས་ཀ་ཞིག་རེད་ཨང་སྙམ།  རྩོམ་པ་པོས་རང་ཉིད་ཀྱི་ཕྱིར་དུ་འགྱོད་སེམས་སྐྱེས་པ་དང་། རང་ཉིད་ཀྱིས་ཚེ་མཇུག་གི་དུས་སུ་ད་གཟོད་གནས་ལུགས་འདི་རྙེད་པར་འགྱོད་སེམས་དྲག་པོ་སྐྱེས།

     རྩོམ་པ་པོས་བརྩམས་པའི་གཏམ་རྒྱུད་ཁྲོད་ཀྱི་རི་བོང་སྐྱ་རིལ་མ་ཆུང་ཆུང་དེ་ནི་ཁྲོམ་སྲང་གི་འདུ་འཛི་ལ་དགའ་མཁན་ཞིག་ཡིན་པ་དང་། དེས་ནམ་རྒྱུན་ཉིན་དཀར་ཁ་རོག་གེར་རི་ཞོལ་ལ་འགྲོ་ཞིང་། ལུས་ལ་གོས་ལྭ་གཙང་མ་ཞིག་གྱོན། ལག་ལ་ཤོག་བུའི་རླུང་གཡབ་ཞིག་བཟུང་སྟེ། དཔེ་ཆ་བ་ཞིག་ཏུ་བརྫུས་ནས་འདུ་འཛི་ཆེ་བའི་ཁྲོམ་སྲང་ལ་འཆམ་འཆམ་དུ་འགྲོ་བར་བྱེད། རི་བོང་སྐྱ་རིལ་མ་ཆུང་ཆུང་ཉིན་དཀར་འགྲོ་བཞིན་པའི་གནས་ཚུལ་དེ་མ་འགྱང་བར་རི་བོང་ནག་རིལ་མ་རྒན་པས་ཤེས་སོང་། རི་བོང་ནག་རིལ་མ་རྒན་པས་ཧ་ཅང་གཟབ་ནན་སྒོས་རི་བོང་སྐྱ་རིལ་མ་ཆུང་ཆུང་ལ“ མི་ཞིག་བཅའ་རྒྱུ་ནི་ཧ་ཅང་ཉེན་ཁ་ཆེ་བའི་དོན་དག་ཅིག་ཡིན་ཏེ། མི་དཀྱུས་མ་ཞིག་མི་རབས་ནས་མི་རབས་བར་མི་བཅོས་ཀྱང་རུང་། ཚེ་གང་བོར་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པ་མ་རེད། ཁྱོད་རི་བོང་ཞིག་ལ་མཚོན་ན། མགོ་རྔ་མེད་པར་གློ་བུར་དུ་མི་ཞིག་བཅའ་རྒྱུ་ཟེར་ནས་སྡུག་འདག་དགོས་དོན་ག་ལ་ཡོད། རི་བོང་ཞིག་གི་ལུས་ཐོབ་པ་ཡིན་ན། བློ་གཅིག་སེམས་གཅིག་གིས་རི་བོང་ཞིག་བྱས་ན་བཟང་སྙམ། ལོག་ལམ་དུ་འགྲོ་མི་རུང་ངོ ”ཞེས་རི་བོང་ནག་རིལ་མ་རྒན་པས་མི་ཡི་གདུག་རྩུབ་ངོ་མ་བསམ་ཤེས་མེད་པའི་རང་གི་བྱིས་པ་ཚོར་བརྗོད་དགོས་པའི་དུས་ལ་སླེབས་འདུག་སྙམ་སྟེ་རི་བོང་སྐྱ་རིལ་མ་ཆུང་ཆུང་གི་གཅེན་གཅུང་མིང་སྲིང་ཚོ་མཉམ་གཅིག་ཏུ་བསྡུས་ནས་འཇིགས་ཡེར་བའི་གཏམ་རྒྱུད་ཅིག་ཁོ་ཚོར་བརྗོད་པ་རེད། གཏམ་རྒྱུད་འདི་ནི་རྟོག་བཟོ་བྱས་པ་ཞིག་གཏན་ནས་མ་ཡིན་ཏེ། དེ་ནི་རི་བོང་ནག་རིལ་མ་རྒན་པའི་མེས་པོ་ཡི་མེས་པོ་ཡིས་དངོས་སུ་མཐོང་མྱོང་པ་རེད། རི་བོང་ནག་རིལ་མ་རྒན་པའི་མེས་པོ་ཡི་མེས་པོ་ཡིས་མི་སྐོར་ཞིག་གིས་མི་ཞིག་ཀ་བ་ཞིག་གི་ཐོག་ལ་བཀྱིགས་རྗེས། གྲི་བཞོགས་ཐེངས་སུམ་སྟོང་དྲུག་བརྒྱ་ཡིས་མི་དེ་བསད་པ་དང་། གཡས་གཡོན་ན་ཡོད་པའི་མི་མང་པོ་ཞིག་གིས་ལག་ལ་ལག་གཟེབ་བཟུང་སྟེ་དགའ་སྤྲོ་བག་ཕེབས་ངང་ཁ་བརྡ་གློད་བཞིན་ཉམ་ཐག་པའི་མི་དེའི་ཤ་ཉོ་བར་གྲལ་བསྒྲིགས་ཡོད་པ་དངོས་སུ་མཐོང་མྱོང་བ་རེད། རི་བོང་ནག་རིལ་མ་རྒན་པའི་མེས་པོ་ཡི་མེས་པོ་མེས་པོ་ཡི་བཤད་ཚུལ་ལྟར་ན། ལུས་སྟེང་གི་ཤ་གྲི་ཡིས་ཐེངས་སུམ་སྟོང་དྲུག་བརྒྱར་བཞོགས་པའི་མི་དེ་ནི། མི་ཡུལ་ལ་ཞེན་ཅིང་ཆགས་ནས་མི་བཅའ་འདོད་ཡོད་པའི་རི་བོང་ཞིག་ཡིན་འདུག   རི་བོང་སྐྱ་རིལ་མ་ཆུང་ཆུང་གི་གཅེན་གཅུང་མིང་སྲིང་ཚོས་གཏམ་རྒྱུད་འདི་ཐོས་རྗེས་སྐྲག་ནས་དྲན་མེད་དུ་ས་ལ་བརྒྱལ་སོང་། དེ་ལྟ་ནའང་།  རི་བོང་སྐྱ་རིལ་མ་ཆུང་ཆུང་གིས་དེ་འདྲའི་ཡིད་ཆེས་མ་བྱུང་སྟེ། རྒྱུ་མཚན་ནི་ཁོ་རང་ཐེངས་མང་པོར་ཁ་རོག་གེར་མིའི་རིགས་ཀྱི་ཁྲོམ་སྲང་དུ་སོང་མྱོང་བ་དང་། འཕྲད་མྱོང་བའི་མི་དག་ནི་གཤིས་རྒྱུད་ཧ་ཅང་འཇམ་པར་མ་ཟད། མི་དེ་དག་འཛུམ་པའི་ཚེ་ན་ཧ་ཅང་ཧ་ཅང་མཛེས་ཤིང་སྡུག་པས། ཁོ་རང་མི་ལ་ཧ་ཅང་དགའ་བོ་ཡོད་ཅིང་ཉེན་ཁ་ཟེར་བ་ཞིག་ཡོད་པའང་གཏན་ནས་ཚོར་མ་བྱུང་། ཡང་གཅིག་བཤད་ན།  རི་བོང་ནག་རིལ་མ་རྒན་པ་ནི་ནམ་རྒྱུན་ལས་ཀ་ཅི་ཡང་མེད་པའི་དུས་སུ་འུད་བརྗོད་པར་དགའ་ཞིང་། སྐད་ཆ་གང་ཞིག་བརྗོད་དུས་སྒྲོ་འདོགས་བྱེད་པར་དགའ་མཁན་ཞིག་ཡིན་པས། ཁོས་རི་བོང་ནག་རིལ་མ་རྒན་པས་ཁོ་ཚོར་སྐྲག་སློང་བཞིན་ཡོད་པ་ཁ་ཚོན་བཅད་པ་དང་། ཁོའི་སྐད་ཆ་དག་རྣ་རྒྱབ་ཀྱི་ལྷགས་པར་བཏང་ནས་སྔར་ལྟར་ཁ་རོག་གེར་ཁྲོམ་སྲང་དུ་མྱུལ།  མི་རུ་བརྫུས་བའི་རི་བོང་སྐྱ་རིལ་མ་ཆུང་ཆུང་གྲུང་ཤ་དོད་པོའི་དབང་གིས་ཁྲོམ་སྲང་ན་ཡོད་པའི་མི་ཀུན་གྱིས་ཁོ་ནི་ཁྱིམ་ཚང་ཕྱུག་པོ་ཞིག་གི་བུ་ཕྲུག་ཅིག་ཡིན་པར་རློམ་པ་དང་། མི་དག་ནི་ཧ་ཅང་ཧ་ཅང་གིས་རྒྱུ་ཧམ་ཆེ་བ་གསལ་ཐག་ཆོད་པས།  རིམ་བཞིན་མི་མང་པོས་ཁོ་རང་རྩད་གཅོད་བྱས་ནས་རང་ཉིད་ཀྱི་བུ་མོ་ཁོའི་ཆུང་མ་བྱེད་པར་རེ་བ་བྱས།   རི་བོ་སྐྱ་རིལ་མ་ཆུང་ཆུང་གི་སེམས་པ་དགའ་ལྷང་ལྷང་དུ་གྱུར་པ་དང་།  ཁོ་རང་མིའི་རིགས་ཀྱི་ཁྲོམ་སྲང་དུ་མྱུལ་དུས་རང་ལ་སྔར་ལས་ཡིད་ཆེས་ཡོད་པར་གྱུར།  ཉིན་ཞིག  ལུས་ལ་དར་གོས་མནབས་པའི་རི་བོང་སྐྱ་རིལ་མ་ཆུང་ཆུང་ཁྲོམ་སྲང་ན་མྱུལ་བཞིན་པའི་སྒང་ལ། གློ་བུར་དུ་གོན་པ་སྐམ་བྱེད་ཀྱི་སྨྱུག་དབྱུག་ཅིག་ཐོག་ཁང་ཞིག་ནས་ལྷུང་འོང་སྟེ་ཡོ་གཟུར་མེད་པར་ཁོའི་མགོ་ཐོག་ལ་ཕོག་སོང་། ཁོས་མགོ་བོ་དགྱེ་ནས་བལྟས་པ་ན། ཁང་པ་ཉིས་ཐོག་ཅིག་གི་སྒེའུ་ཁུང་ཞིག་གི་འགྲམ་ན་ལྟ་བས་ཆོག་མི་ཤེས་པའི་ན་ཆུང་མ་ཞིག་གིས་ཅུང་ཟད་སྐྱེངས་པའི་ཉམས་ཀྱིས་ཁོ་ལ་ཅེར་འདུག   ཡུད་ཙམ་གྱི་རིང་ལ་ཁོ་རང་ཁ་གདངས་ཤིང་མིག་བགྲད་དེ་ཧད་པར་གྱུར་བ་དང་། དེ་མ་ཐག་སེམས་གཏིང་ནས་ན་ཆུང་མ་དེར་ཞེ་ཆགས་པར་གྱུར། (མཐོང་མ་ཐག་ཏུ་ཞེ་ཆགས་པར་འགྱུར་བའི་དཔེ་ནི་རི་བོང་གི་འཇིག་རྟེན་ནས་འབྱུང་མི་སྲིད་པ་ཞིག་ཡིན། རི་བོང་ཚོས་མ་མཐའ་ཡང་མཉམ་གཅིག་ཏུ་ལ་སེར་བཅུ་གཉིས་ཀྱི་ཡན་ཆད་བཟས་པ་ཡིན་ན། ད་གཟོད་ཕན་ཚུན་ལ་ཞེ་ཆགས་པར་འགྱུར་སྲིད་ཀྱང་། རྣམ་གཡེང་ལ་གོམས་པའི་མིའི་རིགས་ཁོ་ནས་ད་གཟོད་མཐོང་བ་ཙམ་གྱིས་ཞེ་ཆགས་སྲིད་པའི་རྫུན་གཏམ་འདི་ལ་ཡིད་ཆེས་བྱེད་སྲིད་དོ)བརྩེ་དུང་གིས་མྱོས་ཟིན་པའི་རི་བོང་སྐྱ་རིལ་མ་ཆུང་ཆུང་གིས་ཁོ་རང་ཉིན་མོ་ཁོ་ནར་མི་རུ་བརྫུ་འདོད་པའི་བློ་དེ་ཡོངས་སུ་འགྱུར་ཏེ། མཚན་མོར་ཡང་མི་རུ་བརྫུ་འདོད་ནས་རི་བོང་གི་འཇིག་རྟེན་ན་ཡོད་པའི་ལྷ་པ་སྟེ། རི་བོང་ནག་རིལ་མ་རྒན་པ་དེར་སྐྱབས་བཅོལ་བྱས། དེས་ཤེལ་དམ་ཞིག་ལས་ཆེ་ཆུང་ལ་མི་ཡི་ཁུ་ཚུར་ཙམ་ཡོད་པའི་སྨན་ཞིག་ཁོ་ལ་སྦྱིན། སྨན་དེ་ནི་ནག་ཀྲིག་ཀྲིག་ཏུ་འདུག་ཅིང་། སུ་ཞིག་གིས་སྨན་དེ་ལ་མིག་གིས་བལྟས་པ་ཙམ་གྱིས་བལྟ་པ་པོ་དེ་ལ་གཡང་གཟར་དུ་ལྷུང་སོང་བ་ལྟ་བུའི་ཚོར་བ་ཞིག་སྦྱིན་པར་བྱེད།  སྨན་དེ་རི་བོང་སྐྱ་རིལ་མ་ཆུང་ཆུང་གི་ལག་ཏུ་མ་བཞག་པའི་སྔོན་ལ།   རི་བོང་ནག་རིལ་མ་རྒན་པས་སྔ་སྲོལ་ལྟར་རི་བོང་སྐྱ་རིལ་མ་ཆུང་ཆུང་ལ་སྐད་ཆ་མང་པོ་སྨྲས།

               ཁོ་ན་རེ།     ངས་ཁྱོད་ལྟ་བུའི་རི་བོང་མང་པོ་མཐོང་མྱོང་།  ངས་སྐད་ཆ་འདི་དག་ཐེངས་ཅི་ཙམ་ལ་བརྗོད་པ་གསལ་བོ་མི་དྲན་ཞིང་། ངོ་མ་སུན་སྣང་སྐྱེས་པ་ཞིག་རེད། ཡིད་སྐྱོ་བ་ཞིག་ལ་ལོ་ཁ་ཤས་འགོར་རྗེས། ངས་སྐད་ཆ་འདི་དག་ཡང་བསྐྱར་བརྗོད་དགོས་འདུག  ད་ལྟ་ངས་ཁྱོད་ལའང་ཡང་བསྐྱར་ཐེངས་ཤིག་བརྗོད། འདི་ནི་སྒྲིག་ལམ་ཡིན།

         ངས་ཐོག་མར་ཁྱོད་ལ་བརྗོད་དགོས་པ་ནི། མི་ཡི་ཁ་བཤད་དང་ལག་ལེན་གཉིས་ནི་ཐ་དད་པ་ཞིག་ཡིན། དཔེར་ན་ཁོ་ཚོས་ཁ་ནས་མི་ཐམས་ཅད་འདྲ་མཉམ་ཡིན་ཞེས་བརྗོད་སྲིད་ཀྱང་། དོན་དམ་དུ་དེ་འདྲ་ཞིག་རྩ་བ་ནས་ཡིན་མི་སྲིད། གལ་ཏེ་མིའི་རིགས་ཀྱི་རྒྱལ་པོ་ཞིག་ལ་ནད་ལྕི་མོ་ཞིག་འཕོག་ནས་མཁལ་མ་བརྗེ་དགོས་པ་བྱུང་ཚེ། ཁོར་རྒྱལ་ཡོངས་མི་དམངས་ཀྱི་ལུས་ལ་བརྟག་དཔྱད་བྱེད་པའི་ཐབས་བཀོད་ཡོད་པ་རེད། འདི་ཁྱོད་ཀྱིས་རྗེས་ནས་ཤེས་ངེས་ཡིན། མི་ཡི་སྐད་ཆ་ཧ་གོ་དཀའ་བ་དང་། མི་ཡི་སྐད་ཆ་བརྗོད་རྒྱུ་ནི་དེ་ལས་ཀྱང་ཁག་པོ་ཞིག་ཡིན་པ་རེད། མི་ཡི་སྐད་ཆ་ཧ་གོ་རྒྱུ་ནི་གཙོ་བོ་ཞིག་མ་ཡིན་ཞིང་། མི་ཡི་སྐད་ཆ་གསལ་བོ་ཞིག་བརྗོད་རྒྱུ་དེ་ནི་སྡུག་ཐུག་ཅིག་ཡིན། འཇིག་རྟེན་བྱེད་པོས་འཇིག་རྟེན་གསར་བཟོ་གནང་དུས་སྲོག་ཆགས་རེ་རེ་ལ་རང་ཉིད་ཀྱི་སྐད་ཆ་འདེམ་དུ་བཅུག་པ་རེད།  མི་ཁོ་ནས་མ་གཏོགས་མི་ཡི་སྐད་ཆ་འདེམས་མཁན་མེད་སོང་པ་དང་། རྒྱ་སྟག་ལྟ་བུའི་རི་དྭགས་བཙན་པོས་ཀྱང་མི་ཡི་སྐད་ཆ་བདམ་མ་ཕོད་པ་རེད། འོན་ཀྱང་ཁྱོད་ཀྱིས་སྨན་འདི་འཐུང་རྗེས། མི་ཡི་སྐད་ཆ་བརྗོད་མགོ་བརྩམས་པ་ཡིན། འདི་ནི་གནམ་འོག་ནས་ཆེས་དཀའ་ཁག་ཆེ་བའི་བྱ་བ་ཞིག་ཡིན། གལ་ཏེ་གསལ་བོ་ཞིག་བརྗོད་མ་ཐུབ་ཚེ། རང་ཉིད་ཀྱི་ཚེ་སྲོག་ལ་ཉེན་ཁ་ཡོད་སྲིད་པ་ཁྱོད་ཀྱིས་ཡིད་ལ་བཟུང་དགོས།

            ངས་ད་དུང་ཁྱོད་ལ་བརྗོད་དགོས་པ་ཞིག་ནི།  ཁྱོད་ནམ་རྒྱུན་ཁ་རོག་གེར་འགྲོ་སའི་ཁྲོམ་སྲང་དེ་ལ་མི་རྣམས་ཀྱི་བཤད་སྲོལ་ལྟར་ན་སྤྱི་ཚོགས་ཞེས་འབོད་པ་རེད།

             ཁྱོད་ཀྱིས་མཐོང་བའི་ཁྲོམ་སྲང་དེ་ནི་སྒྲིག་ལམ་ཡོད་པ་དང་། མི་རྣམས་ཀྱི་གདོང་ལ་འཛུམ་མདངས་མངོན་པ། སྒོར་མོ་ལག་གིས་བྱིན་ན་དངོས་པོ་ལག་གིས་སྟེར་བ། ཉོ་འཚོང་བྱེད་བཞིན་པའང་དངོས་པོ་དཀྱུས་མ་རྐྱང་རྐྱང་ཡིན་ཡང་།   སྤྱི་ཚོགས་ཟེར་བ་དེ་ནི་དེ་དང་གཏན་ནས་མི་འདྲ་བ་རེད།  སྤྱི་ཚོགས་ཀྱི་ནང་ནས་དངོས་པོ་གང་ཡིན་རུང་ཉོ་ཚོང་བྱ་ཆོག་པ་དང་། འཇིགས་སུ་རུང་བའི་དོན་དག་གང་ཡིན་རུང་འབྱུང་སྲིད་པ་རེད། མདོར་ན།  སྤྱི་ཚོགས་ཀྱི་ནང་ན་སྡིག་ཉེས་སྣ་ཚོགས་ཤིག་ཡོད་དོ།

              མི་ལ་ཧ་ཅང་རྩ་ཆེ་ཞིང་ཡིད་དུ་འོང་བའི་དངོས་པོ་ཞིག་ཡོད་དེ། དེ་ལ་བརྩེ་བ་རྣལ་མ་ཞེས་ཟེར། མིའི་རིགས་ཀྱི་བརྩེ་བ་རྣལ་མ་དེ་ནི་ཉེན་ཁ་ཆེ་བའི་བསླུ་བྲིད་ཅིག་ཡིན།   རི་བོང་བཟང་བོ་མང་པོ་ཞིག་ཀྱང་མིའི་རིགས་ཀྱི་བརྩེ་བ་རྣལ་མ་དེས་བརླགས་མྱོང་བ་རེད་ཨང་།  མིའི་རིགས་ལའང་ཁོ་ཚོའི་བརྩེ་བ་རྣལ་མ་ཞེས་པ་དེ་ཅི་འདྲ་ཞིག་ཡིན་པ་གསལ་བོ་ཞིག་འཆད་རྒྱུ་མེད་ནའང་།   ཁོ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་རྩ་ཆེན་ཞིག་ཏུ་འདོད་པའི་དངོས་པོ་དེ་ནུས་ཚོད་ཀྱིས་སྲུང་སྐྱོབ་བྱེད་བཞིན་ཡོད་ཅིང་། ཁོ་ཚོས་དམག་དཔུང་བཙུགས་ནས་རང་ཉིད་ཀྱི་རྒྱལ་ཁབ་སྲུང་སྐྱོབ་བྱེད་བཞིན་ཡོད། ཁོ་ཚོས་ཁྲིམས་ལུགས་གཏན་འབེབས་བྱས་ནས་ཁོ་ཚོའི་ཚེ་སྲོག་དང་རྒྱུ་ནོར་སྲུང་སྐྱོབ་བྱེད་བཞིན་ཡོད་ཅིང་། ཁོ་ཚོས་རྩྭ་རྐང་གཅིག་མི་སྐྱེ་བའི་ས་གཞིའི་སླད་དུ་མི་ཤི་རྟ་འགྱེལ་གྱི་སྦྱོར་བ་རྩོམ་པར་བྱེད།  ཁོ་ཚོས་ད་དུང་གཏན་ཕབ་རང་འགྲིག་སྒོས་ཕན་ཚུན་གྱི་ཁྱི་ལ་མི་རྡུང་བའི་དམ་བཅས་ཤིང་། ཁོ་ཚོའི་སྒོ་མདུན་གྱི་ཤིང་སྡོང་ཚང་མར་ལྟ་སྲུང་བྱེད་མཁན་ཡོད་པ་རེད། ཡིན་ནའང་ཁོ་ཚོས་ཆེས་རྩ་ཆེ་བའི་བརྩེ་བ་རྣལ་མ་དེ་ཇི་ལྟར་སྲུང་སྐྱོབ་བྱེད་པའི་ཐད་ལ་ཐབས་ཤེས་གང་ཡང་སྤྱད་མེད་པའི་དབང་གིས། མིའི་རིགས་ཀྱི་བརྩེ་བ་རྣལ་མ་དེ་ནི་ཧ་ཅང་གིས་ཉམས་ཞན་ཅན་ཞིག་ཡིན་པ་རེད། དུས་ནམ་ཞིག་བརྩེ་བ་རྣལ་མ་དེ་མེད་པར་འགྱུར་པའི་ཚེ་ན། མིའི་རིགས་ནི་གཅན་གཟན་གཏུམ་པོ་དག་དང་ཁྱད་པར་མེད་པར་འགྱུར་སྲིད་ཅིང་།  དེ་ཡི་ཚེ་ན།

      ཁྱོད་ཀྱིས་རང་ཉིད་ལ་བརྩེ་བ་རྣལ་མ་དེ་མེད་ན་ཅི་མ་རུང་སྙམ་ངེས། ཤུ———  ངས་ད་ལྟ་ཁྱོད་ལ་སྐད་ཆ་ཇི་འདྲ་མང་པོ་ཞིག་བརྗོད་ཀྱང་།  ཁྱོད་ཀྱིས་ཡིད་ལ་བཟུང་མི་སྲིད། ངས་ནི་ཁྱོད་ཀྱི་མིག་ཟུང་ལས་མིའི་རིགས་ཀྱི་བརྩེ་བ་རྣལ་མ་དེས་ཁྱོད་ཀྱི་སྐར་མ་ལྟར་གསལ་ཞིང་འཚེར་བའི་སེམས་པ་དེ་བསླད་ཡོད་པ་གསལ་བོར་མཐོང་འོང་། ངས་ད་ལྟ་ཁྱོད་ལ་ཁ་ཚོན་བཅད་ནས་སྨྲ་ཆོག་པའི་དོན་དག་ཅིག་བརྗོད། དེ་ནི་གལ་ཏེ་ཁྱོད་རང་དུངས་པའི་བུ་མོ་དེ་ཁྱོད་ལ་མི་དུངས་པའི་དུས་ཤིག་སླེབས་ཚེ། ཁོ་མོས་བརྗོད་པའི་སྐད་ཆ་རེ་རེ་ངན་སྔགས་རེ་རེ་འགྱུར་ངེས་ཤིང་། དེ་ཡི་དུས་ན་ངས་ཁྱོད་ལ་སྦྱིན་པའི་སྨན་དེའི་ནུས་པའང་མེད་པར་འགྱུར་འགྲོ་བ་དང་། ཁྱོད་རང་ཁོ་མོའི་འདོད་པ་ལྟར་དུ་འཆི་སྲིད་པའམ་ཡང་ན་ཡ་ང་བའི་གནས་གང་རུང་ཞིག་ལ་ལྷུང་སྲིད།

        འཆི་བ་ནི་ད་དུང་ལས་སླ་མོ་ཞིག་རེད་ཅེས་བརྗོད་ཀྱང་མི་ཆོག་པ་མེད་སྙམ།  ཆེས་འཇིགས་སུ་རུང་བ་ནི་ཤི་མིན་གསོན་མིན་གྱི་ཚད་ལ་ལྷུང་སྲིད་པ་དེ་ཡིན། དེ་ཡི་དུས་ན་མི་ཞིག་གིས་ཁྱོད་ཀྱི་ལོ་རྒྱུས་གཏམ་རྒྱུད་དུ་བསྒྲིག་པ་མ་གཏོགས། ཁྱོད་རང་ཚེ་གང་བོར་ཡ་ང་བའི་གནས་དེ་ནས་ཧྲིག་སྟེ་སྡོད་པ་ལས་ཐབས་གཞན་མེད་དོ།  ཁྱོད་ཀྱིས་བསམ་བློ་ཡག་པོ་གཏོང་དགོས།

            སྐད་ཆ་འདི་དག་ཉན་མ་ཐག་ཏུ་འཇིགས་ཡེར་བ་ཞིག་ཡིན་ནའང་། བརྩེ་བ་རྣལ་མས་ཡིད་སེམས་བསླད་ཡོད་པའི་རི་བོང་སྐྱ་རིལ་མ་ཆུང་ཆུང་གིས་སྐད་ཆ་དེ་དག་རྣ་རྒྱབ་ཀྱི་ལྷགས་པར་བཏང་སྟེ་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རི་བོང་ནག་རིལ་མ་རྒན་པའི་ལག་ནས་སྨན་ནག་པོ་དེ་བླངས་སྟེ་དབུགས་ཐེངས་གཅིག་གིས་འཐུང་པ་དང་།  རི་བོང་སྐྱ་རིལ་མ་ཆུང་ཆུང་ཉིན་མཚན་གཉིས་ཀར་མི་རུ་བརྫུ་ཆོག་པར་གྱུར་པའི་དབང་གིས།  དང་ཐོག་ཁོ་གཉིས་ལུས་དང་གྲིབ་མ་བཞིན་འགྲོགས་ནས་བདེ་ཞིང་སྐྱིད་པའི་འཚོ་བ་རོལ་ཞིང་།  མིའི་རིགས་ཀྱི་འཚོ་བ་ནི་སྦྲང་རྩི་བཞིན་ཞིམ་མངར་ལྡན་པ་ཞིག་རེད་སྙམ། སྐབས་སྐབས་སུ། རི་བོང་སྐྱ་རིལ་མ་ཆུང་ཆུང་གིས་རི་བོང་ནག་རིལ་མ་རྒན་པའི་སྐད་ཆ་དག་ཡིད་ལ་དྲན་དུས་ཁོའི་གདོང་ལ་སྣང་ཆུང་གི་འཛུམ་ཞིག་ཀྱང་མངོན་པར་བྱེད། ཡིན་ནའང་མི་ཡུལ་གྱི་བྱ་དངོས་བཟང་བོ་ནི་མ་གཞི་ནས་འཇིག་སླ་བའི་དབང་གིས། དུས་ནམ་ཞིག་ལ་སུ་ཞིག་གིས་མིའི་རིགས་ཀྱི་འཚོ་བའི་ཁྲོད་ལ་ངན་སྔགས་བཏང་བ་མི་གསལ་ཡང་། རི་བོང་སྐྱ་རིལ་མ་ཆུང་ཆུང་གི་མི་ཡུལ་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སྟེ། ཞིམ་མངར་ལྡན་པའི་དངོས་པོ་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན་པ་དང་། རོ་བཅུད་བྲལ་བའི་དངོས་པོ་ཇེ་མང་ནས་ཇེ་མང་དུ་ཕྱིན་སོང་།  དེ་དང་ལྷན་དུ་རི་བོང་སྐྱ་རིལ་མ་ཆུང་ཆུང་གི་འཇོན་ཐང་ཡང་མི་ཡུལ་ནས་ནུས་མེད་དུ་གྱུར་སོང་།  ང་ཚོས་ཤེས་དགོས་པ་ཞིག་ལ་ཁོ་ནི་རི་བོང་ཚོའི་ཁྲོད་ནས་སྤྱང་གྲུང་ལྡན་ཞིང་། ཀུན་སྤྱོད་བཟང་བ། སེམས་པ་བཟང་བའི་རི་བོང་ཞིག་ཡིན།  དེ་ལྟ་ནའང་ང་ཚོ་ས་ཆ་གང་ཞིག་ཏུ་འདི་ལྟ་བུའི་རི་བོང་ཞིག་འཚོལ་དུ་འགྲོའམ།  ཆེས་བཟང་བའི་རི་བོང་ཞིག་ཡིན་ནའང་།  མི་ཞིག་བྱེད་དགོས་ཚེ་དངོས་གནས་མང་པོ་མང་པོ་ཞིག་ཚང་དགོས་པ་མ་ཡིན་ནམ།  རྒྱ་སྟག་གི་ཞེ་སྡང་དང་། སྤྱང་ཀིའི་གདུག་རྩུབ། ཝ་མོའི་གཡོ་སྒྱུ་གསུམ་མཉམ་གཅིག་ཏུ་བསྣན་ནའང་། མི་ཞིག་བྱེད་རྒྱུ་དེ་ལས་སླ་མོ་མ་ཡིན་ཞིང་། སྲོག་ཆགས་ཡོད་ཚད་ཀྱི་བཟང་ཆ་ཕྱོགས་གཅིག་ཏུ་བསྡོམ་ནའང་། མི་ཞིག་བྱེད་རྒྱུ་དེ་ལས་སླ་མོ་མ་ཡིན་ནོ། ཉམ་ཐག་པའི་རི་བོང་སྐྱ་རིལ་མ་ཆུང་ཆུང་དགའ་རོགས་མའི་མིག་ནང་ནས་ཅི་ཡང་མིན་པ་ལྟ་བུ་ཞིག་ཏུ་གྱུར་སོང་། ཁོ་རང་དགའ་རོགས་མར་ཅི་ཙམ་དུངས་ནའང་དེ་ཡིས་ཅི་ཞིག་ནུས་སམ། དགའ་རོགས་མས་ཁོ་ལ་ཅེར་བའི་མིག་མདངས་ནི་རིམ་བཞིན་རྣོ་ཞིང་མཁྲེགས་པས། དངོས་གནས་བཟོད་ཐབས་བྲལ་བ་ཞིག་ཏུ་གྱུར། རི་བོང་སྐྱ་རིལ་མ་ཆུང་ཆུང་གིས་ཉིན་རྒྱུན་རི་བོང་ནག་རིལ་མ་རྒན་པའི་སྐད་ཆ་ཡིད་ལ་དྲན་འོངས་ཐེངས་རེར། ལུས་པོ་འདར་སིག་སིག་བྱེད་པ་དང་། ཇི་ལྟར་འདར་སིག་སིག་བྱས་ཚེ་དགའ་རོགས་མའི་མིག་ནང་ནས་ཁོ་དེ་ལྟར་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར། དེ་ལྟར་ཉིན་མཚན་མང་པོ་ཞིག་འདས་པའི་ཉིན་ཞིག་ལ། ཁོས་སེམས་ཆུང་མ་བྱས་པར་དཀར་ཡོལ་ཞིག་བཅགས་པ་ན། དགའ་རོགས་མས་ཁོ་ལ་ཁ་སྤོ་ཁ་ནས་ལངས་ཤིང་།  ཞེ་སྤོ་གཏིང་ནས་ལངས་སྟེ“ གྲི་ཡིས་ཐེངས་སྟོང་ལ་གཞོག་རྒྱུ་བོ ”ཞེས་སྡིགས་མོ་བྱས།

              འདི་ལྟ་བུའི་མཇུག་འབྲས་ནི་དངོས་གནས་ཡ་ང་བ་ཞིག་རེད་ཨང་། རྩོམ་པ་པོས་འདི་ནི་བུ་ཆུང་ལ་བྲིས་པའི་གཏམ་རྒྱུད་ཅིག་ཡིན་པ་དང་། ལོ་གསར་བ་ཡང་སླེབས་ལ་ཉེ་བས། ཁོས་གཏམ་རྒྱུད་འདིའི་མཇུག་འབྲས་ཅིས་ཀྱང་སྤྲོ་སྣང་ཅན་ཞིག་ཏུ་བསྒྱུར་དགོས་སྙམ། ཡིན་ནའང་ཁོས་མྱུར་དུ་རང་ཉིད་ལ་བྱེད་ཐབས་གང་ཡང་མེད་པ་གསལ་བོར་རྟོགས་ཤིང་།  གློ་བུར་དུ་བུ་ཆུང་ཡིད་ལ་དྲན་བྱུང་བས། ཁོས་གཏམ་རྒྱུད་དེ་ལ་ཡང་དང་བསྐྱར་དུ་བསམ་བློ་བཏང་བ་དང་། མཇུག་མཐར་གཏམ་རྒྱུད་དེའི་མཇུག་འབྲས་ལ་བཟོ་བཅོས་ཅུང་ཟད་བརྒྱབ། ཁོས་ཁྲེལ་མེད་མ་དེ་ལ“ ཆོ་མེད་མཁན།ཁྱོད་ཐག་རིང་ཐག་རིང་ཞིག་ལ་སོང་ཞིག ”ཅེས་སྡིགས་མོ་བྱེད་དུ་བཅུག

           རི་བོང་སྐྱ་རིལ་མ་ཆུང་ཆུང་ཐག་རིང་ཐག་རིང་ཞིག་ལ་བུད་སོང་། ཡིན་ནའང་།  ཆོ་མེད་མཁན་ཞེས་པ་ནི་དོན་ངོ་མར་ཅི་ཞིག་ཡིན་ནམ།  རྩོམ་པ་པོ་ལ་གདེང་ཚོད་མེད་པར་གྱུར།  གད་སྙིགས།  གད་སྙིགས་མང་པོ་ཕྱིར་བསྡུ་ནས་བཀོལ་སྤྱོད་བྱས་ཆོག་པ་མ་ཡིན་ནམ།  ས་འབུ་ནག་རིང་། འབུ་ཆུང་གྲོག་མ། ཁང་བྱིའུ། སྦྲང་ནག   ད་དུང་གཞན་ཅི་ཞིག་ཡོད་དམ། རྩོམ་པ་པོས་གློ་བུར་དུ་ཡིད་ལ་ཅི་ཡང་མ་འཁོར་ཞིང་།  ཁོས་མུ་མཐུད་དུ་བསམ་བློ་གཏོང་མ་འདོད། མཇུག་འབྲས་ལ་བཟོ་བཅོས་བྱས་ཚར་རྗེས་ཁོ་རང་ཐང་ཆད་ནས་འཕག་རྒྱུ་འགུལ་རྒྱུ་མེད་པ་ལྟར་དུ་གྱུར། ཡང་གཅིག་བཤད་ན། ཁོ་ནམ་རྒྱུན་ཚོད་དཔག་བྱེད་རྒྱུར་དེ་འདྲའི་དགའ་བོ་མེད་ཅིང་། ཀློག་པ་པོར་ཚོད་དཔག་བྱེད་དུ་འཇུག་པར་དགའ་བོ་ཡོད་པ་རེད།

            མ་འགྱངས་པར་ལོ་གསར་ལ་སླེབས་བྱུང་།  རི་ཁུག་ཆུང་ཆུང་གི་ཁ་གཏད་ན་ཡོད་པའི་ཞིང་པའི་ཁྱིམ་ཚང་དག་གིས་ཤོག་སྦག་སྦར་བཞིན་པའི་མཚན་མོ་ལ་གྲོང་ཁྱེར་ན་མཛོད་ཁང་ཞིག་གི་བདག་གཉེར་བའི་འགན་འཁུར་བཞིན་པའི་བུ་ཆུང་ཡུལ་ལ་ཐོན་བྱུང་། ཁོར་སྔར་ལྟར་མཛོད་ཁང་བདག་གཉེར་བ་ཞིག་གི་བཟོ་ལྟ་ཞིག་མངོན་འདུག་སྟེ།  ཁོག་སྨད་ལ་རྙིང་ཞིང་ཆེ་བའི་གླང་རྫིའི་དོར་མ་ཞིག་གྱོན་འདུག་པ་དང་། བལ་གོས་ཀྱི་ཕུ་ཐུང་ལས་གྲང་ནས་དམར་པོར་གྱུར་བའི་ལག་པ་སྦོམ་པོ་གཉིས་ཀ་མངོན་ཞིང་། ཡ་མཆུའི་ངོས་ན་སྐྱེས་ཡོད་པའི་ཁ་སྤུ་མཐུག་པོ་དེས་གསལ་ལ་མི་གསལ་བའི་རྨ་ཤུལ་དེ་བསྒྲིབས་འདུག  ཁོ་རང་སྔོན་ཆད་ལྟར་སྨྲ་བ་ཉུང་ཞིང་། ཁོག་སྟོད་སྔོན་ཆད་ལས་ཅུང་ཟད་སྒུར་ཡོད་པར་མ་ཟད། མགོ་སྐྲའི་གསེང་ལ་སྐྲ་དཀར་པོ་ཉག་མ་འགའ་སྐྱེས་འདུག   བྱིས་སྒྲུང་མེད་པའི་བྱིས་དུས་ཤིག་འདས་རྗེས།   ཁོའི་མི་ཚེ་ལ་སྔར་ལྟར་འགྱུར་ལྡོག་ཅི་ཡང་བྱུང་མི་འདུག་པ་གསལ་བོར་རྟོགས་ཐུབ།

            རྩོམ་པ་པོས་མྱུར་དུ་རང་ཉིད་ཀྱིས་བྲིས་ནས་ཚར་ཡོད་པའི་གཏམ་རྒྱུད་དེ་པར་དུ་བཏབ་རྗེས། ཆུང་མར་ཇ་ཁོལ་མ་ཞིག་བསྐོལ་དུ་བཅུག་པ་དང་། མངར་སོབ་བག་ལེབ་ཁྱེར་འོངས་ནས་བཟའ་མི་གསུམ་པོ་དཔེ་ཁང་ནང་གི་དྲོད་ལམ་ལམ་བྱེད་བཞིན་པའི་མེ་ཐབ་ཀྱི་མཐའ་ལ་བསྐོར་ཏེ་ཙོག་རྗེས། ཁོས་ཆུང་མ་དང་བུ་ཆུང་གཉིས་ལ་གཏམ་རྒྱུད་དེ་ཀློག་མགོ་བརྩམས།  ཁོའི་ཆུང་མ་སྔ་མོ་ནས་ཁོའི་གཏམ་རྒྱུད་དེ་ལ་སྤྲོ་སྣང་མེད་པས། མགོ་བོ་སྒུར་ནས་བུ་ཆུང་གི་རྐང་འབོབ་འཚེམ་མགོ་བརྩམས་པ་དང་།   བུ་ཆུང་གིས་གཏམ་རྒྱུད་དེ་ཐོས་མ་ཐག་ཧ་ལས་བཞིན་ཁོ་ལ་ཅེར་འདུག

         དང་ཐོག བུ་ཆུང་གིས་ལག་པ་གཉིས་ཀ་ཕུར་ཕུར་བྱེད་བཞིན་རྣ་བ་བླགས་ཏེ་ཉན་བཞིན་ཡོད་པ་དང་།  རྗེས་སུ་མཆུ་སྒྲོས་འགུལ་ཙམ་འགུལ་ཙམ་བྱེད་བཞིན་གཉེར་མ་ཐར་ཐོར་རེ་མངོན་པའི་གདོང་དེ་མེ་ཐབ་ལས་ཀྱང་དམར་པོ་དམར་རྐྱང་དུ་གྱུར། གཏམ་རྒྱུད་བཤད་ཚར་རྗེས། བུ་ཆུང་གིས་ངོ་གདོང་རྩོམ་པ་པོའི་འགུལ་ནུས་བྲལ་བའི་པུས་མོའི་ཐོག་ལ་བཞག་ནས་ངུ་མགོ་བརྩམས་བྱུང་བ་དང་།  ཁོས་རྩོམ་པ་པོར“ ཨ་ཕ།  ངས་ཁྱེད་ལ་བཀའ་དྲིན་ཆེ་ཞུ ……  ”ཞེས་སྨྲས།  སྐད་ཆ་དེ་ཐོས་རྗེས་རྩོམ་པ་པོ་སྤྲོ་བས་མྱོས་པ་དང་། ཁོས་བུ་ཆུང་དཀྲོགས་པར་དོགས་པ་བཞིན་ལག་པ་ཁོའི་མགོ་ལ་དལ་མོར་བཞག  དུས་ཡུན་ཅི་ཙམ་འགོར་བ་མི་ཤེས་ཀྱང་། རྩོམ་པ་པོས་གཉིད་ལས་སད་པ་ལྟར་ལག་པ་ཡར་ལ་བཀྱགས་ནས་བུ་ཆུང་གི་སྟེང་ལ་རྡེབ་རྡེབ་བྱེད་བསམ་དུས། རང་ཉིད་ཀྱི་པུས་མོའི་སྟེང་ན་བུ་ཆུང་གི་སྟོད་གོས་ལས་མི་འདུག་པ་ཚོར་ཞིང་། བུ་ཆུང་གིས་སྔོན་ལ་གྱོན་ཡོད་པའི་གླང་རྫིའི་དོར་མ་རྙིང་ཧྲུལ་ཅན་དེ་དང་ལྷམ་གཉིས་ཀ་རྐུབ་སྟེགས་འཁོར་ལོ་མའི་འགྲམ་གྱི་མཐིལ་ཤིང་གི་ཐོག་ལ་སྤུངས་འདུག  ཁོས་བལྟས་མ་ཐག་ཏུ་ཕྱི་རྟིང་ཟད་ཅིང་ཡོ་འདུག་པའི་ལྷམ་དེ་གཉིས་ཀ་བུ་ཆུང་གི་ལྷམ་ཡིན་པ་ཤེས་སོང་། ཁོས་ཆུང་མར་བུ་ཆུང་གང་ལ་བུད་སོང་ཞེས་དྲིས་པ་ན། ཆུང་མས་གླེན་དགོད་ཅིག་བྱས་རྗེས་ལན་གང་ཡང་བཏབ་མ་བྱུང་།  རྩོམ་པ་པོས་གློ་བུར་དུ་བྲེལ་འཚུབ་ལངས་ནས་བུ་ཆུང་གི་གྱོན་པ་པང་དུ་བསྡམས་ཤིང་། ཁོའི་ཡིད་ལ་ཆུང་མས་ཁོ་རང་འཁྱག་པར་དོགས་ནས་རང་ཉིད་ཀྱི་པུས་མོའི་སྟེང་དུ་བཀབ་པ་ཡིན་སྲིད་པ་དང་། བུ་ཆུང་གཏན་ནས་ཡུལ་ལ་ལོག་མི་འདུག་ཅེས་སྙམ་བྱུང་།  འདི་ནི་མི་ཡི་འཇོན་ཐང་གཞན་ཞིག་སྟེ། ཁོ་ཚོས་རང་ཉིད་ཀྱིས་རང་ཉིད་ལ་མགོ་བསྐོར་གཏོང་རྒྱུར་དགའ་བ་ཡིན།

             ཉིན་གཉིས་པའི་སྔ་དྲོར། ཏའོ་ལུགས་པ་ཞིག་རི་བོ་གཉིས་བརྒལ་ནས་རྩོམ་པ་པོའི་ཁྱིམ་ལ་ཐོན་བྱུང་།  ཏའོ་ལུགས་པ་དེས་རྩོམ་པ་པོར“  མདང་དགོང་། དྲིན་བྱས་དྲིན་དུ་གོ་བའི་མི་ཞིག་ངེད་ཀྱི་ཁྱིམ་ལ་འོངས་ནས་ཁྱོད་ལ་དོན་བཟང་ཞིག་བསྒྲུབ་དགོས་ཅེས་བརྗོད་བྱུང་།  ཁོས་ང་ལ་ཞུ་བ་ཡང་ཡང་བྱས་མཐར།  ངས་ཁོ་ལ་ཁས་ལེན་བྱིན་པ་ཡིན ”ཞེས་བརྗོད་པ་རེད།  སྐད་ཆ་བཤད་ཚར་རྗེས། ཏའོ་ལུགས་པ་དེས་མཛུབ་གུ་ཆུ་ནང་དུ་རེག་ཙམ་བྱས་ཤིང་།  རྩོམ་པ་པོའི་དཔེ་ཁང་གི་གྱང་ངོས་ལ་དཀར་ཡོལ་གྱི་ཆེ་ཆུང་ཙམ་ཡོད་པའི་སྒོར་མོ་ཞིག་བྲིས།  སྒོར་མོ་འདི་རྒྱབ་རི་ལ་གཏད་ཡོད་པའི་སྒེའུ་ཁུང་གི་གཤམ་ན་ཡོད། རྩོམ་པ་པོ་ནི་དངོས་གཙོ་རིང་ལུགས་པ་ཞིག་དང་ལྷ་མེད་སྨྲ་བ་བ་ཞིག་ཡིན་པས།  ཁོའི་ཡིད་ལ་ཏའོ་ལུགས་པ་འདི་ནི་སྨྱོན་པ་ལྟ་བུ་ཞིག་རེད་སྙམ་ནས་ཁ་ཡ་ཙམ་ཡང་མ་བྱས། དེ་ལས་ལྡོག་སྟེ་གླེན་མ་ལྟ་བུའི་ཁོའི་ཆུང་མས་ཏའོ་ལུགས་པ་དེར་མགོ་རྔ་མེད་པར་བཀའ་དྲིན་ཞུ་བ་ལྟ་བུའི་སྐད་ཆ་ཁ་ཤས་བརྗོད་སོང་།

              མཚན་མོ་དེར།  རྩོམ་པ་པོ་དང་ཁོའི་ཆུང་མ་གཉིས་ཀ་མེ་ཐབ་ཀྱི་འགྲམ་ན་གཉིད་དུ་ཡུར་བའི་སྐབས་སུ།  གློ་བུར་དུ་སྐད་སྒྲ་ཡ་མཚན་ཅན་ཞིག་གྲག་བྱུང་། རྩོམ་པ་པོས་མིག་ཕྱེ་མ་ཐག    རི་བོང་སྐྱ་རིལ་མ་ཆུང་ཆུང་ཞིག་སྒེའུ་ཁུང་གཤམ་གྱི་སྒོར་མོ་དེ་ལས་ལྡིང་ནས་ནང་དུ་ཐོན་པ་མཐོང་འོང་བ་དང་།   རི་བོང་དེ་མཐིལ་ཤིང་གི་སྟེང་ལ་ཐོན་མ་ཐག   མིག་གི་རྡེབ་དབང་ཙམ་ལ་ཚུགས་ཀ་རང་གི་བུ་ཆུང་ལྟ་བུ་ཞིག་ཏུ་གྱུར་སོང་། རྩོམ་པ་པོས་རང་ཉིད་ཀྱི་མིག་ཟུང་ལ་ཡིད་མ་ཆེས་པར་འདི་ནི་ཏའོ་ལུགས་པ་སྨྱོན་པ་དེས་ཆོ་འཕྲུལ་བསྟན་པ་རེད་སྙམ། ཡིན་ནའང་།  བུ་ཆུང་འདི་སྔོན་ཆད་ཀྱི་དེ་དང་ཅུང་ཟད་མི་འདྲ་སྟེ། ཁོ་ཅུང་ཟད་ཇེ་གཞོན་དུ་གྱུར་ཡོད་པ་དང་། ཁོག་སྟོད་ཀྱང་སྔར་ལས་ཇེ་དྲང་དུ་གྱུར་ཡོད་པར་མ་ཟད། མཐོང་མ་ཐག་ཏུ་སྤྲོ་སྣང་སྟེར་བ་ཞིག་ཏུ་འདོད་པས། རྩོམ་པ་པོས་དེ་མ་ཐག་འགྱིག་ཐག་ཅན་གྱི་རས་ལྷམ་སྐྱ་བོ་དང་དཀར་སྐྱ་སྔོ་གསུམ་གྱི་དྲ་རིས་ཡོད་པའི་ཁུར་ཐག་ཅན་གྱི་དོར་མ་གྱོན་ཡོད་པའི་བྱིས་པ་སྙིང་རྗེ་བོ་དེ་ཡིད་ལ་དྲན་བྱུང་བས། ཁོ་རང་ཧ་ཅང་དགའ་བོ་བྱུང་། རྩོམ་པ་པོའི་བུ་ཆུང་གནམ་ལྡིང་ས་ལྡིང་བྱེད་བཞིན་མེ་ཐབ་ཀྱི་འགྲམ་ལ་རྒྱུགས་འོང་ནས་རྩོམ་པ་པོ་དང་ཁོའི་ཆུང་མ་གཉིས་ཀར་འཐམ་ཞིང་འཁྱུད་པས། ཁོ་གཉིས་ཀས་ཁོས་སྔོན་ཆད་དེ་འདྲ་གཏན་ནས་མི་བྱེད་པ་དང་ད་ལྟ་དེ་ལྟར་བྱས་པར་སེམས་པ་དགའ་ནས་ཁ་ཟུམ་མི་ཐུབ་པར་གྱུར། བུ་ཆུང་གིས་ཁོ་གཉིས་ལ་ཁོ་ད་ལྟ་གྲོང་ཁྱེར་དུ་མཛོད་ཁང་གི་བདག་གཉེར་བ་བྱེད་དུ་འགྲོ་རྩིས་མེད་པ་དང་། ཁོས་རྒྱབ་རི་ངོས་ཀྱི་ནགས་ཚལ་ལ་ལྟ་སྲུང་བྱེད་པའི་ལས་ཀ་གསར་བ་ཞིག་རྙེད་ཡོད་ཅེས་སྨྲས། རྩོམ་པ་པོས་བུ་ཆུང་རང་ཉིད་ཀྱི་ལས་ཀ་གསར་བ་དེར་དགའ་བ་གསལ་བོར་ཤེས་སོང་། མཚན་མོ་རེ་རེར་ཁོ་རང་ཡུལ་ལ་ལོག་འོང་དུས་ཡིད་སེམས་སྤྲོ་སྣང་གིས་ཁེངས་ཡོད་པ་དང་། ཁོས་ཐང་འབྲུ་མང་པོ་ཁྱེར་འོངས་པར་མ་ཟད། སྐབས་སྐབས་སུ་ཁོ་གཉིས་ཟ་རྒྱུར་དགའ་ཞིང་དུས་ཚིགས་འདི་ལྟ་བུར་མཐོང་དཀོན་པའི་ཤ་མོ་གསར་བ་མང་པོ་ཁྱེར་འོང་གིན་འདུག    བུ་ཆུང་གིས་ཁོ་གཉིས་ལ་ཟ་མ་བསྐོལ་བ་དང་། ཟ་མ་ཟོས་ཚར་རྗེས་ཁོ་གཉིས་ལ་ཉིན་གཅིག་རིང་གི་དགོད་བྲོ་བའི་མཐོང་ཐོས་སྣ་ཚོགས་གླེང་བར་བྱེད།  ཁོས་རང་ཉིད་ཀྱིས་གསར་དུ་ངོ་ཤེས་པའི་གྲོགས་པོ་དག་གིས་ཁོའི་མཆུ་སྒྲོས་ལ་ཀུ་རེ་རྩེ་བ་དེ་གླེང་དུས། དགོད་བྲོ་བའི་དོན་དག་ཅིག་གླེང་བ་ལྟར་དུ་ཁོ་རང་ཁྲོང་ཁྲོ་མི་ལངས་ཤིང་གདོང་གི་འཛུམ་མདངས་རྟག་ཏུ་མི་ལྷོད་པར་འདུག ཆུང་ངུའི་དུས་སུ། ཁོ་ལའངམཆུ་སྒྲོས་ཀྱི་དབང་གིས་གྲོགས་པོ་ཆུང་ཆུང་ཚོས་སྣང་ཆུང་བྱས་ནས་ཐེངས་མང་པོར་ངུ་བཞིན་དུ་ཡུལ་ལ་ལོག་མྱོང་པ་རེད། སྐབས་རེར་རྩོམ་པ་པོའི་བུ་ཆུང་གིས་ཁོ་གཉིས་ལ་འདས་དོན་གླེང་སྲིད་པ་དང་།  ཁོས་ལོ་ངོ་དེ་དག་རིང་གི་གྲོང་ཁྱེར་གྱི་འཚོ་བ་གླེང་དུས། མྱུར་དུ་མགོ་བོ་གཡུག་ཞོར་ཤུགས་རིང་འབྱིན་བཞིན“ ཨ་ཡ་ཡ། དེ་ལས ……  ”ཞེས་སྐད་ཆ་དེའི་མཇུག་མ་བརྗོད་ནའང་རྩོམ་པ་པོས་འདྲི་མི་སྲིད་པ་རེད། རི་བོང་སྐྱ་རིལ་མ་ཆུང་ཆུང་གི་གཏམ་རྒྱུད་བྲིས་ཚར་རྗེས། རྩོམ་པ་པོས་བྱིས་པ་ཞིག་གི་མི་ཚེ་གང་བོའི་ནང་བྱ་བ་སྣ་ཚོགས་ཤིག་བརྒྱུད་དགོས་པ་དང་། བྱ་བ་ཡོད་ཚད་བཀྲ་ཤིས་བདེ་ལེགས་ཤིག་གཏན་ནས་མ་ཡིན་པས།རང་ཉིད་ཀྱི་རྣམ་གཡེང་གི་དབང་གིས་སྔོན་ཆད་འཇིགས་སུ་རུང་བའི་དོན་དག་ཅིག་བྱུང་ཡོད་པ་ཁོ་ཐག་ཡིན་སྙམ་ནས་ཡིད་སེམས་མྱུར་དུ་སྐྱོ་གདུང་གིས་གཟིར་སྲིད།  ཡིན་ནའང་། རྩོམ་པ་པོས་མྱུར་དུ་རང་ཉིད་ལ་སེམས་གསོ་བྱེད་ཤེས་ཏེ། དེ་ཡོད་ཚད་ནི་འདས་ཟིན་པའི་དོན་དག་ཡིན་པ་དང་། གཙོ་བོ་ད་ལྟའི་སེམས་པ་སྐྱིད་དགོས་ཅེས་པ་དེ་རེད། བདེན་ཏེ། བཟའ་མི་གང་བོའི་སེམས་པ་ད་ལྟ་ཧ་ཅང་གིས་སྐྱིད་ཡོད་པ་དང་། སྒོས་སུ་རྩོམ་པོ་པོའི་བུ་ཆུང་གིས་ཐང་ཕྱིས་པ་དང་།  དཀར་ཡོལ་སོགས་འཁྲུད་དུས་ཁ་ཤུ་རྒྱག་པའམ། གླུ་དབྱངས་ལེན་བཞིན་འདུག་གོ   འདས་དོན་གྱིས་མིའི་སེམས་ལ་རྨ་ཤུལ་བཟོ་སྲིད་པ་ནང་བཞིན།  རྩོམ་པ་པོས་བུ་ཆུང་ལ་དོ་སྣང་ལ་བྱེད་བཞིན་འདུག་སྟེ། བུ་ཆུང་གིས་ཁ་དོག་ནག་པོའི་ཟ་མ་གང་ཡིན་རུང་བཟའ་མི་སྲིད་ཅིང་། ཐ་ན་སྦྲང་རྩི་ནག་པོའང་མི་བཟའ་པར་མ་ཟད།  ཁོ་རང་ཁྱིམ་ཚང་ནང་གི་གོན་པ་སྐམ་བྱེད་ཀྱི་སྨྱུག་དབྱུག་དེ་ལ་སྐྲག་པ་ལྟར་དུ་དེའི་འོག་ནས་འཛུལ་བར་མི་བྱེད་དོ། རྩོམ་པ་པོའི་ཡིད་ལ་བྱ་བ་གང་ཞིག་ཡིན་རུང་རྗེས་ཤུལ་ཞིག་བསྐྱུར་སྲིད་པ་དང་། ཁུངས་ལུང་ཅི་ཡང་མེད་པར་མེད་པར་འགྱུར་མི་སྲིད་དེ། དེ་ནི་ལོ་ངོ་མང་པོའི་སྔོན་གྱི་ས་ཆ་ག་གེ་མོ་ཞིག་གི་ལྷ་ཁང་དེ་ཐེངས་ཁ་ཤས་ལ་འཇིག་ནའང་། མཐའ་མར་གྱང་ལྷག་འགའ་བསྐྱུར་སྲིད་པ་ལྟ་བུ་ཞིག་རེད་སྙམ།
           
 ལོད་ཧྲན་ནི་ས་མིང་སྟེ། ཧྲན་ཏུང་ཞིང་ཆེན་ཆིན་ཏའོ་གྲོང་ཁྱེར་ལོད་ཧྲན་ཁུལ་ལ་གོ་དགོས།
                              
རྩོམ་སྒྲིག་པ། མྱི་གསར་བ།