༣ གདོད་མའི་ནང་བསྟན་གྱི་ལོ་རྒྱུས་འབྱུང་ཁུངས་ཀྱི་གནད་དོན།

    ཡིག་སྒྱུར་བ། སྒྲོལ་དཀར་ཚེ་རིང་།


གདོད་མའི་ནང་བསྟན་གྱི་ལོ་རྒྱུས་འབྱུང་ཁུངས་ཀྱི་གནད་དོན།

                ཅིས་ཞན་ལིན་གྱིས་བརྩམས།  
                       
སྒྲོལ་དཀར་ཚེ་རིང་གིས་བསྒྱུར།


གསུམ།  ནང་ཆོས་ཀྱི་འབྱུང་ཁུངས།  
 
ད་ནི་སླར་ཡང་ནང་པའི་འབྱུང་ཁུངས་ལ་དཔྱད་ན་གནད་དོན་མང་པོ་ཞིག་ལས་སླ་བོར་ཐག་གཅོད་བྱེད་ཐུབ།  སངས་རྒྱས་ཀྱི་ཆེས་རྩ་བར་གྱུར་པའི་གཞུང་དོན་ནི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དང་།  འཕགས་པའི་བདེན་པ་བཞི།  འཕགས་ལམ་ཡན་ལག་བརྒྱད་དུ་འབོད་པ་བཅས་ཡིན།  དེ་ཡང་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྩ་བ་ནི་སྡུག་བསྔལ་ཡིན་ལ། སྡུག་བསྔལ་གྱི་རྩ་བ་ནི་མ་རིག་པ་(མ་ཤེས་པ་དང་མ་རྟོགས་པ)ཡིན།  འཕགས་པའི་བདེན་པ་བཞི་ནི།  སྡུག་བསྔལ་དང་།  ཀུན་འབྱུང་།  འགོག་པ།  ལམ་བཅས་ཡིན་ལ།  དེས་ཀྱང་སྡུག་བསྔལ་རྩ་བར་བྱས་ཡོད་ཅིང་།  འཕགས་ལམ་ཡན་ལག་བརྒྱད་ནི།  ཡང་དག་པའི་ལྟ་བ་དང་།  ཡང་དག་པའི་རྟོག་པ།  ཡང་དག་པའི་ངག  ཡང་དག་པའི་ལས་ཀྱི་མཐའ།  ཡང་དག་པའི་འཚོ་བ།  ཡང་དག་པའི་རྩོལ་བ།  ཡང་དག་པའི་དྲན་པ།  ཡང་དག་པའི་ཏིང་ངེ་འཛིན་བཅས་ཡིན་ལ།  དེ་ནི་སྡུག་བསྔལ་ལས་ཐར་པ་ཉམས་སུ་ལེན་པའི་ཐབས་ཡིན།  མདོར་ན་ཁོང་གིས་སྐྱེ་རྒ་ན་འཆི་དང་བཅས་པ་ཐམས་ཅད་སྡུག་བསྔལ་ཡིན་ལ།  ཡོད་པ་རང་ངོས་ནས་སྡུག་བསྔལ་བ་ཡིན་པར་འདོད།  ཁོང་ཡང་ལས་འབྲས་དང་འཁོར་བ་ལ་ཡིད་རྟོན་ཞིང་།  མ་རིག་པ་སྤོང་ཞིང་ཆོས་རྣམས་ཀྱི་རྒྱུ་འབྲས་ཀྱི་འབྲེལ་བ་ལེགས་པར་ཤེས་ནས་འཁོར་བ་ལས་གྲོལ་ཏེ་མྱང་འདས་ཐོབ་པ་ནི་མཐར་ཐུག་གི་དམིགས་ཡུལ་ཡིན།
ལྟ་ཚུལ་དེ་དག་ལ་སྐྱོ་སྣང་རིང་ལུགས་ཀྱི་དྲི་མ་འཐུག་པོ་བསྒོས་ཡོད།  མི་ལ་ལས།  འཛམ་གླིང་དུ་སྐྱོ་སྣང་རིང་ལུགས་མ་ཡིན་པའི་ཆོས་ལུགས་གཅིག་ཀྱང་མེད་མོད།  ནང་ཆོས་ཇི་བཞིན་སྐྱོ་སྣང་མཐར་ཐུག་པ་འཛིན་མཁན་ནི་དེ་ག་རང་ལས་མེད་ཟེར།  ངས་བལྟས་ན་བཤད་ཚུལ་དེ་ནི་ཧ་ཅང་དོན་ལ་གནས་པར་སེམས།
 
ནང་ཆོས་ཀྱི་སྐྱོ་སྣང་རིང་ལུགས་དེ་ནི་གང་ནས་བྱུང་བ་ཡིན་ནམ།  
གོང་དུ་དབྱེ་ཞིབ་བྱས་པ་ལྟར་ན།  ནང་པས་རྒྱུད་འཛིན་བྱས་པ་ནི་བྲམ་ཟེའི་ཆོས་ལུགས་ཀྱི་སྲོལ་རྒྱུན་མ་ཡིན་པར་དགེ་སྦྱོང་བའི་སྲོལ་རྒྱུན་ཡིན་པ་མ་ཟད།  ནང་ཆོས་བྱུང་བའི་ས་ཁུལ་དང་ཁོར་ཡུག་གི་ཆ་ནས་བལྟས་ནའང་ཚུལ་འདི་ལྟ་བུ་ཡིན་པ་ལས་གཞན་དུ་འགྱུར་བའི་གནས་མེད་དོ། །  
ང་ཚོས་ཐོག་མར་ས་ཁུལ་ལམ་མི་རིགས་ཀྱི་ལྟ་ཚུལ་སྤྱད་ནས་གནད་དོན་དེ་ལ་དཔྱད་པར་བྱ།  
སངས་རྒྱས་ཤཱཀྱ་མུ་ནེ་ནི་དེང་གི་བལ་པོའི་མངའ་ཁོངས་སུ་སྐུ་འཁྲུངས་པ་ཡིན་ལ། ཁོང་གི་ཆོས་ལུགས་ཀྱི་མཛད་པ་མང་ཆེ་བ་མ་ག་དྷའི་ཡུལ་དུ་སྤེལ།  མ་ག་དྷ་ནི་རྒྱ་གར་ཤར་ཕྱོགས་སུ་གནས་ཤིང་།  ཡུལ་དེར་འཕགས་པའི་མི་རིགས་སླེབས་པ་ཅུང་འཕྱི།  《སྲིད་སྲུང་རིག་བྱེད་》དུ་མ་ག་དྷ་དང་ཨངྒ་(鸯伽)གཉིས་ནི་ཆེས་རྒྱང་ཐག་རིང་བའི་ཡུལ་གྱི་མཚོན་བྱེད་དུ་འདོད་ཅིང་། ནུབ་ཕྱོགས་ཀྱི་བྲམ་ཟེ་དག་གནས་དེར་སླེབས་པ་ཆེས་ཤིན་ཏུ་ཉུང་།  ཡུལ་དེའི་མི་ལ་མཐོང་ཆུང་བྱེད་ཅིང་ནམ་རྒྱུན་པྲ་ཏྱེའི་མི་(婆罗底耶人)དང་གཅིག་ཏུ་ལྟ།  པྲ་ཏྱེའི་མི་ཞེས་པ་ནི་ཨརྱའི་རིགས་ཀྱི་ལུང་སྐད་ཡིན་པར་བཤད་ཅིང་བྲམ་ཟེའི་ཆོས་ལུགས་ལ་མི་དད།  ཁོ་ཚོ་ཨརྱའི་རིགས་ཡིན་མིན་རྟོགས་དཀའ་ཡང་ཆེས་ཆེར་མཐོང་ཆུང་བྱེད་ཅིང་།  པྲ་ཏྱེའི་མི་དང་གཅིག་ཏུ་ལྟ་བ་དེས་ཁོ་ཚོ་ལ་མཐོང་ཆུང་བྱས་ཚད་རྟོགས་ཐུབ།  དེ་ཡང་མཐོང་ཆུང་བྱེད་པའི་རྒྱུ་མཚན་ནི།  གནས་འདི་ནི་རྒྱ་གར་གྱི་གཉུག་མར་གནས་པའི་སྡོད་དམངས་འདུས་སྡོད་བྱེད་པའི་ཡུལ་ཡིན་ལ།  དེ་ནི་བྲམ་ཟེའི་རིག་གནས་རྭ་བ་ལས་ཕྱི་རོལ་དུ་གྱུར་པའི་ཡུལ་མཐའ་འཁོབ་ཏུ་གནས་པས་ཡིན་པ་མངོན་པར་གསལ།  འཕགས་པའི་མི་རིགས་ཀྱི་མཐོང་སྣང་ལ་ཡུལ་འདི་ནི་རིག་གནས་མ་དར་པའི་ས་ཆ་ཡིན་ལ།  སངས་རྒྱས་ཤཱཀྱ་མུ་ནེས་ཆོས་གསུང་ཡུལ་ནི་གཞན་གྱིས་མཐོང་ཆུང་བྱེད་ཅིང་།  ཡུལ་མཐའ་འཁོབ་ཀྱི་མི་དམངས་ཡིན།
 
སངས་རྒྱས་ཤཱཀྱ་མུ་ནེ་སྐུ་འཁྲུངས་སའི་ཤཱཀྱའི་རིགས་ནི་ཡང་སྙིང་མི་རིགས་ཅི་ལྟ་བུ་ཞིག་ཡིན་པར་ལྟ་ཚུལ་སྣ་ཚོགས་ཡོད།  ལ་ལས་ཁོ་ཚོ་ནི་ཨརྱའི་རིགས་མིན་པར་འདོད་ཅིང་།  ང་ཚོས་གནད་དོན་འདིའི་ཐད་ལ་རྩོད་གླེང་མི་བྱེད།  ཡིན་ཡང་ཁོ་ཚོ་གནས་པའི་ས་ཁུལ་དང་།  སྐབས་དེའི་ཨརྱའི་རིགས་ཀྱི་དབང་སྒྱུར་བ་ཁྱབ་ཡུལ་གྱི་གནས་ཚུལ་དང་།  ཁོ་ཚོའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དུ་མ་དང་།  ཁོ་ཚོའི་ཆབ་སྲིད་རྩ་འཛུགས་ཀྱི་རྣམ་པ་བཅས་ལ་བལྟས་ན།  ཁོ་ཚོ་ནི་ཕྱི་ནས་ཡོང་བའི་འཕགས་པའི་མི་རིགས་དང་མི་འདྲ་བར་གཉུག་མར་གནས་པའི་སྡོད་དམངས་དང་འདྲ་བ་གསལ་པོར་རྟོགས་ཐུབ།  ཤཱཀྱའི་རིགས་ཀྱི་ཆབ་སྲིད་རྩ་འཛུགས་ནི་སྤྱི་མཐུན་རྒྱལ་ཁབ་ཡིན་ལ།  སྲིད་འཛིན་དབུ་ཁྲིད་ར་ཛ་ནི་འདེམ་བསྐོ་བྱས་ནས་བྱུང་བ་ཡིན་ལ།  འདི་ལྟ་བུའི་སྤྱི་མཐུན་རྒྱལ་ཁབ་དང་གསར་དར་རྒྱལ་པོའི་རྒྱལ་ཁབ་གཉིས་ལ་འགལ་བ་ཡོད།  མ་ག་དྷའི་རྒྱལ་པོ་མ་སྐྱེས་དགྲས་སྤྱི་མཐུན་རྒྱལ་ཁབ་ཀྱི་“离车”ལ་བཙན་འཛུལ་བྱས་མྱོང་ལ།  ཀོ་ས་ལཱའི་རྒྱལ་པོ་པི་ཐུ་ཊ་པས་(毗突吒婆)སྤྱི་མཐུན་རྒྱལ་ཁབ་ཀྱི་ཤཱཀྱ་ལ་བཙན་འཛུལ་བྱས་མྱོང་།  ངས་བལྟས་ན་དེ་ནི་སྤྱིར་བཏང་གི་བཙན་འཛུལ་ཁོ་ན་མ་ཡིན།  དེའི་ཁྲོད་དུ་མི་རིགས་ཀྱི་འགལ་བའི་ཆ་ཡོད་དམ་ཞེ་ན།  དེ་ནི་བསམ་བློ་གཏོང་རིན་ཡོད་པ་ཞིག་ཡིན།  

གལ་ཏེ་མི་རིགས་ཀྱི་འགལ་བའི་ཆ་ནས་གནད་དོན་དེར་འགྲེལ་བཤད་མ་བྱས་ན།  དོན་དག་ཧ་ཅང་གལ་ཆེན་ཞིག་ལ་འགྲེལ་བཤད་བྱ་ཐབས་བྲལ།  ནང་པའི་ངག་རྒྱུན་ལྟར་ན།  སངས་རྒྱས་ཤཱཀྱ་མུ་ནེ་རབ་ཏུ་མ་བྱུང་གོང་ལ་རྒྱལ་སྲས་ཞིག་ཡིན་(དོན་འདི་ལ་སྒྲོ་འདོགས་བྱས་པའི་ཆ་ཡོད)ལ།  ཕོ་བྲང་དུ་གནས་ཤིང་བཙུན་མོའི་འཁོར་ལས་འཚར་ལོངས་བྱུང་ལ།  མི་ཡུལ་གྱི་རྒྱུ་འབྱོར་སྙན་གྲགས་ལ་ཡོངས་སུ་སྤྱད་པས་མི་བདེ་བར་བྱེད་པའི་དོན་དག་ཕྲན་ཙམ་ཡང་མེད།  ཨིན་ཀེ་སིས་ཆོས་ལུགས་ནི་ཆོས་ལུགས་དགོས་མཁོ་བྱུང་བ་མ་ཟད་མང་ཚོགས་ཀྱི་ཆོས་ལུགས་ཀྱི་དགོས་མཁོ་རྟོགས་པའི་མི་རྣམས་ཀྱིས་བསྐྲུན་པ་ཡིན་ཟེར།  དེས་ན་རྒྱལ་སྲས་དེ་ལྟ་བུ་ཞིག་ལ་ཆོས ་ལུགས་ཀྱི་དགོས་མཁོ་ཅི་ཞིག་ཡོད་དམ།  ཁོས་མང་ཚོགས་ཀྱི་ཆོས་ལུགས་ཀྱི་དགོས་མཁོའང་ཇི་ལྟར་རྟོགས་སམ།  མི་དེ་ལྟ་བུ་ཞིག་ལ་སྐྱོ་བ་སྐྱེས་ནས་རབ་ཏུ་བྱུང་དགོས་པའི་ཚད་ལ་གཏན་ནས་སླེབས་མི་སྲིད།  དོན་དངོས་ནི་དེ་ལྟ་བུ་ཞིག་གཏན་ནས་མ་ཡིན་པར།  ཁོང་ལ་གདོན་མི་ཟ་བར་སྡུག་བསྔལ་བྱུང་ཡོད་ཅིང་།  མ་མཐའ་ཡང་སེམས་སུ་མྱོང་ཡོད་ངེས།  ཁོང་གིས་འཚོ་བ་ནི་དེ་ལྟ་བུའི་བདེ་བར་སྡོད་པ་མ་ཡིན་ལ།  འཁོར་བའང་དེ་འདྲའི་ཞེན་ཆགས་སྐྱེ་རིན་མེད་པར་དགོངས་ཤིང་།  དེ་ལྟར་སྐྱོ་བ་སྐྱེས་ཏེ་རབ་ཏུ་བྱུང་།  སྡུག་བསྔལ་དེ་ནི་གང་ནས་ཡོང་བ་ཡིན་ནམ།  ཁོང་གིས་མང་ཚོགས་ཀྱི་ཆོས་ལུགས་དགོས་མཁོ་རྟོགས་པའི་རྩ་བའང་གང་དུ་ཡོད་དམ་ཞེ་ན།  ཆེས་ལུགས་དང་མཐུན་པའི་འགྲེལ་བཤད་ནི་མི་རིགས་གཉའ་གནོན་ཡིན།  ཁོང་གི་སྐྱོ་སྣང་རིང་ལུགས་ཀྱིས་མི་དམངས་མང་ཚོགས་ཀྱི་ཅུང་ཐུན་མོང་དུ་ཡོད་པའི་སེམས་ཁམས་མཚོན་ཞིང་།  དེ་བས་ཁོང་གི་རིག་གཞུང་བྱུང་འཕྲལ་རྗེས་འཇུག་པ་བྱུང་ལ།  མི་ཁ་ཤས་ནས་བརྒྱ་ཕྲག་དུ་མར་འཕེལ་ཏེ་ཕྱིས་ཀྱི་འཕེལ་རྒྱས་ལ་རྨང་བཏིང་།  ཁོང་གི་ཆོས་ལུགས་དེ་རུས་རྒྱུད་ཚོ་བའི་ཆོས་ལུགས་ཤིག་ནས་ཟམ་མི་ཆད་པར་བསྒྱུར་བཅོས་བཏང་ནས།  རིམ་གྱིས་རྒྱལ་རབས་དུ་མའི་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གྱུར་ཅིང་།  དེ་ནས་འཛམ་གླིང་ལ་ཤུགས་རྐྱེན་བཞག་པའི་ཆོས་ལུགས་ཆེན་པོར་གྱུར།  ནང་པའི་གཞུང་དུ་སངས་རྒྱས་ཤཱཀྱ་མུ་ནེ་མི་རྒན་པོ་དང་།  མི་ནད་ཀྱིས་ཉེན་པ།  མི་ཤི་བར་གྱུར་བ་བཅས་དང་ཕྲད་པའི་སྐོར་གྱི་གཏམ་རྒྱུད་དེ་དག་ཆེས་ཐོག་མའི་དུས་ཀྱི་ནང་པའི་གསུང་རབ་ཏུ་བཀོད་མེད་པ་ལ།  ཕྱིས ་ཀྱི་དགེ་འདུན་པ་དག་གིས་དེ་མེད་པར་གྱུར་ན་སངས་རྒྱས་ཤཱཀྱ་མུ་ནེ་རབ་ཏུ་བྱུང་བའི་རྒྱུ་མཚན་གསལ་པོར་བཤད་ཐབས་བྲལ་བར་འདོད་དེ་སྦྱར་བ་ཡིན་སྲིད།  ཨིན་ཀེ་སིས།  མིས་སྲོལ་ཕྱེས་པའི་ཆོས་ལུགས་ལ་མཚོན་ན།  དེ་ལ་མི་ཕྱེད་པའི་སྤྲོ་སེམས་ཁྱད་པར་བ་ཡོད་མོད།  དེ་སྲོལ་ཕྱེ་བའི་ཚེ་ན།  བཅོས་མ་དང་ལོ་རྒྱུས་དོན་དངོས་འཁྱོག་བཤད་བྱེད་པ་མེད་མི་སྲིད།  ཅེས་སོ། །  ཡེ་ཤུའི་ཆོས་ལུགས་ལ་མཚོན་ན་བཤད་དེ་སྐད་ཆ་དེ་ཡང་དག་པ་ཡིན་ལ།  ནང་ཆོས་ལ་མཚོན་ནས་བཤད་ནའང་།  དེ་སྔར་བཞིན་བདེན་པ་ཤ་སྟག་ཡིན།  
ད་ནི་སླར་ཡང་གྲལ་རིམ་དང་རིགས་རུས་ཀྱི་འབྲེལ་བའི་ངོས་ནས་གསར་དར་ཆོས་ལུགས་དེ་ལ་དཔྱད་ན།  དེའི་རིགས་རུས་དང་གྲལ་རིམ་གྱི་རྩ་བ་ནི་ཡང་སྙིང་གང་ཞིག་ཡིན་པ་ནི་ཧ་ཅང་རྙོག་འཛིང་ཆེ་བའི་གནད་དོན་ཞིག་ཡིན།  ངས་བལྟས་ན།  ནང་པ་ལ་རྩ་བའི་རིགས་རུས་ག་གེ་མོ་ཞིག་ལས་འདས་པར་འདོད།  ནང་པའི་གཞུང་ལས་ཡང་དང་བསྐྱར་དུ་རིགས་རུས་ཀྱི་ཁྱད་པར་མེད་པར་ནང་པར་ཞུགས་པ་ན་ཆུ་སྣ་ཐམས་ཅད་རྒྱ་མཚོར་འདུས་པ་ཇི་བཞིན་ཁྱད་པར་ཅི་ཡང་མེད་ཚུལ་ནན་གྱིས་སྟོན།  དེ་ལྟ་ན་དགེ་སྦྱོང་དང་བྲམ་ཟེ་ཁ་གཏད་དུ་ལངས་པ་ལ་གོ་བ་ཇི་ལྟར་ལེན་དགོས་སམ།  རིགས་རུས་ཀྱི་ཁྱད་པར་རྩིས་མེད་དུ་གཏོང་བའི་དོན་དངོས་དེ་ནི་བྲམ་ཟེ་ལ་གྱེན་ལྡོག་བྱེད་པ་ཡིན་ཏེ།  བྲམ་ཟེའི་ཆོས་ལུགས་ཀྱིས་རིགས་རུས་ཀྱི་ཁྱད་པར་ལ་རྩིས་མཐོང་ཆེན་པོ་བྱེད་པ་མ་ཟད་བྲམ་ཟེ་ཁོ་ནའི་ཁེ་ཕན་མཚོན་པའི་ཕྱིར།
ཡིན་ཡང་ནང་པས་རིགས་རུས་ཐམས་ཅད་གཅིག་ཏུ་ལྟ་བའང་མ་ཡིན།  དེས་ཐོག་མར་བྲམ་ཟེ་ལ་དགག་པ་བྱེད་ངེས།  བྲམ་ཟེའི་ཆོས་ལུགས་ཀྱི་གསུང་རབ་ཏུ་རིགས་བཞིའི་གོ་རིམ་ནི།  བྲམ་ཟེ་དང་།  རྒྱལ་རིགས།  རྗེའུའི་རིགས།  དམངས་རིགས་བཅས་ཡིན་མོད།  ནང་པའི་གཞུང་དུ།  རྒྱལ་རིགས་དང་།  བྲམ་ཟེ།  རྗེའུའི་རིགས།  དམངས་རིགས་བཅས་ཡིན།  སངས་རྒྱས་ཤཱཀྱ་མུ་ནེས་རང་ཉིད་རྒྱལ་རིགས་ཡིན་པར་གསུངས།  ཤཱཀྱའི་རིགས་ལ་དང་པོར་རིགས་རྒྱུད་ལམ་ལུགས་མེད་ལས་ཆེ་ལ།  དེ་ནི་བྲམ་ཟེའི་ཆོས་ལུགས་ཀྱིས་ཤུགས་རྐྱེན་འོག་ལད་ཟློས་བྱས་པ་འབའ་ཞིག་ཡིན།  ཁོ་ཚོས་རང་ཉིད་རྒྱལ་རིགས་ཡིན་པར་བཤད་པ་ལ།

 ངས་བལྟས་ན་བཅོས་མ་ཡིན་པར་འདོད།  གང་ལྟར་ཀྱང་རང་ཉིད་རྒྱལ་རིགས་ཡིན་པར་བཤད་ཕྱིན་གདོན་མི་ཟ་བར་རྒྱལ་རིགས་ལ་འགེབ་སྲུང་དང་།  དེའི་གོ་གནས་ཅི་ཐུབ་ཀྱིས་ཇེ་མཐོར་གཏོང་དགོས།  《ལུང་བར་མའི་》(《阿含经·阿摩昼经》) མདོ་འདི་ནི་མཚན་གཞི་ཞིག་ཡིན།  གསར་དུ་དར་པའི་རྒྱལ་པོས་(དེ་ལས་ལ་ཤས་ནི་བཅོས་མ་ཡིན)ཀྱང་འབད་པ་ཆེན་པོས་རྒྱལ་རིགས་ཀྱི་གོ་གནས་ཇེ་མཐོར་བཏང་ལ།  དེ་ནས་ཕྱོགས་གཉིས་ཀྱི་བསམ་འཆར་འཕྲལ་མར་གཅིག་མཐུན་བྱུང་སྟེ་ཁོ་ཚོའང་ནང་ཆོས་ལ་དད་ཅིང་མཐུན་འགྱུར་ཞུས།  
ངས་བལྟས་ན་ནང་ཆོས་ཀྱི་ཆེས་བློ་གཏད་ཆོག་པའི་རྩ་བ་ནི་རྗེའུའི་རིགས་ཡིན།  གོང་དུ་བཤད་པ་ལྟར་རྗེའུའི་རིགས་མཚམས་མི་ཆད་པར་གྲལ་རིམ་སོ་སོར་གྱེས་ཤིང་།  ཞིང་བ་དང་།  འབྲོག་པ།  ཚོང་བ་ནི་རིགས་རུས་འདི་ལ་གཏོགས།  ནང་པས་སྲོག་མི་གཅོད་པ་སྒྲོག་ཅིང་།  དེར་རྨོན་ཕྱུགས་མི་གསོད་པ་འདུ་ལ།  དེས་ཞིང་བའི་ཁེ་ཕན་མཚོན་ཡོད།  ནང་ཆོས་གསར་དུ་དར་དུས།  ཕྱི་ཕྱོགས་ཉོ་ཚོང་དང་རྒྱལ་ནང་ཉོ་ཚོང་འཕེལ་རྒྱས་ཕྱིན་ཅིང་།  གྲོང་ཁྱེར་ཆེན་པོ་གསར་དུ་དར་པས་གྲོང་ཁྱེར་གྱི་ཚོང་བ་ཆེན་པོའི་གོ་གནས་ཇེ་མཐོ་ནས་ཇེ་མཐོར་སོང་།  མེ་གྷ་སི་ཏི་ནུ་སི་ལགས་ཀྱིས་རྒྱ་གར་དུ་རིགས་བདུན་ཡོད་ལ་དེ་ལས་བཞི་ཚོང་བ་ཡིན་ཟེར།  སྲིད་གཞུང་གི་དཔོན་རིགས་ལས་ལ་ལར་ལས་བགོས་བྱས་ཏེ་ཆེད་དུ་ཉོ་ཚོང་ལ་དོ་དམ་བྱེད་ཅིང་།  དེ་ལས་སྐབས་དེར་ཚོང་བས་གོ་གནས་གལ་ཆེན་ཟིན་ཡོད་པ་མཐོང་ཐུབ།  སངས་རྒྱས་ཤཱཀྱ་མུ་ནེ་དང་ཚོང་བ་དེ་དག་གི་བར་དུ་འབྲེལ་བ་བཟང་པོ་ཡོད་ཅིང་།  ཐོག་མར་ནང་པར་ཞུགས་པ་ནི་ཚོང་བ་གཉིས་ཡིན་པའང་སྟེས་དབང་ཞིག་གཏན་ནས་མིན།  ནང་པའི་གཞུང་དུ་བཤད་པའི་ཚོང་དཔོན་(长者)ཞེས་པ་ནི་ཚོང་ལས་ལས་རིགས་ཀྱི་མགོ་འདྲེན་ཡིན་ལ།  མི་དེ་དག་ནང་པའི་གསུང་རབ་ཏུ་གུས་བཀུར་ཆེན་པོ་ཐོབ་ཅིང་། ཁོ་ཚོས་ནང་ཆོས་རྒྱབ་སྐྱོར་ལ་ཤུགས་ཆེན་པོ་བཏོན་ཡོད།  མགོན་མེད་ཟས་སྦྱིན་གྱིས་རྒྱལ་བྱེད་རྒྱལ་སྲས་ལས་སྐྱེད་ཚལ་ཉོས་ཏེ་སངས་རྒྱས་ལ་ཕུལ་བར།  སྐྱེད་ཚལ་ཁེབས་པའི་གསེར་གྱི་ཊམ་ཀ་དུང་ཕྱུར་མང་པོས་ཉོས་པ་ནི་མཚན་གཞི་ཧ་ཅང་ལེགས་པོ་ཞིག་རེད།  དེ་ལས་གཞན་འདིར་གླེང་བར་བྱ་བ་ལ།  སངས་རྒྱས་ཀྱིས་འདོད་པ་འགོག་ཀྱང་།  གྲོང་ཁྱེར་ཆེན་པོའི་གཟུགས་འཚོང་མ་ཁ་ཤས་ཀྱིས་ཁོང་ལ་མཐུན་འགྱུར་ཞུས་ཤིང་།  མིང་དུ་གྲགས་པའི་ཨན་མ་ར་(庵摩罗)ཞུ་བས་ཁོང་ལ་སྐྱེད་ཚལ་ཞིག་ཕུལ།  དེ་དག་གིས་ནང་ཆོས་ཀྱིས་ཚད་ངེས་ཅན་ཞིག་ནས་གྲོང་ཁྱེར་ཆེན་པོའི་གསར་དར་གྲལ་རིམ་མམ་རིམ་གྲས་ཀྱི་ཁེ་ཕན་དང་མཐུན་པར་བྱས་པ་མཚོན། 

དམངས་རིགས་ལ་མཚོན་ནས་བཤད་ན།  སངས་རྒྱས་ཀྱི་སློབ་མ་གཙོ་བོའི་གྲས་སུའང་དམངས་རིགས་སུ་གཏོགས་པ་ཡོད་དེ།  དཔེར་ན་ཉེ་བར་འཁོར་ལྟ་བུའོ། །  སངས་རྒྱས་ཀྱིས་དམངས་རིགས་རབ་ཏུ་བྱུང་བ་མ་བཀག་ཀྱང་དམིགས་བསལ་རེ་འབོད་གནང་གི་མེད།  ཁ་ཅིག་གིས་ཁོང་དམངས་རིགས་ལ་བརྩེ་དུང་ཟབ་མོ་ཡོད ་པར་བཤད་པ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན།  རིགས་རུས་ཀྱི་འབྲེལ་བ་དང་གྲལ་རིམ་གྱི་འབྲེལ་བ་གཅིག་འདྲ་མ་ཡིན་པར།  དེ་གཉིས་ལ་འབྲེལ་བ་ངེས་ཅན་ཡོད་ཀྱང་ཁྱད་པར་ཡང་ཆེན་པོ་ཡོད།  གལ་ཏེ་གྲལ་རིམ་གྱི་འབྲེལ་བ་རྐྱང་བའི་ངོས་ནས་ནང་ཆོས་ལ་བལྟས་ན།  དེ་ཉིད་བྲན་གཡོག་དང་འབྲེལ་ཐག་ཉེ་བར་བཤད་པ་ལས་བྲན་གཡོག་བདག་པོ་དང་འབྲེལ་བ་སྔར་བས་ཉེ་བར་བརྗོད་ན་འཐུས།  ནང་པའི་གཞུང་དུ།  སངས་རྒྱས་ཀྱིས་བྲན་གཡོག་གམ་བྲན་གཡོག་དང་ཉེ་བར་གནས་པའི་མི་ཁ་ཤས་ནང་པར་བསྡུས་ཚུལ་བཀོད་ཡོད།  དེ་ལྟ་ནའང་ང་ཚོས་ཁོང་གིས་བྲན་གཡོག་གི་ཁེ་ཕན་མཚོན་ཞེས་རྩ་བ་ཉིད་ནས་བརྗོད་ཐབས་བྲལ།  ཁོང་གིས་ཕྱོགས་མང་པོ་ཞིག་ནས་གྲལ་རིམ་མམ་རིགས་རུས་ཁ་ཤས་ཀྱི་མཆོག་གྱུར་གྱི་བསམ་པ་མངོན་ཞིང་།  རང་ཉིད་རྒྱལ་རིགས་སུ་འཁྲུངས་པ་གཟི་བརྗིད་དུ་བྱེད།  ཁོང་གི་སྐུ་ཚེ་ང་ཚོ་ལ་ཆ་རྒྱུས་ཆེན་པོ་མེད་ལ།  ཁོང་ཡང་བྲན་གཡོག་བདག་པོའི་རིགས་སུ་འཁྲུངས་པ་འདྲ།  ཁོང་ལ་མཐུན་འགྱུར་ཞུ་བའི་རྗེའུའི་རིགས་ཀྱི་ཚོང་བ་ཆེན་པོ་དག་ཀྱང་ཕལ་མོ་ཆེ་བྲན་བདག་གི་གྲས་སུ་གཏོགས།  དེ་བས་ཁོང་དང་རྦད་དེ་བྲན་བདག་གི་ཚབ་ཏུ་ཆོས་སྤེལ་བའི་ཆོས་ལུགས་པ་སོ་སོར་ཕྱེས་ན།  ང་ཚོས་ཁོང་རིམ་གྲས་གྱེས་པ་ལས་གསར་དུ་དར་པའི་བྲན་བདག་ལ་ལྷག་ཏུ་ཐུགས་དགྱེས་གནང་ཞེས་བཤད་པ་ལས་འོས་མེད།  ཡེ་ཤུའི་ཆོས་ལུགས་ཐོག་མར་བྱུང་དུས་བྲན་གཡོག་གི་རེ་བ་ཁ་ཤས་ཚིམ་པར་བྱས་མྱོང་།  ཡིན་ཡང་ནང་ཆོས་ནི་དེ་ལྟ་བུ་མ་ཡིན་ནོ། །  གདོད་མའི་ནང་བསྟན་གྱིས་ཆེས་དམའ་རིམ་གྱི་མི་དམངས་ཀྱི་རེ་འདོད་མཚོན་པར་བྱས་ཞེས་བཤད་ན།  དེ་ཡང་དོན་དངོས་དང་མི་མཐུན་པ་མངོན་པར་གསལ།  

གོང་དུ་ཁོ་བོས་མི་རིགས་(ས་ཁུལ)དང་གྲལ་རིམ་གྱི་ལྟ་ཚུལ་ངོས་ནས་ནང་ཆོས་དང་འབྲེལ་བའི་གནད་དོན་ཁ་ཤས་ལ་དཔྱད་ཅིང་།  ནང་པས་རྒྱུད་འཛིན་བྱས་པ་ནི་རང་ཡུལ་གྱི་དགེ་སྦྱོང་བའི་སྲོལ་རྒྱུན་ཡིན་པ་ལས་ཕྱི་ནས་དར་པའི་བྲམ་ཟེའི་སྲོལ་རྒྱུན་མིན་པ་གསལ་བཤད་བྱས་ཡོད།  བྲམ་ཟེའི་ཆོས་ལུགས་ཀྱི་ལྷ་ཁ་ཤས་ནང་ཆོས་སུ་བྱུང་ཡོད་ཀྱང་གོ་གནས་ཆེས་ཆེར་ཇེ་དམར་བཏང་ཡོད།  འདི་ནི་སངས་རྒྱས་ཀྱི་གོ་གནས་ཇེ་མཐོར་གཏོང་ཆེད་བྱས་པ་ལས་གཅིག་ཅིག་ཤོས་ཀྱི་འབྱུང་ཁུངས་ཡིན་པ་མཚོན་མི་ཐུབ།  ང་ཚོས་སངས་རྒྱས་ཀྱི་ཐོག་མའི་སློབ་མའི་གཙོ་བོ་དག་གི་རིགས་ལ་དཔྱད་པ་ལས་ཀྱང་ནང་ཆོས་དང་དགེ་སྦྱོང་གི་འབྲེལ་བ་རྟོགས་ཐུབ།  ཁོང་གི་སློབ་མའི་གཙོ་བོ་མང་ཆེ་བ་དགེ་སྦྱོང་བ་ཡིན་ལ།  བྲམ་ཟེའི་རིགས་སུ་འཁྲུངས་པའི་ཤཱ་རིའི་བུ་དང་མོའུ་འགལ་གྱི་བུ་གཉིས་ཀྱང་སྔོན་ལ་དགེ་སྦྱོང་དང་ཕྱིས་སུ་ནང་པར་ཞུགས།  ངས་བལྟས་ན་འདི་ནི་སྟེས་དབང་ཞིག་ཡིན་མི་སྲིད།  

ནང་ཆོས་རྦད་དེ་དགེ་སྦྱོང་བའི་ཁོངས་སུ་གཏོགས་ཞེས་བཤད་རུང་ངམ་ཞེ་ན།  དེ་ལྟར་ཡང་བཤད་མི་རིགས།  སངས་རྒྱས་རབ་ཏུ་བྱུང་བའི་ཚེ་ན་འཁོར་བ་ལས་གྲོལ་ཏེ་ཐར་པ་ཐོབ་ཆེད་དཀའ་ཐུབ་སྤྱོད་པའི་དགེ་སྦྱོང་བ་བསྟེན་ཅིང་།  ཁོང་གིས་དཀའ་བ་དྲག་པོར་སྤྱད་པ་ཧ་ལམ་ཟས་ཡོངས་བཅད་པའི་ཚད་ལ་སླེབས།  མཐར ་ལུས་ཀྱི་ཟུངས་ཟད་ཅིང་འཆི་བ་ལ་ཉེ་བར་བཅར།  དཀའ་སྤྱད་ལ་ཕན་ཡོན་མེད་པར་ཐར་པ་ཡི་གོ་འཕང་མ་རྙེད།  དེ་ནས་ཁོང་གིས་བློ་ཐག་རྦད་ཆོད་ཀྱིས་ཐབས་གཞན་དུ་ཞུགས་ཤིང་ཟས་ལ་རོལ།  མཐར་བྱང་ཆུབ་ཤིང་དྲུང་དུ་ནང་པ་པས་བཤད་པའི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་གོ་འཕང་བརྙེས།  མེ་གྷ་སི་ཏི་ནུ་སིས་རྒྱ་གར་བའི་ཁྲོད་དུ་སངས་རྒྱས་ཀྱི་བསྟན་པ་ལ་དད་པའི་མཚན་ཉིད་རིག་པ་ཁ་ཤས་ཀྱང་ཡོད་ཅེས་བྲིས་ཡོད་པ་ལས།  ཁོས་ཀྱང་ནང་པ་པ་དགེ་སྦྱོང་བའི་གྲས་སུ་བསྡུས་མེད་པ་མཐོང་ཐུབ།  མདོར་ན་ནང་ཆོས་ཀྱིས་དགེ་སྦྱོང་བའི་སྲོལ་རྒྱུན་རྒྱུད་འཛིན་བྱས་ཤིང་།  དེ་ཉིད་འཕེལ་རྒྱས་དང་ལེགས་བཅོས་བྱས་ཏེ་གྲུབ་མཐའ་རང་རྐྱ་བ་ཞིག་ཏུ་ཆགས་ཞེས་བཤད་ཆོག  

གོང་གི་གནས་ཚུལ་དེ་དག་འབྱོར་ལྡན་གྲལ་རིམ་གྱི་མཁས་པ་མང་ཆེ་བས་གོ་བ་མི་ལོན་པར།  ཁོ་ཚོས་རྒྱ་གར་ལ་མཚན་ཉིད་རིག་པ་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་གཅིག་ལས་མེད་ཅིང་།  ནང་ཆོས་དང་བྲམ་ཟེའི་ཆོས་ལུགས་ལ་གཅིག་རྒྱུད་གཅིག་གིས་བཟུང་བའི་འབྲེལ་བ་ཡོད་པར་འདོད།  བཤད་ཚུལ་དེ་ལྟར་ན།  གསང་བའི་གཞུང་ནི་ནང་ཆོས་ལས་བྱུང་སྔ་བ་ལ་གསང་བའི་གཞུང་གི་མཚན་བྱང་དང་ལྟ་གྲུབ་གདོན་མི་ཟ་བར་ནང་པའི་གཞུང་དུ་འབྱུང་དགོས།  ཡིན་ཡང་དོན་ལ་ལྟ་གྲུབ་ཁ་ཤས་ལ་ཐུན་མོང་གི་འདྲ་བའི་ཆ་ཡོད་པ་ལས་གཞན།  སྤྱིའི ་ལྟ་གྲུབ་ཀྱི་རྣམ་གཞག་མི་འདྲ་བ་མ་ཟད།  ཐ་ན་གསང་བའི་གཞུང་ཞེས་པའི་མཚན་བྱང་ཡང་ནང་པའི་གཞུང་དུ་རྙེད་མི་ཐུབ།  སངས་རྒྱས་ལ་མཚོན་ནས་བཤད་ན་གསང་བའི་གཞུང་ནི་རྩ་བ་ནས་མེད་པ་དང་འདྲ།  གནས་ཚུལ་དེ་འདྲར་ཕྲད་པ་ན།  མཁས་པ་དེ་དག་གིས་ཐབས་བརྒྱ་ཇུས་སྟོང་གིས་གཅིག་ཅིག་ཤོས་ཀྱི་འབྱུང་ཁུངས་ཡིན་པའི་འབྲེལ་བ་འཚོལ།  ཁ་ཅིག་ན་རེ།  མ་ཧཱ་བྷ་ར་ཏའི་ཁྲོད་ཀྱི་མཚན་ཉིད་རིག་པའི་སྙན་ཚིག་དེ་དག་ནི་གསང་བའི་གཞུང་ནས་ནང་ཆོས་དང་དགེ་སྦྱོང་བའི་གྲུབ་མཐའ་གཞན་གྱི་འབྲེལ་ཟམ་ཡིན་པར་བཤད།  དེ་ནི་ཐང་ཅི་ཧུ་ཏི་རླུང་འཁོར་དང་འཐབ་པ་(堂吉诃德大战风车)ཇི་བཞིན་འབྲས་བུ་ཅི་ཡང་ཡོད་མི་སྲིད།  

གལ་ཏེ་ཁོ་བོས་གོང་དུ་དབྱེ་ཞིབ་བྱས་པ་དག་འཐད་ལྡན་དུ་ཁས་ལེན་ན།  གནས་ཚུལ་འདི་འདྲ་འབྱུང་མི་སྲིད་པ་མ་ཟད།  ནང་ཆོས་རྒྱ་གར་དང་རྒྱ་གར་ལས་གཞན་དུ་ཉམས་རྐྱེན་རྟོགས་པ་ལའང་ཕན་སླེབས་ཆེ།  ནང་ཆོས་གཉའ་གནོན་མྱོང་བའི་གནའ་བོའི་སྡོད་དམངས་ཁྲོད་རྐང་བཙུགས་ནས་ཐམས་ཅད་སྡུག་བསྔལ་བ་ཡིན་པའི་རྣམ་གཞག་བཏོན་པ་མི་སྐོར་ཞིག་གི་བསམ་ཚུལ་དང་མཐུན་པ་བྱུང་(ཁོ་ཚོ་སྦྲིད་པར་བྱས་པའང་ཡིན)ལ།  དེ་འཁོར་བ་དང་ལས་འབྲས་ལ་ཡིད་རྟོན་པས་རིགས་རྒྱུད་ཀྱི་ལམ་ལུགས་བཀག་ཅིང་།  རྩ་བའི་ཆ་ནས་རིགས་རུས་ཐམས་ཅད་ལ་ཁྱད་མེད་དུ་ལྟ་ཞིང་།  བྲམ་ཟེ་དང་འདྲ་བར་གཞན་ཁྱད་དུ་བསད་ནས་སྤྱི་ཚོགས་ཁ་ཐོར་དགུ་ཐོར་དུ་གཏོང་བར་མི་བྱེད་ལ། དེས་བྲམ་ཟེས་ཕྱུགས་ཀྱི་མཆོད་སྦྱིན་བཀག་པ་དམངས་ཀྱི་རེ་འདོད་དང་མཐུན།  ནང་པ་པ་ལུས་ཤུགས་ངལ་རྩོལ་ལ་མི་འཇུག་པར་བསོད་སྙོམས་ལ་བརྟེན་མོད།  ཁོ་ཚོས་རྒྱུ་ནོར་གང་ཡང་བདག་གིར་བྱེད་མི་རུང་ལ།  ཁང་བ་དང་།  ཟོག་ལུག  ཞིང་ས་སོགས་བདག་ཏུ་བྱེད་མི་རུང་ཞིང་།  ཉོ་ཚོང་བྱེད་མི་རུང་ལ་གསེར་དངུལ་འཛིན་མི་རུང་བས་མི་དམངས་དང་འགལ་བ་ཆེན་པོ་མེད། ནང་ཆོས་སུ་མི་དམངས་མང་ཚོགས་ཀྱི་སྐད་ཆ་སྤྱོད་དགོས་པར་བཞེད་ལ།  འདི་ནི་བྲམ་ཟེས་ལེགས་སྦྱར་སྤྱོད་པ་དང་བསྡུར་ན་མི་དམངས་དང་ཉེ་བར་བཅར་ཞིང་ཆོས་ཀྱི་གཞུང་དོན་སྤེལ་བ་ལ་དགེ་མཚན་ཆེན་པོ་ཡོད་ཅིང་།  དེས་དཀའ་ཐུབ་འགོག་པའི་ཆ་ནས་ཡང་དགེ་སྦྱོང་བའི་གྲུབ་མཐའ་གཞན་ལས་ལྷག  རྒྱུ་རྐྱེན་དེ་དག་གི་སྟབས་ཀྱིས།  དེ་ཉིད་རྒྱ་གར་དུ་ཆུང་ངུ་ནས་ཆེན་པོར་གྱུར་ཏེ་མཐར་རྒྱལ་རབས་ཆེན་པོའི་རྒྱལ་ཁབ་ཀྱི་ཆོས་ལུགས་སུ་གྱུར་ཅིང་།  རྒྱ་གར་ཕྱི་ལ་དར་རྗེས།  དེས་མི་རིགས་ཐམས་ཅད་ལ་ཁྱད་མེད་དུ་བལྟས་པས་ཡ་གླིང་གི་རྒྱལ་ཁབ་ཁ་ཤས་སུ་ད་ལྟའི་བར་དུ་དར་ཁྱབ་བྱུང་ཡོད།  མར་ཁེ་སིས་ཆོས་ལུགས་ནི་དངོས་ཡོད་གོ་ལྡོག་པའི་གཞུང་ལུགས་ཡིན་པར་འདོད་ལ།  ནང་ཆོས་ཀྱང་དེ་ལས་མ་འདས་པར།  ནམ་ཞིག་དངོས་ཡོད་གོ་ལྡོག་མི་དགོས་པའི་དུས་སུ་སླེབས་ཙ་ན།  ནང་ཆོས་གནས་པའི་རྩ་བའང་རིམ་གྱིས་མེད་པར་འགྱུར་ངེས་ཡིན།  
                            1965ལོའི་ཟླ་གསུམ་པ།
  
                                རྩོམ་སྒྲིག་པ། མྱི་གསར་བ།
མཆན།  

季羡林著:《佛教十六讲》[C]  武汉:长江文艺出版社,2015年6月,第9-23页。
 རྩོམ་འདིར་དྲངས་པའི་ཨིན་ཀེ་སིའི་གསུངས་ཐམས་ཅད་《པུ་ལུའུ་ནོ་པོ་ཝེའར་དང་གདོད་མའི་ཡེ་ཤུའི་ཆོས་ལུགས་》 ཞེས་པར་གསལ་ལ།  རྩོམ་དེ་《ཨིན་ཀེ་སིས་གདོད་མའི་ཡེ་ཤུའི་ཆོས་ལུགས་ཀྱི་ལོ་རྒྱུས་གླེང་བ་》ཞེས་པར་བཀོད་ཡོད།  མི་རིགས་དཔེ་སྐྲུན་ཁང་གི་1961ལོའི་དཔར།  (文中所引恩格斯语皆见《布鲁诺·鲍威尔和原始基督教》一文。该文载《恩格斯论原始基督教史》,人民出版社1961年版。)

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease