༢ གདོད་མའི་ནང་བསྟན་གྱི་ལོ་རྒྱུས་འབྱུང་ཁུངས་ཀྱི་གནད་དོན།

    ཡིག་སྒྱུར་བ། སྒྲོལ་དཀར་ཚེ་རིང་།


གདོད་མའི་ནང་བསྟན་གྱི་ལོ་རྒྱུས་འབྱུང་ཁུངས་ཀྱི་གནད་དོན།
                ཅིས་ཞན་ལིན་གྱིས་བརྩམས།  
                       
སྒྲོལ་དཀར་ཚེ་རིང་གིས་བསྒྱུར།


གཉིས།  སྐབས་དེའི་བསམ་བློ་བའི་སྡེའི་གནས་ཚུལ།  
 
གོང་དུ་བཤད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱི་གནས་ཚུལ་དེ་གདོན་མི་ཟ་བར་བསམ་བློའི་ཁྱབ་ཁོངས་སུ་མངོན་པར་ངེས།  ངེས་བརྗོད་རིག་བྱེད་ཀྱི་དུས་རབས་(ཕྱི་ལོའི་སྔོན་གྱི་ཉིས་སྟོང་ལོའི་དུས་དཀྱིལ)སུ་འཕགས་པའི་མི་རིགས་ནི་སྤྲོ་སྣང་དང་ལྡན་ཞིང་ནམ་རྒྱུན་སྔོན་ལ་ཕྱོགས་ཡོད།  སྐབས་དེར་ཁོ་ཚོས་རྒྱ་གར་ལ་བཙན་འཛུལ་བྱས་ནས་རིང་བོ་ཕྱིན་མེད་ཅིང་རྒྱུན་པར་ཡུལ་དེའི་སྡོད་དམངས་དང་འཐབ་འཁྲུག་བྱེད།  ལྷ་ལ་བསྟོད་པའི་གླུ་མང་པོར།  ཁོ་ཚོས་ལྷས་མགོན་སྐྱོབ་གནང་པར་འབོད་པ་གཏོང་ཞིང་རྒྱལ་ཁ་ཐོབ་པར་སྨོན་ལམ་འདེབས།  ཁོ་ཚོ་འཆི་བ་ལ་མི་སྐྲག་པར་གཡུལ་ནས་ཤི་རྗེས་དགུང་དུ་གཤེགས་པར་འདོད།  ཕྱིས་སུ་གཤིན་རྗེ་རྒྱལ་པོ་ཡོད་པར་གྱུར་མོད།  ཁོའི་རྒྱལ་ཁམས་ནི་འཇིགས་ཤིང་སྐྱི་གཡའ་བ་ཞིག་མ་ཡིན་པར་དེ་ལ་གཏན་གྱི་བདེ་བས་ཁེངས་ཡོད།  དུས་ཀྱི་འགྱུར་བ་དང་བསྟུན་ནས་ཤར་དུ་བརྟོལ་བའི་གོ་རིམ་ཁྲོད་ཁོ་ཚོ་རང་བྱུང་དང་མིས་བྱས་པའི་དཀའ ་ཁག་ལ་ཕྲད་ཅིང་།  རིམ་བཞིན་ཇེ་མང་ནས་ཇེ་མང་དུ་གྱུར། ཟོལ་མེད་བློ་གཤོགས་ཆེ་བའི་སྤྲོ་སྣང་གི་སེམས་ཁམས་ལ་རིམ་གྱིས་སྐྱོ་གདུང་གི་མདངས་བྱུག་ཀྱང་།  རྩ་བའི་ཆ་ནས་སྔར་བཞིན་སྤྲོ་སྣང་དང་ལྡན།  བསམ་བློ་དེའི་ཚབ་བྱེད་ནི་བྲམ་ཟེ་ཡིན།  དེ་དང་དུས་མཚུངས་སུ་མི་ཡི་རིགས་གཞན་ཞིག་གིས་བསམ་བློ་གཞན་ཞིག་གི་ཚབ་བྱེད་ཅིང་།  དེ་ནི་བྲམ་ཟེའི་ཆོས་ལུགས་དང་།  ནང་ཆོས།  དེ་བཞིན་སྐབས་དེའི་གྲུབ་མཐའ་གཞན་གྱིས་དགེ་སྦྱོང་ཞེས་སུ་འབོད་པ་དེ་ཡིན།  

དགེ་སྦྱོང་ནི་ཅི་ལྟ་བུ་ཞིག་ཡིན་ནམ་ཞེ་ན།  མིང་ལ་《ངེས་བརྗོད་རིག་བྱེད་》དུ་བྱས་པའི་སྙན་ཚིག་ཅིག་ཏུ།  སྐྲ་རིང་བོ་བཞག་ཅིང་གོས་རྙིང་པ་གོན་ལ།  ཕྱི་གོས་ཁམ་མདོག་ཡིན་པ་དགུང་དུ་འཕུར་ཞིང་དུག་ཁུ་བཏུང་བའི ་མིང་ལ་“མུ་ནེ་”རུ་འབོད་པ་ཞིག་ཞིབ་འབྲི་བྱས་ཡོད། རིག་བྱེད་དུས་རབས་ཀྱི་འཕགས་པའི་མི་རིགས་ལ་མཚོན ་ན།  མི་དེ་འདྲ་ནི་ཧ་ཅང་རྒྱུས་མེད་ཡིན་ལ།  ཁོ་ཚོ་བྲམ་ཟེ་དང་རྩ་བ་ནས་མི་འདྲ་བ་མངོན་པར་གསལ།  དེ་ལ་ལུགས་དང་མཐུན་པའི་འགྲེལ་བཤད་ཉག་ཅིག་ནི།  དེ་ནི་གཉུག་མར་གནས་པའི་སྡོད་དམངས་ཀྱི་ཆོས་ལུགས་ཀྱི་ཚབ་བྱེད་དེ།  དཀའ་ཐུབ་སྤྱོད་པའི་དགེ་སྦྱོང་ཞེས་སུ་འབོད་པ་དེ་ཡིན།  

ནང་པའི་གཞུང་དུ་ནམ་རྒྱུན་དགེ་སྦྱོང་དང་བྲམ་ཟེ་མཉམ་དུ་གླེང་ཡོང་།  གྷི་རི་སིའི་མི་མེ་གྷ་སི་ཏི་ནུ་སི་ (梅伽斯提尼斯)ལགས་ཀྱིས་ཁོ་རང་ཕྱི་ལོའི་སྔོན་གྱི་དུས་རབས་3པ་དང་4པར་རྒྱ་གར་དུ་སོང་བའི་མྱོང་བརྒྱུད་འབྲི་དུས།  རྒྱ་གར་དུ་མཚན་ཉིད་རིག་པ་བ་གཉིས་ཡོད་ལ།  གཅིག་ལ་བྲམ་ཟེ་ཟེར་ཞིང་།  ཅིག་ཤོས་ལ་དགེ་སྦྱོང་ཟེར་ཚུལ་གླེང་ཡོད།  དགེ་སྦྱོང་ནི་གྲོང་ཁྱེར་དུ་མི་སྡོད་ཅིང་།  ཐ་ན་ཁང་བའི་ནང་དུའང་མི་འདུག་པར་གོས་སུ་ཤིང་ཤུན་གྱོན་ལ།  ཟས་སུ་མོན་ཆ་རའི་འབྲས་བུ་བསྟེན་པ།  སྙིམ་པས་ཆུ་འཐུང་ལ།  གཉེན་སྒྲིག་མི་བྱ་ལ་ཕྲུ་གུའང་མི་སྐྱེ་བར།  དཀའ་ཐུབ་སྤྱོད་ཅིང་།  སར་བསྡད་དེ་ཉིན་ཧྲིལ་པོར་འགུལ་བར་མི་བྱ།  མིག་སྔར་ལག་སོན་བྱུང་བའི་ཡིག་ཆ་གཞིར་བཟུང་ན།  ཞིབ་འབྲི་དེ་དག་ནི་དོན་ལ་གནས་པ་ཞིག་ཡིན།  

དགེ་སྦྱོང་དེ་དག་གི་མཚན་ཉིད་རིག་པའི་ལྟ་གྲུབ་དང་ཆོས་ལུགས་དད་མོས་ནི་བྲམ་ཟེ་དང་གཅིག་འདྲ་མིན་པར། ཁོ་ཚོས་བྲམ་ཟེ་རྣམས་ཀྱིས་དད་པའི་རིག་བྱེད་ཁྲོད་ཀྱི་ལྷ་ཆེན་པོ་དེ་དག་ལ་རྩ་བ་ནས་དད་པ་མི་བྱེད།  ཁོ་ཚོས་སྐྱེ་བ་སྔ་ཕྱི་ཡོད་པར་འདོད་ཅིང་།  འཁོར་བའི་རྣམ་གཞག་གི་རྩ་བར་གྱུར་པའི་ལས་ཀྱི་རྣམ་གཞག་ནི་ཁོ་ཚོའི་ཆོས་ལུགས་དད་མོས་ཀྱི་སྙིང་པོ་ཡིན།  དེ་ཡང་ལས་ཀྱི་རྣམ་གཞག་ཅེས་པ་ནི་ད་ལྟའི་གར་བྱས་ཀྱི་ལས་ཀྱི་བཟང་ངན་གྱིས་ཕྱི་མའི་སྐྱེ་བ་བཟང་ངན་ཐག་གིས་གཅོད་པ་ལ་ཟེར།  ལས་དགེ་སྡིག་གང་བྱས་ཀྱང་རྒྱུ་ཡོད་ན་གདོན་མི་ཟ་བར་འབྲས་བུ་འབྱུང་བས།  ངེས་ཅན་དུ་སྐྱེ་བ་ལེན་དགོས་ཤིང་།  ཁོ་ཚོ་སྐྱེ་བ་ལེན་པར་མི་དགའ་ཞིང་འཁོར་བར་ལྟུང་བར་མི་འདོད་པས།  ཐབས་སྣ་ཚོགས་སྤྱད་ནས་འཁོར་བ་ལས་ཐར་པར་རེ།  ཁོ་ཚོས་དཀའ་ཐུབ་སྤྱོད་པ་ནི་དམིགས་ཡུལ་དེ་འགྲུབ་བྱེད་ཀྱི་ཐབས་སུ་འདོད།  ལྟ་ཚུལ་དེ་དག་ཐམས་ཅད་ཀྱི་རྩ་བ་ནི་སྐྱོ་སྣང་རིང་ལུགས་ཡིན་པ་མཐོང་སླ།  རིང་ལུགས་དེ་འཛིན་མཁན་ནི་དབང་སྒྱུར་བ་དང་རྒྱལ་ཁ་ཐོབ་མཁན།  འཚོ་བ་སྐྱིད་པོར་རོལ་མཁན་དག་རྩ་བ་ནས་མ་ཡིན་པར།  དབང་སྒྱུར་མྱོང་མཁན་དང་།  ཕམ་ཁ་རེག་མཁན།  འཚོ་བ་སྡུག་གིས་མནར་བའི་རྒྱ་གར་གྱི་གཉུག་མར་གནས་པའི་སྡོད་དམངས་ཡིན་ངེས།  ཁོ་ཚོ་འཕགས་པའི་མི་རིགས་ཀྱི་བྲན་བཀོལ་འོག་ཏུ་གནས་ཤིང་།  འཚོ་བས་ཁོ་ཚོ་ལ་སྡུག་བསྔལ་འབའ་ཞིག་བསྐྱལ་ཡོང་།  དེ་བས་ཁོ་ཚོ་ཚེ་འདི་ལ་སྤྲོ་བ་ཅི་ཡང་མེད་པ་མ་ཟད།  སྐྱེ་བ་ཕྱི་མའང་མེད་ན་བསམ། མི་ལ་ལས་དཀའ་ཐུབ་སྤྱོད་པ་ལ་བརྟེན་ནས་རང་ཉིད་འཁོར་བ་ལས་གྲོལ་བར་འདོད་ཅིང་། དཀའ་སྤྱོད་རིང་ལུགས་ཀྱིས་ཀྱང་གཉའ་གནོན་དང་བྲན་བཀོལ་མྱོང་མཁན་ལ་སྲིད་པའི་ལོངས་སྤྱོད་ཅི་ཡང་མ་ཐོབ་པའི་ཅི་བྱ་གཏོལ་བྲལ་གྱི་སེམས་ཁམས་མཚོན་ཡོད།  
དགེ་སྦྱོང་གིས་མཚོན་པའི་བསམ་བློ་ནི་དབང་དུ་བསྡུས་པའི་གཉུག་མར་གནས་པའི་སྡོད་དམངས་ཀྱི་བསམ ་བློ་དེ་ག་རང་ཡིན་ལ།  བྲམ་ཟེའི་བསམ་བློ་དང་དགེ་སྦྱོང་གི་བསམ་བློ་ནི་རྩ་བ་ནས་ཁ་གཏད་དུ་ལངས་ཡོད།  བྲམ་ཟེས་ལྷ་ལ་དད་ཅིང་མཆོད་སྦྱིན་གཡང་གསོལ་བྱེད་དགོས་པར་འདོད་ཀྱང་།  དགེ་སྦྱོང་གིས་ལྷ་ལ་མཆོད་པ་མི་བྱེད་པར།  ལས་ཀྱིས་བདེ་སྡུག་ཐག་གིས་གཅོད་ཅིང་།  རང་ཉིད་རང་གི་ལས་དབང་གི་བདག་པོ་ཡིན་པར་བཞེད་ལ།  ཁོ་ཚོས་ལྷའང་ལས་ཀྱི་གཞན་དབང་ཅན་ཡིན་པར་འདོད།  དེ་ནི་བྲམ་ཟེའི་རྩ་བ་སློག་པ་ཡིན་ལ།  སྲིད་འབྱོར་ཐད་ཀྱི་གྲལ་རིམ་འཐབ་རྩོད་དེ་འདུ་ཤེས་འཛིན་སྟངས་ཀྱི་ཡུལ་དུ་མངོན་པར་ཡང་བཤད་ཆོག  ཡིན་ཡང་ཕྱི་ལོའི་སྔོན་གྱི་དུས་རབས་7པ་དང་8པར་གསང་བའི་གཞུང་གསར་དུ་དར་པའི་ཚེ་ན།  རྣམ་པར ་དག་པའི་བྲམ་ཟེའི་ཆོས་ལུགས་ཀྱི་གསུང་རབ་ཏུ་རིམ་གྱིས་ལས་འབྲས་དང་འཁོར་བ་ལྟ་བུའི་སྐྱོ་སྣང་རིང་ལུགས་ཀྱི་དྲི་མ་དང་ལྡན་པའི་རྣམ་གཞག་བྱུང་།(བྲམ་ཟེའི་གཞུང་དུ་མགོ་འབུས་ཡོད་ཀྱང་སྲིད)  བྲམ་ཟེའི་རྟོག་གེའི་སྡེ་དྲུག་ལས་གྲངས་ཅན་པ་དང་རྣལ་འབྱོར་པའི་གཞུང་ལུགས་གཙོ་བོ་རྩ་བའི་ཆ་ནས་དགེ་སྦྱོང་དང་གཅིག་འདྲ་ཡིན།  བྲམ་ཟེའི་གསུང་རབ་ཏུ་བཀོད་པ་ལྟར་ན།  ཨརྱའི་རིགས་སུ་རྣམ་གཞག་གསར་པ་ཐོག་མར་སྒྲོག་མཁན་ནི་བྲམ་ཟེ་མ་ཡིན་པར་རྒྱལ་རིགས་ཡིན།  གསང་བའི་གཞུང་དུ་ལས་འབྲས་དང་འཁོར་བའི་རྣམ་གཞག་ནི་གསང་བའི་ཆོས་ཡིན་ཞིང་།  དེ་ནི་རྒྱལ་རིགས་འབའ་ཞིག་ལ་དབང་གི་བྲམ་ཟེས་ནི་ཐོས་ཀྱང་མ་མྱོང་ཚུལ་མང་དུ་གླེང་ཡོད།  གནས་ཚུལ་དེས་ཕྱོགས་གཅིག་ནས་བྲམ་ཟེ་དང་རྒྱལ་རིགས་ཀྱི་བསམ་བློའི་ཁྱབ་ཁོངས་ཀྱི་རྩོད་པ་མཚོན་ལ། ཕྱོགས་གཞན་ཞིག་ཏུ་དུས་དེ་ནས་བཟུང་སྟེ་བྲམ་ཟེའི་མཚན་ཉིད་ལྟ་གྲུབ་དང་ཆོས་ལུགས་དད་མོས་ཀྱིས་རིམ་བཞིན་ཡུལ་དེའི་སྡོད་དམངས་ཀྱི་ཆོས་ཁ་ཤས་དང་ལེན་བྱས་ཏེ།  རིག་བྱེད་ཀྱི་ལྟ་གྲུབ་དང་རིག་བྱེད་ཀྱི་ལྟ་གྲུབ་མ་ཡིན་པ་གཅིག་ཏུ་འདྲེ་མགོ་ཚུགས་པ་གསལ་བཤད་བྱས་ཡོད།  

གསང་བའི་གཞུང་ལས་ཅུང་འཕྱི་བའི་ཕྱི་ལོའི་སྔོན་གྱི་དུས་རབས་5པ་དང་6པ་ནང་ཆོས་གསར་དུ་དར་པའི་དུས་སུ།  རྒྱ་གར་གྱི་བསམ་བློ་བའི་སྡེར་སྔ་ན་མེད་པའི་འཁྲུག་ཆ་དོད་པོ་བྱུང་།  གཅེར་བུ་པའི་གསུང་རབ་ཏུ་བཀོད་པ་ལྟར་ན།  སྐབས་དེར་མཚན་ཉིད་གྲུབ་མཐའ་སུམ་བརྒྱ་དྲུག་ཅུ་རྩ་གསུམ་ཡོད་ཅིང་།  དེ་ལས་དྲུག་ཅུ་རྩ་གཉིས་ནང་པ་ལ་གཏོགས།  ནང་པའི་གསུང་རབ་《ལུང་རིང་མོ་》དང་《梵动经》ཞེས་པར་ལྟ་བ་(གྲུབ་མཐའ)དྲུག་ཅུ་རྩ་གཉིས་བཀོད་ཡོད་ཅིང་།  དེ་མིན་ནང་པས་རྒྱུན་པར་མུ་སྟེགས་སྟོན་པ་དྲུག་གླེང་ཡོང་།  དེ་ལས་སྐབས་དེར་གྲུབ་མཐའ་ཆེས་ཆེར་མང་ཞིང་རྩོད་གླེང་རྣམ་པར་རྒོད་པ་མཐོང་ཐུབ།  དེ་ཡང་བསྡུ་ན་གོང་དུ་བཤད་པའི་བྲམ་ཟེ་དང་དགེ་སྦྱོང་གཉིས་སུ་མ་འདུས་པ་མེད།  བྲམ་ཟེ་ལ་གཏོགས་པའི་གྲུབ་མཐའ་དག་གིས་བདག་དང་ཚངས་པ་ངོ་བོ་གཅིག་ཏུ་འདོད་ཅིང་།  མཆོད་སྦྱིན་གཡང་གསོལ་བྱ་དགོས་པར་བཤད་ལ།  དགེ་སྦྱོང་དུ་གཏོགས་པའི་གྲུབ་མཐའ་དག་གིས་ལས་འབྲས་དང་འཁོར་བ་འདོད་ཅིང་།  དཀའ་བ་སྤྱད་ན་ཐར་པ་ཐོབ་ཐུབ་པར་བཤད་ལ།  ཡོད་པ་ཐམས་ཅད་སྡུག་བསྔལ་བ་ཡིན་པར་འདོད།  གལ་ཏེ་ས་ཁུལ་གྱི་ངོས་ནས་བལྟས་ན།  སྔ་མ་ནུབ་ཕྱོགས་ཀྱི་འཕགས་པའི་མི་རིགས་འདུས་སྡོད་དང་དབང་བཟུང་བའི་ཡུལ་དུ་དར་ཅིང་།  ཕྱི་མ་ཤར་ཕྱོགས་ཀྱི་བྲམ་ཟེའི་རིག་གནས་རྭ་བའི་ཕྱི་རོལ་གྱི་རྒྱ་གར་གྱི་གཉུག་མར་གནས་པའི་སྡོད་དམངས་འདུས་སྡོད་བྱས་པའི་ཡུལ་དུ་དར།  ཚུལ་དེ་ནི་《ངེས་བརྗོད་རིག་བྱེད་》ནས་རིམ་གྱིས་འཕེལ་འགྱུར་བྱུང་བའི་འབྲས་བུ་ཡིན།  
སྐབས་དེ་དུས་སུ་དགེ་སྦྱོང་ལ་གཏོགས་པའི་གྲུབ་མཐའ་དག་གིས་ནུས་ཤུགས་གང་ཡོད་ཀྱིས་“སྲོག་མི་གཅོད ་པ་”(非杀)སྒྲོག་པར་བྱེད་ཅིང་།  དེས་གཉུག་མར་གནས་པའི་སྡོད་དམངས་ཀྱི་ཞིང་བའི་ཁེ་ཕན་གྱིས་ཚབ་བྱས་པ་དང་།  བྲམ་ཟེས་ཕྱུགས་ཀྱི་མཆོད་སྦྱིན་དང་།  འཕགས་པའི་མི་རིགས་ཀྱི་འབྲོག་པ་དག་གིས་ཕྱུགས་གསོད་པ་འཚོ་ཐབས་སུ་བྱེད་པ་དང་མདུང་རྩེ་ཁ་སྤྲོད་བྱས་ཡོད་པ་མངོན་པར་གསལ།  
ནང་ཆོས་བྱུང་དུས་ཀྱི་བསམ་བློ་བའི་སྡེའི་སྤྱི་བབ་གནས་ཚུལ་ནི་དེ་ལྟ་བུ་ཞིག་ཡིན།  

                               མུ་འགོད།
                                  རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease