འཇིག་རྟེན་གྱི་གཞི་རྩའི་གྲུབ་ཆ།

    རྩོམ་པ་པོ། ཚེ་དབང་བཀྲིས།

འཇིག་རྟེན་གྱི་གཞི་རྩའི་གྲུབ་ཆ།

                      རྩོམ་པ་པོ། ཚེ་དབང་བཀྲིས།


གཏོས་རྒྱ་ཤིན་ཏུ་ཆེ་བའི་བེམ་གཟུགས་འཇིག་རྟེན་གྱི་རྩ་བའི་འགྲུབ་གཞིའམ་གྲུབ་ཆ་མཐར་ཐུག་པ་དེ་ཅི་ཞིག་ཡིན་མིན་ནི།  མཚན་ཉིད་རིག་པའི་དཀའ་གནད་ཧ་ཅང་ཟབ་མོ་ཞིག་ཡིན།      ནུབ་གླིང་གི་མཚན་རིག་པ་བ་ཐོག་མ་ཋ་ལེ་སི་(Thales泰利斯)ཡིས་ཆུ་ཡིན་པར་བསམ་པ་དང་།    ཧི་ར་ཁི་ལིས་ཐི་(Heraclitus  赫拉克利特)ཡིས་མེ་ཉིད་དུ་འདོད་པ།   ཤར་ཕྱོགས་ཀྱི་ཕྱི་ནང་གི་ཆོས་ལུགས་གྲུབ་མཐའ་སྨྲ་བ་ཚོས་འབྱུང་བཞིའི་རྡུལ་ལ་འདོད་པ་སོགས་ལོང་བས་གླང་ཆེན་གྱི་འགྲེལ་བཤད་བཞིན་དུ་ལན་སྣ་ཚོགས་པ་ཞིག་བཏོན་ཡོད།
ཡིན་ན་ཡང་གནའ་རབས་ཀྱི་རྡུལ་ཕྲན་སྨྲ་བ་ནས་དེང་གི་ཚན་རིག་པའི་བར་གྱི་མཁས་དབང་རྣམས་པས་རྡུལ་ཕྲ་མོ་ནི་འཇིག་རྟེན་གྱི་རྩ་བའི་འགྲུབ་གཞིའམ་གྲུབ་ཆ་མཐར་ཐུག་པ་དེ་ཡིན་ཏེ།  དཔེར་ན།  འཇིག་རྟེན་ནི་ཁང་བ་ཞིག་ཡིན་པར་ཆ་བཞག་ན་རྡུལ་ཕྲ་མོ་ནི་སོ་ཕག་ལྟ་བུ་ཡིན་ཞེས་གཏན་ལ་ཕབ་པ་རེད།

 
གནའ་རབས་ཀྱི་ཨེ་ཊོམ་རྡུལ་ཕྲན་སྨྲ་བ།
དེ་ཡང་སྤྱི་ལོའི་སྔོན་གྱི་ལོ་500ནས་440བར་དུ་བྱོན་པའི་གྷི་རི་སིའི་(希腊)མཚན་ཉིད་རིག་པ་བ་ལེའོ་སེ་ཕ་སི་(Leucippus)留基伯ཞེས་པས་རགས་པའི་དངོས་གཟུགས་རྣམས་ཆ་སོ་སོར་བསིལ་བ་ན་མཐར་ཆ་ཕྱེ་རུ་མེད་པའི་ཆུང་མཐའི་རྡུལ་ཞིག་ལ་ཐུག་པར་འགྱུར་བའི་ལྟ་ཚུལ་བཏོན་ཞིང་། ནུབ་གླིང་ལ་མཚོན་ན་འདི་ནི་འཇིག་རྟེན་གྱི་རྩ་བའི་འགྲུབ་གཞི་རྡུལ་ཕྲན་དུ་འདོད་པའི་ལྟ་བ་ཆེས་ཐོག་མ་དེ་ཡིན་པར་གྲགས་ལ།  ཁོང་གི་སློབ་མ་ཚོས་རྡུལ་ཕྲན་གྱི་ལྟ་བ་དེ་ཙམ་བརྒྱུད་འཛིན་བྱས་ཏེ་དར་བ་ལས།  ལོ་རྒྱུས་ཀྱི་རྒྱུ་ཆ་མེད་པའི་དབང་གིས་མཚན་ཉིད་རིག་པ་བ་ཁོང་གི་མི་ཚེ་དང་བསམ་བློ་བརྩམས་ཆོས་ཀྱི་སྐོར་ཞིབ་ཕྲ་ཅི་ཡང་མི་ཤེས་པར་བཤད་འདུག།

མཚན་ཉིད་རིག་པ་བ་ལེའོ་སེ་ཕ་སིའི་སློབ་མ་ཊེ་མོད་ཀི་རི་ཊེ་སི་(Democritus德谟克利特 སྤྱི་ལོའི་སྔོན་ལོ་460-370)ཡིས་རང་གི་སློབ་དཔོན་གྱི་ལྟ་བ་དེ་བཟུང་ནས་ཆུང་མཐའི་རྡུལ་དེ་ལ་གྷི་རི་སིའི་སྐད་དུ་ཨེ་ཊོམ་ཨོ་ཨེ་སི་(Atomos)ཞེས་པའི་ཐ་སྙད་བཏགས་ཤིང་།  དུས་ཕྱིས་དབྱིན་སྐད་དུ་ཨེ་ཊོམ་A)tom(ཞེས་ཐོགས། ཐ་སྙད་དེ་གཉིས་ཀྱི་གོ་དོན་ནི་ཆ་ཤས་མེད་པའི་ཆུང་བ་མཐར་ཐུག་གི་རྡུལ་ཡིན་ཟེར་ལ།    དེ་ལྟ་ན་བོད་སྐད་ཀྱི་རྡུལ་ཕྲ་རབ་ཅེས་པ་དང་གོ་དོན་ཕྱོགས་མཚུངས་པ་རེད། 
 
མཚན་ཉིད་རིག་པ་བ་ཊེ་མོད་ཀི་རི་ཊེ་སི་ཁོང་ནི་གནས་བརྟན་སྡེ་པའི་སྟོན་པའི་འདས་ལོ་ལྟར་ན་སངས་རྒྱས་འདས་རྗེས་ཀྱི་ལོ་100སྐོར་ནང་གི་མི་སྣ་ཡིན་ཞིང་།འཇིག་རྟེན་གྱི་ཆོས་ཉིད་ལ་དཔྱོད་པའི་རྣམ་དཔྱོད་བཀྲ་བར་མ་ཟད།  ཨེ་ཅིབ་དང་ཏ་གཟིག་རྒྱ་གར་སོགས་ཡུལ་ཁམས་མང་པོར་རྒྱུ་འགྲུལ་དང་། ཤེས་རིག་སྣ་མང་ལ་རྒྱུས་ལོན་གྱི་མྱོང་བ་ཡོད་མཁན་ཞིག་ཡིན་པར་བཤད། དུས་དེར་རྒྱ་གར་གྱི་ཕྱི་ནང་གི་ལྟ་གྲུབ་ནང་དུ་ཡང་རྡུལ་ཕྲན་གྱི་རིག་པ་དར་བཞིན་ཡོད་པས།  རྒྱ་གར་གྱི་རྡུལ་ཕྲན་རིག་པ་དང་ནུབ་གླིང་གི་རྡུལ་ཕྲན་རིག་པའི་བར་དུ་ཡང་འབྲེལ་བ་ཅི་རིགས་ཡོད་སྲིད་པ་ཡིན།
       
དེ་རྗེས་གྷི་རི་སིའི་མཚན་ཉིད་རིག་པ་བ་ཡེ་ཕེ་ཀོ་ར་(Epicurus伊比鸠鲁སྤྱི་ལོའི་སྔོན་ལོ་341-170)ཞེས་པས་ཀྱང་ཊེ་མོད་ཀི་རི་ཊེ་སིའི་ཨེ་ཊོམ་རྡུལ་ཕྲན་གྱི་ལྟ་བ་བརྒྱུད་འཛིན་དང་དར་སྤེལ་བྱས།  ཁྱད་པར་དུ་གནའ་བོའི་རོ་མའི་མཚན་ཉིད་རིག་པ་བ་དང་སྙན་ངག་པ་ལོ་ཀི་རེ་ཊེ་སི་(Lucretius卢克莱修 སྤྱི་ལོའི་སྔོན་ལོ་99-55)ཡིས་《དངོས་པོའི་རང་བཞིན་བཤད་པ་》ཞེས་པའི་གཞུང་བརྩམས་ཤིང་།   གཞུང་དེའི་ལེའུ་དྲུག་པའི་ནང་དུ་འཇིག་རྟེན་གྱི་འགྲུབ་གཞི་ཨེ་ཊོམ་གྱི་རང་བཞིན་དང་།  ཨེ་ཊོམ་གྱིས་འཇིག་རྟེན་གྲུབ་ཚུལ་སྐོར་སྙན་ཚིག་གི་ལམ་ནས་འགྲེལ་བཤད་རྒྱས་པར་བྱས་ཡོད་པ་རེད།
    
མཚན་ཉིད་རིག་པ་བ་ཡེ་ཕེ་ཀོ་ར་དང་།    ལོ་ཀི་རེ་ཊེ་སི་གཉིས་ཀྱིས་བསྟན་བཅོས་དུ་མ་ཞིག་བརྩམས་མོད་ད་བར་ཕལ་ཆེ་བ་རྩ་མེད་དུ་ཉམས་ཟིན་ལ།   དེའི་རྒྱུ་མཚན་ནི་ཁོང་གཉིས་ཀྱིས་འཇིག་རྟེན་བྱེད་པོའི་ལྷ་ཁས་མི་ལེན་ཞིང་། འཇིག་རྟེན་གྱི་གྲུབ་གཞི་ཨེ་ཊོམ་རྡུལ་ཕྲན་ལ་འདོད་པས།   ལྟ་ཚུལ་དེ་ལ་མི་མོས་པའི་ཕྱིས་ཀྱི་མཚན་ཉིད་རིག་པ་བ་དང་།   སྲིད་གཞུང་།   ཆོས་པ་བཅས་ཀྱིས་མེད་རླག་བྱས་པ་སྟེ།  དུས་སྐབས་སྔ་ཕྱི་དེའི་ནུབ་གླིང་གི་མཚན་ཉིད་རིག་པ་བ་གཞན་ཕལ་མོ་ཆེ་དང་། ཆོས་ལུགས་པ་ཡོད་ཚད་ནི་འཇིག་རྟེན་བྱེད་པ་པོའི་ལྷ་ཁས་ལེན་པ་གང་ཞིག་ལ་སྤྱི་ཚོགས་དང་ལོ་རྒྱུས་ཐོག་ཤུགས་རྐྱེན་ཧ་ཅང་ཆེ་བ་ཡིན།    ཡིན་ཡང་སྟབས་ལེགས་པ་ཞིག་ལ་ལོ་ཀི་རེ་ཊེ་སིའི་བརྩམས་ཆོས་《དངོས་པོའི་རང་བཞིན་བཤད་པ་》ཞེས་པའི་གཞུང་དེ་སྤྱི་ལོ་1417བར་དུ་ལུས་ཏེ་བཤུ་འབྲི་བྱེད་ཐུབ་པ་བྱུང་ལ། སྤྱི་ལོ་1470ཙམ་ནས་པར་དུ་རྒྱ་ཆེར་བསྐྲུན་ཏེ་ཡོ་རོབ་གླིང་དུ་དར་བས་དུས་ཕྱིས་ཀྱི་རྡུལ་ཕྲན་མཚན་ཉིད་རིག་པའི་བསྐྱར་དར་དང་།  རྡུལ་ཕྲན་དངོས་ཁམས་རིག་པའི་གསར་དར་གྱི་མགོ་ཁུངས་སུ་གྱུར་པ་ཡིན་ནོ།  །

 
ཉེ་རབས་ཀྱི་ཨེ་ཊོམ་རྡུལ་ཕྲན་སྨྲ་བ།
སྤྱི་ལོ་1592ནས་1655བར་དུ་བྱུང་བའི་ཧྥ་རན་སིའི་མཚན་ཉིད་རིག་པ་དང་ཚན་རིག་པ་ཀ་སིན་དྷུ་(pierre Cassendi 伽桑狄)ཞེས་པས་ལོ་ཀི་རེ་ཊེ་སིའི་བརྩམས་ཆོས་《དངོས་པོའི་རང་བཞིན་བཤད་པ་》ཞེས་པའི་གཞུང་དེ་ལ་ཞིབ་འཇུག་བྱས་པས་ཨེ་ཊོམ་རྡུལ་གྱི་ལྟ་བ་ལ་གོ་བ་རྙེད་དེ། རྡུལ་ཕྲན་སྨྲ་བའི་རིགས་ལམ་གྱིས་ཨེ་ཊོམ་རྡུལ་ཁས་མི་ལེན་པའི་འདོད་པ་འགོག་པའི་གཞུང་བརྩམས་པས་གཞུང་དེ་ཉིད་ཤིན་ཏུ་དར་བར་གྱུར་ཏོ།།
 སྤྱི་ལོ་1652ལོར་དབྱིན་ཇིའི་མཚན་ཉིད་རིག་པ་དང་ཚན་རིག་པ་གྲགས་ཅན་པོ་ཡེལ་(RobertBoyle 罗伯特·波义耳སྤྱི་ལོ་1627-1691)གྱིས་ཀ་སིན་དྷུས་ཀྱི་གཞུང་དེ་བཀླགས་པས་ཨེ་ཊོམ་རྡུལ་ལ་སྤྲོ་བ་སྐྱེས་ཏེ་ཨེ་ཊོམ་རྡུལ་ལ་ཚན་རིག་གི་ཚོད་ལྟའི་ཞིབ་འཇུག་བྱས།    ཞིབ་འཇུག་གི་འབྲས་བུར་《རྡུལ་ཕྲན་གྱི་མཚན་ཉིད་རིག་པ་》ཞེས་པའི་གཞུང་བརྩམས་ཏེ་ཚན་རིག་གི་རིགས་ལམ་ནས་ཨེ་ཊོམ་རྡུལ་ལ་གསལ་བཤད་དང་།   རྫས་འགྱུར་གྱི་ཐབས་སྤྱིར་བཏང་བས་དེ་ལས་ཕྲ་རུ་དབྱེ་ཕྲལ་མི་ནུས་པ་གང་ཞིག།   གསར་བཟོ་བྱེད་མི་ནུས་པ་དང་།   རྩ་མེད་དུ་འགྲོ་རུ་མེད་པའི་རྡུལ་དེ་མ་རྡུལ་གྱི་མཚན་ཉིད་དུ་བཞག་པ་རེད།
སྤྱི་ལོ་1808ལོར་དབྱིན་ཇིའི་རྫས་འགྱུར་རིག་པ་བ་ཏོལ་ཐོམ་(JohnDalton 约翰·道尔顿 སྤྱི་ལོ་1766-1844)གྱིས་《རྫས་འགྱུར་རིག་པ་དང་མཚན་ཉིད་རིག་པའི་མ་ལག་གསར་བ་》ཞེས་པ་བརྩམས་ནས།    ཨེ་ཊོམ་རྡུལ་ཕྲན་གྱི་རིག་པའི་ལམ་སྲོལ་རྒྱས་པར་བྱས་པས།  ཨེ་ཊོམ་རྡུལ་ཕྲན་སྨྲ་བའི་གཞུང་ལུགས་དར་འཕེལ་ཆེན་པོ་བྱུང་།  ཁྱད་པར་དུ་རྫས་འགྱུར་རིག་པའི་ནང་དུ་རྡུལ་ཕྲན་གྱི་རིག་པའི་བཀོལ་སྤྱོད་ཆེན་པོ་བྱུང་བ་དང་།  ཚན་རིག་པ་མང་པོས་ཀྱང་ཨེ་ཊོམ་རྡུལ་ཕྲན་གྱི་རྣམ་བཞག་ལ་དོ་སྣང་ཆེན་པོ་བྱས། དེ་བས་ཁོང་གིས་ཉེ་རབས་ཀྱི་ཨེ་ཊོམ་རྡུལ་ཕྲན་གྱི་རིག་གཞུང་གསར་དུ་བཙུགས་པ་ཡིན་ཟེར། ཡིན་ཡང་སྐབས་དེར་ཨེ་ཊོམ་རྡུལ་ཕྲན་དེ་དོན་ལ་ཡོད་མེད་ཐད་ཐག་ཆོད་ངེས་ཀྱི་ཚན་རིག་གི་ཚོད་ལྟ་དང་ཞིབ་བཤེར་ཚད་ལྡན་ཞིག་བྱ་མ་ཐུབ་པས།   ཚན་རིག་པ་གྲགས་ཅན་འགའ་རེས་ཨེ་ཊོམ་རྡུལ་ཕྲན་གྱི་རིག་གཞུང་ལ་ཐེ་ཚོམ་འཆང་བའི་གནས་ཚུལ་ཡོད་པ་རེད།
 

 དེང་རབས་ཀྱི་མ་རྡུལ་དངོས་ཁམས་རིག་པ།
 མ་རྡུལ་(原子 )ཞེས་པ་ནི་ཨེ་ཊོམ་གྱི་མིང་གཞན་ཞིག་ཡིན་ལ།   མ་རྡུལ་དངོས་ཁམས་རིག་པ་ནི་མ་རྡུལ་གྱི་ངོ་བོའམ་ནང་ཁུལ་གྱི་གྲུབ་ཚུལ་དང་།  དེའི་འགུལ་སྐྱོད།གློག་སྡུད་ར་བ་དང་།  གློག་རླབས་བར་གྱི་བྱེད་ནུས།  མ་རྡུལ་ཕན་ཚུན་བར་གྱི་བྱེད་ནུས་བཅས་ལ་ཞིབ་འཇུག་བྱེད་པའི་རིག་པ་ཞིག་ཡིན།   དེ་ཡང་དུས་རབས་20པའི་ནང་རྡུལ་ཕྲན་པར་ལེན་འཕྲུལ་ཆས་དང་།  ཕྲ་མཐོང་ཆེ་ཤེལ།  རྡུལ་ཕྲན་འགྲོས་སྣོན་འཕྲུལ་ཆས་སོགས་འཕྲུལ་གྱི་ཐབས་སྣ་ཚོགས་ལ་བརྟེན་ནས་ཨེ་ཊོམ་རྡུལ་ཕྲན་ལ་བརྟགས་དཔྱད་དང་ཞིབ་འཇུག་བྱས་པས།   ལོ་ངོ་ཉིས་སྟོང་ལྷག་གི་རིང་ལ་མཚན་ཉིད་རིག་པ་བ་དང་ཚན་རིག་པ་རྣམས་ཀྱི་ཡོད་མེད་རྩོད་གཞི་རུ་གྱུར་པའི་ཨེ་ཊོམ་རྡུལ་ཕྲན་དེ་དོན་དངོས་སུ་ཡོད་པར་ཐག་ཆོད་པ་བྱུང་བ་རེད།  
ཁྱད་པར་དུ་སྤྱི་ལོ་1933ལོར་མཇར་མན་གྱི་ཚན་རིག་པ་རོས་སི་ཁ་(TRuska 鲁斯卡)ཡིས་གློག་རྡུལ་ཕྲ་མཐོང་ཤེལ་གསར་བཏོད་བྱས་པ་དང་།     དེའི་ཆེར་སྐྱེད་མཐོང་ནུས་ནི་ལྡབ་ས་ཡ་ལ་ཟིན།   ཡང་1981ལོར་བཤེར་འབེབས་ཕུག་ལམ་ཕྲ་ཤེལ་གསར་བཏོད་བྱས་པ་དང་དེའི་ཆེར་སྐྱེད་མཐོང་ནུས་ནི་ལྡབ་དུང་ཕྱུར་ཡིན།   དེ་ནི་མཇར་མན་(德国)གྱི་ཚན་རིག་པ་པེན་ནི་ཀི་ (Binning 宾尼)དང་།      སུ་ཝེས་ཙེར་(瑞士)གྱི་ཚན་རིག་པ་རོ་རེར་(Rohrer罗雷尔)གཉིས་ཀྱིས་མཉམ་འབྲེལ་གྱིས་ཇུས་འགོད་བྱས་ཏེ་བཟོས་པའོ། །   ཚན་རིག་པ་དེ་གསུམ་ལ་ཕྲ་མཐོང་ཤེལ་(kine-scope显微镜)གསར་བཏོད་མཛད་རྗེས་སྟེང་ནས་སྤྱི་ལོ་1986ལོར་ནོ་བྷེར་དངོས་ཁམས་རིག་པའི་བྱ་དགའ་ཐོབ།  དེ་ཡང་ཕྲ་མཐོང་ཤེལ་ཞེས་པ་ནི་གཟུགས་ཕྲ་མོ་རྣམས་ལྡབ་དུ་མར་ཆེ་རུ་བསྐྱེད་དེ་མཐོང་བར་ནུས་པའི་ཤེལ་གྱི་ཡོ་ཆས་ཁྱད་པར་བ་ཞིག་ཡིན།  དེ་ལྟར་མཐོང་ནུས་ཚད་མེད་པའི་ཕྲ་མཐོང་ཤེལ་དེ་དག་ལ་བརྟེན་ནས་མ་རྡུལ་གྱི་ལྗོངས་རིས་པར་དུ་བླངས་པས།  ད་གཟོད་མ་རྡུལ་གྱི་ཆགས་ཚུལ་དེ་མིའི་རིགས་ཀྱིས་དངོས་སུ་ལྟ་ཞིབ་བྱེད་ཐུབ་པ་བྱུང་བ་རེད།  འོག་གི་པར་རིས་འདི་ནི་ལྕགས་ཀྱི་ཨེ་ཊོམ་རྡུལ་ཕྲན་འགའ་ལྕགས་ལེབ་ཆུང་ངུ་ཞིག་གི་སྟེང་དུ་བཞག་ཡོད་པའི་འདྲ་པར་ངོ་མ་ཡིན་ཞེས་ཚན་རིག་པ་སི་ཊེ་ཝུན་(Steven Chu 朱棣文)གྱིས་སེམས་དང་སྲོག་གི་བགྲོ་གླེང་ཐོག་ཏུ་གོང་ས་རིན་པོ་ཆེ་སོགས་ལ་ངོ་སྤྲོད་བྱས་འདུག།   ཁོང་གིས་ལ་ཟེར་འོད་ཀྱིས་མ་རྡུལ་གྲང་འགྱུར་བྱེད་ཐབས་བཏོད་པས་སྤྱི་ལོ་1997ལོར་ནོར་བྷེལ་དངོས་ཁམས་རིགས་པའི་རྟགས་མ་ཐོབ་བོ།  ། དེ་ལྟར་དུས་རབས་བཅུ་དགུའི་ནང་ཚུན་ནས་ཚན་རིག་པ་རྣམས་ཀྱིས་ཨེ་ཊོམ་ལ་བརྟགས་དཔྱད་ཟབ་མོ་བྱས་ཏེ་དབུས་རྡུལ་(核子)དང་།  གློག་རྡུལ་(电子)དང་།   ཕོ་རྡུལ་(质子)དང་།   མ་ནིང་རྡུལ(中子)དང་།    ཁར་ཁིའི་(夸克)རྡུལ་བཅས་གཞུང་ལུགས་ཀྱིས་སྔོན་དཔག་དང་ཞིབ་འཇུག་ཚོད་ལྟས་ར་སྤྲོད་སྒོ་ནས་མ་རྡུལ་གྱི་ཆགས་ཚུལ་ཞིབ་གསལ་ཤེས་རྟོགས་བྱུང་སྟེ།   དེང་རབས་ཀྱི་མ་རྡུལ་དངོས་ལུགས་རིག་པའི་གཞུང་ལུགས་གསར་བ་དེ་དར་ཞིང་རྒྱས་པའོ།  །
དེ་ཡང་གནའ་རབས་ཀྱི་མཚན་ཉིད་རིག་པ་བ་ཚོས་ཨེ་ཊོམ་ནི་བར་ཁོངས་དང་ཆ་ཤས་མེད་པའི་རྡུལ་གྱི་ཆུང་མཐའ་རུ་འདོད་མོད།  དེང་རབས་ཚན་རིག་པས་ཤེས་རྟོགས་བྱུང་བ་ལྟར་ན།  ཨེ་ཊོམ་ནི་དབུས་རྡུལ་དང་གློག་རྡུལ་མཉམ་འདུས་ཀྱིས་གྲུབ་པའི་རྡུལ་ཕྲ་མོ་ཞིག་ཡིན་ཏེ།  ཕྲ་མོ་ཅི་འདྲ་ཞིག་ཡིན་ཞེ་ན།  ཧའེ་མ་རྡུལ་གྱི་ཚངས་ཐིག་ལ་ལིས་སྨི་1/1000000ཡིན་པར་བཤད་ལ།   གྲངས་ཐངས་འདིའི་དོན་ནི་ལིས་སྨི་གཅིག་དེ་ཆ་ས་ཡ་རུ་བགོས་པའི་ཆ་གཅིག་གི་དོན་ཡིན།  དེ་བཞིན་མ་རྡུལ་ཕྲ་མོ་དུང་ཕྱུར་གཅིག་འཕྲེང་ལྟར་དུ་བསྒྲིགས་ན་ལིས་སྨི་གཅིག་ཙམ་ཡོད་ཅེས་དུས་རབས་ཉི་ཤུ་བའི་དངོས་ཁམས་ཚན་རིག་པ་དག་གིས་ཞིབ་འཇུག་སྒོ་ནས་བཤད་དོ།   །
དབུས་རྡུལ་དང་གློག་རྡུལ་མཉམ་དུ་འདུས་ཚུལ་ནི་དཔེ་རིས་ལས་གསལ་བ་ལྟར་དབུས་རྡུལ་དཀྱིལ་དུ་གནས་པ་ལ། གློག་རྡུལ་གྱིས་མཐའ་ནས་སྐོར་བཞིན་ཡོད་པ་རེད།  དོན་འདི་ཉིད་གློག་རྡུལ་གསར་རྙེད་པ་ཐོམ་སོན་(Thom son 汤姆孙)གྱི་སློབ་མ་དབྱིན་ཇིའི་རླབས་ཆེན་ཚན་རིག་པ་རོ་ཟེར་ཧྥོར་(Rutherford 卢瑟福 1871~1937)གྱིས་1911ལོར་གསར་རྟོགས་བྱུང་།    ཁོང་གིས་གློག་རྡུལ་ནི་འཁོར་ལམ་བརྒྱུད་ནས་དབུས་རྡུལ་ལ་སྐོར་བ་སྟེ།  དེ་ནི་རྒྱུ་སྐར་གྱིས་ཉི་མར་སྐོར་བ་དང་ཆ་མཚུངསཔརགསུངསཤིང་།    ཐ་སྙད་གཞན་ལ་མ་རྡུལ་གྱི་ཁྱིམ་རྒྱུད་ཀྱང་ཟེར།  མ་རྡུལ་གྱི་དཔེ་རིས་ནང་གི་ཐིག་ལེ་མཐིང་དམར་མཉམ་འདུས་དེས་དབུས་རྡུལ་དང་།   ཐིག་ལེ་སེར་པོ་དེས་གློག་རྡུལ།   ཁ་དོག་སྔོ་སྐྱ་དེས་གློག་རྡུལ་གྱིས་དབུས་རྡུལ་ལ་སྐོར་བའི་འཁོར་ལམ་གྱི་བར་སྟོང་མཚོན་ལ།  མ་རྡུལ་ནང་གི་བེམ་པོས་མ་རྡུལ་གྱི་10-9ཐེར་ཤས་མ་གཏོགས་མི་ཟིན་པས་སྟོང་ཆ་ནི་མ་རྡུལ་གྱི་གྲུབ་ཆ་གཙོ་བོ་ཡིན་ཟེར།
ཚན་རིག་པ་སི་ཊེ་ཝུན་གྱིས། མ་རྡུལ་དེ་རྐང་རྩེད་སྤོ་ཐང་གི་ཚད་ཡིན་ན་དབུས་རྡུལ་ནི་སྤོ་ཐང་ནང་དུ་ཡོད་པའི་ནས་འབྲུ་ཙམ་དང་།   མ་རྡུལ་དེ་ས་གོ་ལའི་ཚད་ཡིན་ན་གློག་རྡུལ་ནི་ཏིལ་འབྲུ་ཙམ་ཡིན།   ཞེས་དཔེ་འཇོག་སྒོ་ནས་སེམས་དང་སྲོག་གི་བགྲོ་གླེང་ཐོག་ཏུ་བཤད་ལ།  བཤད་ཚུལ་དེ་ལས་མ་རྡུལ་ནང་གི་སྟོང་ཆ་དང་།  གློག་རྡུལ་གྱི་ཆེ་ཆུང་གི་ཚད་གང་འདྲ་ཡིན་པ་ཡིད་ངོར་གསར་བར་འཆར་ཐུབ་པ་ཞིག་རེད།  དེ་བཞིན་དབུས་རྡུལ་ཡང་ཕོ་རྡུལ་དང་མ་ནིང་རྡུལ་གཉིས་འདབ་འབྱོར་དུ་གནས་པས་གྲུབ་པ་ཡིན་ལ། རྒྱུ་མཚན་དེས་ན་ཨེ་ཊོམ་ནི་བར་ཁོངས་དང་ཆ་ཤས་མེད་པའི་རྡུལ་གྱི་ཆུང་མཐའ་དེ་མ་ཡིན་པར།  དབུས་རྡུལ་དང་གློག་རྡུལ་གྱི་བར་ཁོངས་བཅས་པ་དང་།    གློག་རྡུལ་དང་ཕོ་རྡུལ་མ་ནིང་རྡུལ་གྱི་ཆ་ཤས་དང་བཅས་པར་འདོད་ཀྱི་ཡོད།
སྤྱི་ལོ་1895ལོར་འཇར་མན་གྱི་ཚན་རིག་པ་རོན་ཅན་(Rontgen 伦琴)གྱིས་Xའཕྲོ་ཐིག་གསར་རྙེད་བྱུང་སྟེ།  1901ལོར་ནོ་བྷེར་དངོས་ཁམས་རིག་པའི་བྱ་དགའ་ཐོབ་པ་དང་།      སྤྱི་ལོ་1896ལོར་ཧྥ་རན་སིའི་ཚན་རིག་པ་པེ་ཁུ་རེལ་(Becquerel贝克勒尔)གྱིས་རང་བྱུང་འགྱེད་འཕྲོ་གསར་རྙེད་བྱུང་སྟེ།    1903ལོར་ནོ་བྷེར་དངོས་ཁམས་རིག་པའི་བྱ་དགའ་ཐོབ་པ་དང་།     སྤྱི་ལོ་1897ལོར་དབྱིན་ཇིའི་ཚན་རིག་པ་ཐོམ་སོན་(Thom son 汤姆孙1856~1940)གྱིས་ཚན་རིག་གི་ཞིབ་བཤེར་ཐབས་ཀྱིས་མ་རྡུལ་ནང་གི་གློག་རྡུལ་གསར་རྙེད་བྱུང་སྟེ། སྤྱི་ལོ་1906ལོར་ནོ་བྷེར་དངོས་ཁམས་རིག་པའི་བྱ་དགའ་ཐོབ།  ཚན་རིག་གི་གསར་རྙེད་དེ་གསུམ་ནི་དུས་རབས་19པ་ནས་20བར་བརྒལ་མཚམས་ཀྱི་གསར་རྙེད་གསུམ་ཡིན་པས། ཚན་རིག་ལོ་རྒྱུས་ཐོག་དུས་རབས་སྦྲེལ་བའི་གསར་རྙེད་ཆེན་མོ་གསུམ་ཞེས་ཧ་ཅང་གལ་ཆེན་དུ་བརྩི།
སྤྱི་ལོ་1927ལོར་དབྱིན་ཇིའི་དངོས་ཁམས་རིག་པ་བ་ཏུ་ར་ཁི་ཡིས་མ་རྡུལ་ནང་ཁུལ་དུ་སྔར་གསར་རྟོགས་བྱུང་མ་ཚར་བའི་གློག་རྡུལ་ཕོ་ཞིག་ཡོད་ངེས་པའི་སྔོན་དཔག་བྱས་ཤིང་།  སྤྱི་ལོ་1932ལོའི་ཟླ་8པའི་ནང་ཨ་རིའི་དངོས་ཁམས་རིག་པ་བ་ཨན་ཏེར་སོན་(Anderson 安德森)གྱིས་གློག་རྡུལ་ཕོ་དེ་ཚོད་ལྟའི་ཞིབ་བཤེར་སྒོ་ནས་གསར་རྙེད་བྱུང་བས་1936ལོར་ནོ་བྷེར་དངོས་ཁམས་རིག་པའི་བྱ་དགའ་ཐོབ།
སྤྱི་ལོ་1920ལོར་དངོས་ཁམས་ཚན་རིག་པ་རོ་ཟེར་ཧྥོར་(Rutherford卢瑟福)གྱིས་དབུས་རྡུལ་ནང་དུ་མ་ནིང་རྡུལ་ཞིག་ཡོད་ངེས་པའི་རྗེས་དཔག་བྱས་པ་དང་།    སྤྱི་ལོ་1932ལོར་དབྱིན་ཇིའི་དངོས་ཁམས་རིག་པ་བ་ཆ་ཏི་ཝ་ཁི་(Chadwick 查德威克1871~1937)ཡིས་ཡུན་རིང་གི་ཚོད་ལྟའི་ཞིབ་བཤེར་སྒོ་ནས་མ་ནིང་རྡུལ་དེ་གསར་རྙེད་བྱུང་བས།     1935ལོར་ནོ་བྷེར་དངོས་ཁམས་རིག་པའི་བྱ་དགའ་ཐོབ་པ་རེད། དེ་ཡང་གློག་རྡུལ་ནི་མོ་གློག་དང་ལྡན་པའི་རྡུལ་ཡིན་ལ། ཕོ་རྡུལ་ནི་ཕོ་གློག་དང་ལྡན་པའི་རྡུལ་དང་།   མ་ནིང་རྡུལ་ནི་ཕོ་མོའི་གློག་ཤུགས་གང་ཡང་མི་ལྡན་པའི་རྡུལ་ཞིག་ཡིན། ཕོ་རྡུལ་དང་མ་ནིང་རྡུལ་གཉིས་ནི་ཁར་ཁི་དུ་མ་འདུས་པའི་རྡུལ་ཏེ།  “ཚན་རིག་པ་སི་ཊེ་ཝུན་གྱིས། ཐ་ན་ཕོ་རྡུལ་དང་མ་ནིང་རྡུལ་འདི་ཚོ་ཡང་གཞི་རྩའི་རྡུལ་ཕྲ་རབ་ཁར་ཁིའི་རྡུལ་ཞེས་པ་ལས་གྲུབ་པ་ཞིག་རེད།”ཅེས་བཤད་པ་ལྟར་རོ།། དེ་ཡང་ཁར་ཁི་རྡུལ་ནི་ཨ་རིའི་ཚན་རིག་པ་གྲགས་ཅན་ཀེལ་མན་(Mgellmann盖尔曼)གྱིས་1964ལོར་གསར་རྟོགས་བྱུང་བའི་རྡུལ་ཆེས་ཕྲ་བ་དེ་ཡིན་ལ།   ད་བར་ཁར་ཁི་རྡུལ་ལ་Uཁར་ཁི། Dཁར་ཁི།  Sཁར་ཁི།  Cཁར་ཁི།  Bཁར་ཁི།  Tཁར་ཁི་སྟེ་རིགས་མི་འདྲ་བ་དྲུག་རྙེད་ཟིན་པར་བཤད།
ཚན་རིག་པ་ཀེལ་མན་(Gell-mann 盖尔曼)གྱིས་ཁར་ཁི་གསར་རྟོགས་བྱུང་བ་དང་། ཁར་ཁིའི་དཔེ་དབྱིབས་གསར་དུ་བཏོན་པ་དེ་ཡིས་1969ལོར་ནོ་བྷེལ་་དངོས་ཁམས་རིག་པའི་གཟེངས་རྟགས་དེ་ཚན་རིག་པ་གཞན་ཞིག་དང་ཁོང་གཉིས་ལ་ཐོབ་པ་རེད། ཀེལ་མན་གྱི་ཁར་ཁིའི་དཔེ་དབྱིབས་རི་མོ་འདི་ལས་གསལ་བ་ལྟར། ཕོ་རྡུལ་ནི་Uཁར་ཁི་གཉིས་དང་D ཁར་ཁི་གཅིག་སྟེ་ཁར་ཁི་གསུམ་དང་།  མ་ནིང་རྡུལ་ནི་Dཁར་ཁི་གཉིས་དང་Uཁར་ཁི་གཅིག་སྟེ་ཁར་ཁི་གསུམ་གྱིས་གྲུབ་པར་བཤད།  མིག་སྔར་ཤེས་རྟོགས་བྱུང་ཟིན་པའི་རྡུལ་ཕྲན་ལས་ཁར་ཁི་དང་གློག་རྡུལ་གཉིས་ནི་ཆེས་ཕྲ་བའི་རྡུལ་དེ་ཡིན་པས།  ཚན་རིག་པ་མང་པོས་གློག་རྡུལ་དང་ཁར་ཁི་གཉིས།  ནི་ཆ་ཤས་ཕྱེ་རུ་མེད་པའི་རྡུལ་གྱི་ཆུང་བ་རབ་ཀྱི་མཐར་ཐུག་པ་དང་།   ཕྱི་ནང་གི་འཇིག་རྟེན་གྱི་གཞི་རྩའི་གྲུབ་ཆ་དངོས་དེ་ཡིན་པར་འདོད་དེ། ཚན་རིག་པ་སི་ཊེ་
ཝུན་གྱིས། “གློག་རྡུལ་དང་ཁར་ཁི་ནི་ཆེས་གཞི་རྩའི་རྡུལ་ཕྲ་རབ་ཏུ་བསམ་གྱི་ཡོད། ང་ཚོས་གློག་རྡུལ་དང་། ཡང་ན་ཁར་ཁི་ནི་ནུས་ཤུགས་ཀྱི་ཁྱབ་ཁོངས་སྐྲུན་པར་བྱེད་པའི་རྡུལ་ཕྲ་རབ་ཕྲན་བུ་ཞིག་ཏུ་བསམ་ཆོག། འོན་ཀྱང་ཁྱད་མཚར་བ་ཞིག་ལ་རྡུལ་ཕྲ་རབ་འདི་དག་གི་ང་ཚོའི་གོ་རྟོགས་གཞིར་བཞག་ན། འདི་ཚོར་ཆེ་ཆུང་གི་ཚད་ཅིག་མེད་པ་དང་། ཕྲ་མོ་ཡིན་པ་གང་ཞིག་ལ་མཐའ་མེད་པ་ཞིག་རེད། རྡུལ་ཕྲ་རབ་འདི་ཚོ་ནི་ཚེག་ཅིག་ཡིན་ཞིང་།  ང་ཚོས་འདི་དག་གི་ཁྱབ་ཁོངས་ཐིག་གི་ཐོག་ནས་འདི་ཚོར་འགྲེལ་བརྗོད་བྱེད་ཀྱི་ཡོད།  ཚིག་གཞན་ཞིག་བརྒྱུད་ནས་བཤད་ན། ཚན་རིག་པ་ཚོས་དེ་དག་གིས་འཇིག་རྟེན་གྱི་རྡུལ་ཕྲ་རབ་གཞན་གྱི་སྟེང་དུ་ཐེབས་པའི་ནུས་ཤུགས་ལ་བརྟེན་ནས་དེ་ཚོར་གསལ་བཤད་བྱེད་ཀྱི་ཡོད། ”ཅེས་གསུངས་པ་འདི་ལས་དངོས་ཁམས་ཚན་རིག་པའི་རྡུལ་ཕྲ་རབ་ཀྱི་འདོད་པ་དེ་ཤེས་ཐུབ་པའོ།  །
དེང་གི་ཆར་ཚན་རིག་པ་དག་གིས་ཨེ་ཊོམ་མམ་མ་རྡུལ་དེ་ལ་ཧའེ། ཧེལ་སོགས་རིགས་མི་འདྲ་བ་110ལྷག་རྙེད་ཟིན་པ་ནི་རྫས་འགྱུར་འབྱུང་རྒྱུའི་རེའུ་མིག་ནང་གསལ་བ་ལྟར་ཡིན།  རེའུ་མིག་ནང་གི་ཨང་གྲངས་དེས་མ་རྡུལ་གྱི་གོ་རིམ་མཚོན་པར་མ་ཟད་མ་རྡུལ་སོ་སོའི་ཁྱད་པར་གཙོ་བོ་སྟེ། དབུས་རྡུལ་གྱི་ཕྱིའི་གློག་རྡུལ་གྱི་རྣམ་གྲངས་ཀྱང་མཚོན་པར་བཤད་དེ།   དཔེར་ན་མ་རྡུལ་ཨང་1པ་ཧའེ་ཡི་དབུས་རྡུལ་གྱི་ཕྱི་རིམ་ན་གློག་རྡུལ་1ཡོད་པ་དང་།  མ་རྡུལ་ཨང་2པ་ཧེལ་གྱི་དབུས་རྡུལ་གྱི་ཕྱི་རིམ་དུ་གློག་རྡུལ་2དང་། མ་རྡུལ་ཨང་3པ་ལིས་ཀྱི་དབུས་རྡུལ་གྱི་རིམ་པ་དང་པོ་རུ་གློག་རྡུལ་2དང་རིམ་པ་གཉིས་པ་རུ་གློག་རྡུལ་1སྟེ་གློག་རྡུལ་3ཡོད་པ།  མ་རྡུལ་ཨང་14པ་སིལ་གྱི་དབུས་རྡུལ་གྱི་རིམ་པ་དང་པོ་ན་གློག་རྡུལ་2དང་།  རིམ་པ་གཉིས་པ་ན་གློག་རྡུལ་8དང་། རིམ་པ་གསུམ་པ་ན་གློག་རྡུལ་4སྟེ་གློག་རྡུལ་14ཡོད་པ་ལྟ་བུ་ཡིན།   དེ་བཞིན་མ་རྡུལ་ཨང་4པ་པེ་ཡི་དབུས་རྡུལ་གྱི་ཕྱི་རིམ་དུ་གློག་རྡུལ་4ཡོད་པ་ནས། མ་རྡུལ་ཨང་110པ་དྲམ་Cmགྱི་དབུས་རྡུལ་གྱི་ཕྱི་རུ་གློག་རྡུལ་110ཡོད་པ་ལྟ་བུའོ།   ། 
དེ་ལྟ་བུའི་མ་རྡུལ་མཉམ་དུ་འདུས་པ་ལས་ཆ་རྡུལ་གྲུབ་པ་སྟེ།   དཔེར་ན།   ཧའེ་མ་རྡུལ་གཉིས་འདུས་པའི་གོང་བུ་ནི་ཧའེ་ཆ་རྡུལ་དང་།    དབྱང་མ་རྡུལ་གཉིས་འདུས་པའི་གོང་བུ་ནི་དབྱང་ཆ་རྡུལ།   ཁིལ་མ་རྡུལ་གཉིས་འདུས་པའི་གོང་བུ་ནི་ཁིལ་ཆ་རྡུལ།    ཐེན་མ་རྡུལ་གཉིས་འདུས་པའི་གོང་བུ་ནི་ཐེན་ཆ་རྡུལ་ཡིན་པ་ལྟ་བུ་རིགས་མཐུན་མ་རྡུལ་འདུས་པའི་ཆ་རྡུལ་དང་།    དབྱང་མ་རྡུལ་དང་ཐེན་མ་རྡུལ་གཉིས་
འདུས་པའི་གོང་བུ་ནི་དབྱང་ཐེན་ཆ་རྡུལ་དང་།   ཁིལ་མ་རྡུལ་དང་ནྭ་མ་རྡུལ་གཉིས་འདུས་པའི་གོང་བུ་ནི་ཁིལ་ནྭ་ཆ་རྡུལ་ཡིན་པ་ལྟ་བུ་རིགས་མི་མཐུན་པའི་མ་རྡུལ་འདུས་པའི་ཆ་རྡུལ་ཡིན།   མ་རྡུལ་གྱིས་དངོས་གཟུགས་དེའི་རྩ་བའི་གྲུབ་ཆ་བྱེད་ཀྱང་།   དངོས་གཟུགས་དེའི་ཐུན་མིན་གྱི་ངོ་བོའམ་རིགས་ཁམས་མི་འཛིན་ལ།     ཆ་རྡུལ་ནི་དངོས་གཟུགས་རང་རང་གི་ངོ་བོའམ་རིགས་

ཁིལ་ཆ་རྡུལ།

དབྱང་ཆ་རྡུལ།
ཁམས་འཛིན་པའི་གྲུབ་ཆ་ཡིན་
ནྭ་ཆ་རྡུལ།

ཧའེ་ཆ་རྡུལ།
པར་བཤད་དེ།  དཔེར་ན་ཆུ་ཡི་མ་རྡུལ་ནི་ཧའེ་དང་དབྱང་
ཐན་ཆ་རྡུལ།
གཉིས་ཡིན་ལ།   དེ་རེ་རེའི་སྟེང་དུ་ཆུ་ཡི་ངོ་བོའམ་རིགས་ཁམས་ཅི་ཡང་མེད་མོད།   འོན་ཏེ་ཧའེ་གཅིག་དང་དབྱང་གཉིས་ཏེ་གསུམ་འདུས་པའི་རྡུལ་ནི་ཆུ་ཡི་ཆ་རྡུལ་ཡིན་ཞིང་དེའི་སྟེང་དུ་ཆུ་ཡི་ངོ་བོ་ཡོད་པ་ཡིན།   དེ་བཞིན་འཚོ་རླུང་གི་མ་རྡུལ་ནི་དབྱང་ཡིན་ལ། དབྱང་རེ་རེའི་སྟེང་དུ་འཚོ་རླུང་གི་ངོ་བོ་མེད་ཅིང་།   དབྱང་རྡུལ་གཉིས་འདུས་པའི་གོང་བུ་ནི་འཚོ་རླུང་གི་ཆ་རྡུལ་ཡིན་པ་དང་།     དེའི་སྟེང་དུ་འཚོ་རླུང་གི་ཁམས་ཡོད་པ་རེད།   འདི་ལས་ང་ཚོས་མ་རྡུལ་འདུས་ཚུལ་ལས་དངོས་གཟུགས་རིགས་སྣ་ཚོགས་འགྲུབ་ཀྱི་ཡོད་པ་ཤེས་ཐུབ་ལ།  ཆ་རྡུལ་གྱི་གྲུབ་ཚུལ་དང་། འགུལ་སྐྱོད། གློག་ཤུགས་དང་། སྡུད་ཤུགས། འོད་ནུས་བཅས་དང་། ཆ་རྡུལ་འདུས་པ་ལས་དབུགས་གཟུགས་དང་།  གཤེར་གཟུགས།  སྲ་གཟུགས་ཏེ་རྩ་བའི་དངོས་ཁམས་མི་འདྲ་བ་གསུམ་གྱི་གྲུབ་ཚུལ་བཅས་གཏན་ལ་འབེབས་པའི་རིག་པ་དེ་ལ་ཆ་རྡུལ་དངོས་ཁམས་རིག་པ་ཟེར་རོ།  །

                                               
རྩོམ་སྒྲིག་པ། མྱི་གསར་བ།