ཁྱོད་ལ་མཚན་ཉིད་རིག་པ་མཁོའམ།

    རྩོམ་པ་བོ། གངས་ཅན་དབྱངས་འཚོ།


ཁྱོད་ལ་མཚན་ཉིད་རིག་པ་མཁོའམ།


    རྩོམ་པ་བོ།  གངས་ཅན་དབྱངས་འཚོ།



ཁྱོད་ཉིད་འཇིག་རྟེན་འདིར་འཚོ་བ་ལ་ངེས་པར་དུ་ལམ་ཁ་གཉིས་བརྒྱུད་དགོས།  ལམ་ཁ་འདི་གཉིས་ཀྱང་ཁྱོད་ལ་གྲ་སྒྲིག་གམ་སྟ་གོན་ཡོད་པའི་སྒོ་ནས་འདེམས་མི་ནུས་ཏེ།  ཁྱོད་ཉིད་སྐྱེས་པ་ནས་སྤྱི་ཚོགས་ཀྱི་འཆིང་རྒྱར་ཚུད་ཟིན་ཅིང་།  འཆིང་རྒྱ་དེས་བགྲོད་ལམ་གཉིས་པོ་རང་དབང་གིས་འདེམས་གསེས་བྱེད་པའི་གོ་སྐབས་བཤོལ་ཟིན་པས་སོ།།  འོ་ན་ངེད་ཅག་གིས་བརྒྱུད་དགོས་པའི་བགྲོད་ལམ་གཉིས་པོ་ཇི་ལྟར་ངོས་འཛིན་དགོས་སམ་ཞེ་ན།ངས་ཁྱོད་ལ་སྤྱིར་བཏང་འགྲོ་བ་མིའི་རིགས་ནི་ཤེས་རབ་དགའ་མཁན་ཞིག་རེད་ཅེས་ལབ་ན་ཡིད་ཆེས་སམ།ཕལ་ཆེར་སྐད་འདིར་གསལ་བཤད་མེད་ན་སུས་ཀྱང་རློམ་དཀའ།  དེ་བས་ངས་ཁྱོད་ལ་དཔེར་མཚོན་ཆུང་ཆུང་ཞིག་ཐོག་ནས་གླེང་ཚེ།དཔེར་ན།  བྱིས་པ་ཞིག་དང་སྤྲེའུ་ཕྲུག་གཉིས་མཉམ་དུ་སྨྱུག་གཟེབ་ཅིག་ཏུ་བཙུད་དེ།  ཕྱི་རོལ་དུ་ངང་ལག་ཅིག་བཞག་པ་ན་ཁོང་གཉིས་པོ་སུས་ཀྱང་ལག་གིས་རེག་ནུས་ཀྱིན་མེད།  དེ་ནས་དབྱུ་གུ་ཞིག་ཁོང་གཉིས་ཀྱི་མདུན་དུ་བཞག་པ་ན་བྱིས་པ་དེས་གཞན་སུས་ཀྱང་མ་བསླབས་པར་རང་འགུལ་གྱིས་དབྱུ་གུ་ལག་ཏུ་བཟུང་ནས་ངང་ལག་ལ་རེག་པར་བརྩམས།  འོན་ཀྱང་སྤྲེའུ་ཕྲུག་དེས་བྱིས་པའི་སྤྱོད་ཚུལ་ལ་ལེ་མོ་མ་བྱས་པར་གཏན་ནས་ཐབས་དེ་དྲན་གྱིན་མེད།  གཞན་ཡང་སྤྲེའུ་ཕྲུག་དེས་ངང་ལག་བཟས་ཚར་རྗེས་དབྱུ་གུ་ལ་དོ་སྣང་མ་བྱས་མོད་བྱིས་པས་དབྱུ་གུ་ད་དུང་ལག་ཏུ་ཐོགས་ནས་བཀོལ་སྤྱོད་གཞན་བྱེད་པར་བསམ་གཞིག་གཏོང་གིན་ཡོད།  མི་ཞིག་གི་སྟབས་བདེའི་ཚོད་ལྟ་འདི་ཙམ་གྱིས་མི་ཟེར་བ་དེ་རང་བཞིན་གྱི་ཤེས་རྩལ་རྒོད་པ་དང་ཤེས་རབ་ལ་འདུན་པར་རྟོགས་ནུས་ཏེ།  འགྲོ་བ་མིའི་རིགས་ནི་མ་གཞི་ནས་རྟོག་དཔྱོད་ལ་མོས་ཞིང་གོམ་སྟབས་དང་བོ་འདི་ནས་བཟུང་རིམ་གྱིས་འཇིག་རྟེན་འདིའི་ཁ་ལོ་སྒྱུར་བ་པོ་ལྟ་བུར་ཆགས་པའང་ཤེས་རབ་ལ་རྩལ་རྫོགས་པའི་གོ་རིམ་ཞིག་ཡིན་པར་རྟོགས།  གོང་གི་སྐད་ཆ་ལས་བསྟན་པའི་དོན་ནི་ཤེས་རབ་ལ་དགའ་བ་ནི་འགྲོ་བ་མིའི་རིགས་ཀྱི་སྒེར་ཆོས་ཤིག་ཡིན་པར་བརྗོད་པ་ཙམ་ལས།  འགྲོ་བ་མིའི་རིགས་ཟེར་བ་རང་བྱུང་ཁམས་ལ་དབང་སྒྱུར་མཁན་ཞིག་དང་རིགས་མི་མཐུན་པའི་སྲོག་ཆགས་དག་མཐའ་གཅིག་ཏུ་བྲན་དུ་བཀོལ་མཁན་ཞིག་ཡིན་དགོས་པར་གཏན་ནས་བརྗོད་ཀྱིན་མེད།  ད་དུང་ཤེས་རབ་དགའ་བ་དེར་རིན་ཐང་ངམ་དགེ་མཚན་དམིགས་བསལ་ཞིག་ཡོད་པའང་གླེང་གིན་མེད།  ངས་བརྗོད་འདོད་པ་ནི་ཁྱོད་ཉིད་ཤེས་རབ་ལ་དགའ་བ་ནི་ཁྱོད་དང་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་ལ།ཤེས་རབ་ཀྱི་འདུན་པ་མངོན་དུ་བསྒྱུར་བ་ནི་གཞན་དབང་གིས་བྱུང་བ་རེད།  ཇི་ལྟར་ལགས་ཤེ་ན།  ཁྱོད་ཉིད་ཤེས་རབ་ལ་དགའ་རུང་རྐྱེན་སྣ་ཚོགས་ཀྱིས་དགའ་བ་མངོན་དུ་མ་གྱུར་པ་དང་ཡང་ན་དགའ་བའི་འདུན་པ་བག་ཞའི་ཚུལ་དུ་ལྷག་པ་ནི༼ཤེས་རྨོངས་ཀྱི་ལམ་ཁ༽རེད།འདི་ནི་ཁྱོད་ཀྱིས་རང་དབང་གིས་བདམས་པ་ཞིག་མིན་པར་བཀག་རྒྱ་སྣ་ཚོགས་ཀྱིས་ལམ་ཁ་དེར་བཙན་གྱིས་བརྫངས་པ་ཞིག་གོ།། འོན་ཀྱང་ངས་མི་ཚེའི་ལམ་ཁ་འདིར་རིན་ཐང་གི་ཐད་ནས་ཅི་ཡང་བཤད་དཀའ་མོད།  ཁྱོད་ཉིད་འཚོ་གནས་ལ་སྨོན་མཁན་ཞིག་ཡིན་ན་ལམ་བུ་འདི་བགྲོད་པར་ཤིན་ཏུ་དཀའ་བའམ་ཕ་ཆེར་མི་སྲིད་པའི་ཚོད་དུ་འདུག་གོ།།

གཞན་ཡང་ཤེས་རབ་ལ་འདུན་པའི་རྨི་ལམ་མངོན་འགྱུར་བྱེད་པའང་མཐར་གཏུག་ན་རྒྱུ་རྐྱེན་གཉིས་ཡོད་དེ།གཅིག་ནི་འཚོ་གནས་ལ་སྨོན་པ་དང་གཅིག་ཤོས་ནི་སྤྱི་ཚོགས་ཀྱི་གནོན་ཤུགས་སོ། །  གལ་ཏེ་ཁྱོད་ཉིད་འཚོ་གནས་ལ་དུང་མཁན་ཞིག་ཡིན་ན་ངེས་པར་དུ་སྤྱི་ཚོགས་ཀྱི་གནོན་ཤུགས་དང་དུ་ལེན་དགོས་ཏེ།སྤྱི་ཚོགས་ཀྱི་དྲ་བ་ལས་འདས་པའི་འཚོ་གནས་དེ་ད་ལྟ༼སྤྱི་ཚོགས་མ་གྲུབ་པའི་ཡར་སྔོན་ཕུད༽ཁྱོད་ཀྱི་བགོ་སྐལ་དུ་མ་གྱུར་པས་སོ།། དེར་བརྟེན། ཤེས་རབ་ལ་དགའ་བའི་འདུན་པ་མངོན་གྱུར་བྱས་ཏེ་ཁྱོད་ཀྱིས་འཇིག་རྟེན་འདིའི་འཚོ་གནས་ཚུལ་བཞིན་ལོངས་སུ་སྤྱོད་པའི་ཐབས་ལ་རྩ་བའི་རིགས་པ་གཅིག་ཁོ་ན་ཡོད་པ་ནི༼ཤེར་བརྩོན་རིག་པ་༽(Philosophy)དང་ཡང་ན༼་མཚན་ཉིད་རིག་པ་༽ཟེར།  རྩ་བའི་རིག་པ་འདིའི་ཐོག་ནས་ཆོགས་ལུགས་དང་ཚན་རིག་སོགས་དབྱིབས་དང་ཁ་དོག་མི་གཅིག་པའི་རིག་པའི་རྣམ་གྲངས་རབ་དང་རིམ་པར་བྱུང་བ་རེད།

དེ་བས་མི་རིགས་གང་ཞིག་དང་རྒྱལ་ཁབ་གང་ཞིག་ཏུ་མཚན་ཉིད་རིག་པའི་བསམ་བློའི་རླབས་རྒྱུན་མཐོན་འཕྱུར་བྱུང་བ་དེས།མིག་རིགས་སམ་རྒྱལ་ཁབ་དེ་ཡུན་ནས་ཡུན་དུ་འཚོ་གནས་དང་འཕེལ་རྒྱས་ཀྱི་གཞུང་ལམ་དུ་སྐྱོད་ཀྱིན་ཡོད་པར་མཚོན་ནུས་ཏེ།ད་ལྟའང་ཁྱོད་ཀྱིས་འཇར་མན་རྒྱལ་ཁབ་ལྟ་བུའི་དཔེར་མཚོན་ཆུང་ཆུང་ཞིག་གིས་ར་འཕྲོད་ངེས། དེའང་ཡིན་ཏེ།འཇིག་རྟེན་འདིའི་བྱ་དངོས་གང་ཞིག་ཡིན་རུང་དེའི་འཕེལ་འགྱུར་ནི་རྩ་བའི་སྒུལ་ཤུགས་དང་མ་འབྲེལ་བ་ཞིག་མི་སྲིད་པའི་ཕྱིར་དང་།རྩ་བའི་སྒུལ་ཤུགས་དེའང་དངོས་པོ་རང་སྟེང་གི་ཚུར་སྣང་ཞིག་ཡིན་སྟབས། རང་སྟེང་གི་འཕོ་འགྱུར་དེས་ནམ་ཡང་དེའི་བྱེ་བྲག་དང་ཡན་ལག་དག་གི་འགྱུར་བ་ཚོད་འཛིན་བྱེད་ཀྱིན་ཡོད་པས་སོ།།


དེ་ལས་ལྡོག་སྟེ་མི་སྒེར་ནས་འགོ་བརྩམས་ཏེ།མི་རིགས་དང་རྒྱལ་ཁབ།  ཐ་ན་འགྲོ་བ་མིའི་རིགས་སྤྱི་གང་ཞིག་ཡིན་རུང་དང་ཐོག་ཁྱོད་ཀྱི༼་ཤེས་རབ་ལ་དགའ་བའི་༽འདུན་པ་དེ་ཉམས་དམས་སུ་འགྲོ་འགོ་བརྩམས་པ་ནས་བཟུང་།  རང་ཉིད་འཇིག་རྟེན་འདིའི་འཚོ་གནས་དང་རྒྱང་གྱེས་སུ་འགྲོ་བའི་གོམ་ཁ་ཡང་འགོ་བརྩམས་པ་རེད།འོན་ཀྱང་འདུན་པ་དེ་ཇི་ལྟར་ཉམས་དམས་སུ་འགྲོ་བཞིན་ཡོད་པར་སུས་ཀྱང་རྟོགས་དཀའ་སྟེ།  འཇིག་རྟེན་འདིར་ཤེས་རབ་ལ་དགའ་བའི་འདུན་པ་དང་འདྲ་མཚུངས་སུ་གྱུར་པའི་འདུན་པ་གང་མང་ཡོད་ཅིང་།འདུན་པ་དེ་དག་ནམ་ཡང་ཁྱོད་ཀྱིས་འདུན་པ་རང་མཚན་པ་དེ་མཐོང་བར་སྒྲིབ་གཡོག་ཏུ་གྱུར་པས་སོ།།  དཔེར་ན་ཆོས་ལུགས་ལྟ་བུ་ཞིག་གི་ཐོག་ནས་གླེང་ན།  མ་གཞི་ཆོས་ལུགས་ཁག་གི་ལྟ་སྤྱོད་ཡོད་ཚད་དང་ཐོག་མཚན་ཉིད་རིག་པའི་བསམ་བློའི་རྨང་གཞི་ལས་བྱུང་བ་ཡིན་སྟབས།  ཐད་ཀར་བལྟས་ན་དེ་དག་ཀུན་ཀྱང་ཤེས་རབ་ལ་དགའ་བའི་འདུན་པ་མངོན་འགྱུར་བྱ་སྟངས་ལྟ་བུ་ཞིག་ཏུ་ཆགས་ཡོད།  འོན་ཀྱང་གནམ་བདག་ཆོས་ལུགས་ཀྱིས་སྡིག་བཤགས་འཛིན་བྱང་བཙོང་ནས་ཆོས་ལུགས་ཀྱི་ཁེ་ཕན་བཙལ་བ་དང་།  ཁ་ཆེའི་ཆོས་ལུགས་སོགས་ལྟ་བུ་ལ་ལས་མཆོད་སྦྱིན་གྱི་ཆོ་ག་ཙམ་གྱིས་ཐར་བ་དོན་དུ་གཉེར་བ་སོགས་ལྟ་བུ་ཤེས་རབ་བླང་དོར་ལས་འདས་པའི་སྤྱོད་ཚུལ་སྣ་ཚོགས་ཀྱིས་ཡང་སྙིང་གི་བདེན་ལུགས་སྒྲིབ་པ་དང་དེར་བརྩོན་གྱི་འདུན་པའང་བཤོལ་བ་ལྟ་བུ་རེད།  སྤྱིར་བཏང་ཆོས་ལུགས་ཀྱང་མཚན་ཉིད་ལྟ་བའི་ལངས་ཕྱོགས་ཟུར་ཙམ་མམ་ཆ་ཤས་ཕྲ་མོ་ཙམ་ཞིག་ཡིན་ལ།ཆོས་ལུགས་དེ་ལས་བྱུང་བའི་སྤྱོད་ཚུལ་དེ་ཡང་ཆོས་ལུགས་རང་གི་ལྟ་སྤྱོད་ཀྱི་ཟུར་ཙམ་ལས་ཡིན་མི་སྲིད།  དེ་ལྟ་བུའི་སྤྱོད་ཚུལ་ཡན་གར་བ་ཙམ་ལ་མི་ཚེའི་སྐྱབས་གྲོགས་སུ་བསྟེན་པ་ནི་རྩ་བ་བོར་ཤུལ་ནས་ཡལ་གར་སྟོང་སྙོབས་བྱེད་པ་ཙམ་དུ་མ་ལགས་སམ། འདི་ནི་ཆོས་ལུགས་ཀྱི་ཐད་ནས་གླེང་བའི་དཔེར་མཚོན་ཙམ་རེད།

དེ་བས་ཁྱོད་ཀྱིས་ཅིས་ཀྱང་ངེས་དགོས་པ་ཞིག་ནི་མཚན་ཉིད་རིག་པ་ཟེར་བ་ནུབ་ཕྱོགས་ཀྱི་མི་རྒན་སྨ་ར་མཐུག་པོ་ཅན་ལ་ལའི་ཉི་མ་འཁྱོལ་བྱེད་ཅིག་ཙམ་མ་ཡིན་པར་འགྲོ་བ་མིའི་རིགས་སྤྱི་ལ་ལྷན་སྐྱེས་སུ་ཡོད་པའི་ཤེར་བརྩོན་གྱི་འདུན་པ་ཞིག་ཡིན་པ་དང་།དེ་ལྟའི་འདུན་པ་དེ་ཉིད་དོགས་སློང་དང་དགག་སྒྲུབ་སྣ་ཚོགས་ཀྱིས་ལེགས་ལམ་དུ་བཏང་སྟེ་འཇིག་རྟེན་ལ་ངོས་འཛིན་ཡང་དག་ཅིག་འཐོབ་བྱེད་དང་།ད་དུང་མིའི་ཚེའི་རིན་ཐང་གི་སྙིང་བོ་དེའང་གཞི་གང་དུ་དབབ་དགོས་པའི་དཀའ་གནད་གསེད་གྲོལ་གཏོང་བའི་འཐབ་གྲོགས་ཤིག་ཏུ་ཆགས་དགོས།
                                                     རྩོམ་སྒྲིག་པ། འཕགས་མི།