དྲ་བའི་འཇིག་རྟེན་དང་། བོད་ཀྱི་རྩོམ་སྟེགས།

    རྩོམ་པ་པོ། ལྡོང་ཚ་རླུང་སྲས།


དྲ་བའི་འཇིག་རྟེན་དང་།  བོད་ཀྱི་རྩོམ་སྟེགས།
 
                   ལྡོང་ཚ་རླུང་སྲས།
    འཇིག་རྟེན་དྲ་བས་བཟུང་སོང་། གྲལ་རིམ་མཐོ་དམན་གྱི་བར་ཁྱད་མེད་པར་མི་མཐའ་དག་ཇི་མི་སྙམ་པར་དྲ་ཞུགས་བགྱིས་སོང་། ངས་ཀྱང་མི་རྗེས་སྙེག་པའི་ལད་ཟློས་ཀྱིས་སྐད་ཕྲིན་ཕྱེས་ཁྱེའུ་འཕྲིན་ཡང་ཕྱེས། དུས་རབས་གོང་མའི་ལོ་རབས་བརྒྱད་བཅུ་ནས་བཟུང་བོད་ལ་ཆར་རྗེས་ཀྱི་ཤྭ་མོ་བརྡོལ་བ་བཞིན་རྩོམ་པ་པོ་མང་དུ་བྱུང་། དེ་བཞིན་རྩོམ་དེབ་ཀྱང་སྣ་ཚོགས་བྱུང་། མི་མང་པོ་ཞིག་གིས་སུམ་རྟགས་དག་གསུམ་གྱི་རྨིང་གཞི་ཙམ་ཡང་མེད་པར་བོད་ཀྱི་སྙན་ངག་པའི་གྲལ་དུ་འཚང་ཁ་ཤིག་ཤིག་བྱེད། ནང་སྙིང་མེད་པའམ་རྒྱབ་ལྗོངས་མེད་པའི་ཐ་སྙད་མང་པོ་རྡོ་ཆག་ལྷུ་སྒྲིག་བྱེད། མདོར་ན་སྙན་གྲགས་ཀྱི་ཆེད་དུ་ཚོར་བས་མ་ཟིན་པའི་ཡིག་ཚོགས་མང་པོ་བྲི། དྲང་པོ་བཤད་ན་ང་ཡང་དེ་འདྲ་བྱེད་མཁན་ཞིག་ཡིན་པ་འདྲ། ཧ་ཧ།
 

    
ཆེ་མ་ཆུང་གསུམ་གྱི་དྲ་བ་དང་འཕྲིན་སྟེགས་མང་ཚོད་བྱུང་བས། འདྲ་མིན་སྣ་ཚོགས་ཀྱི་རྩོམ་རིག་ཀྱང་མང་པོ་བཀླགས་རྒྱུ་རྙེད། མང་ཚོད་ཅིག་བཀླགས་ཀྱང་བཀླགས། ཀློག་གིན་ཀློག་གིན་རང་གིས་ཀྱང་ཅི་ཞིག་འབྲི་སྙིང་འདོད་པ་ཞིག་གམ་འདི་འདྲ་ཞིག་འཁྱོང་ན་བསམ་པའི་སེམས་བྱུང་ཞིག་སྐྱེ་རྒྱུ་འོང་། འདི་ཀོ་རྩོམ་རིག་གི་བསླུ་བྲིད་ཟེར་བ་དེ་ཡིན་ནམ། ན་གཞོན་མང་པོ་ཞིག་བསླུ་བྲིད་འདིའི་རྙི་རུ་ཚུད་པ་བདེན་ནའང་། རང་ཉིད་གཙོར་བཟུང་བའི་མི་མང་པོ་ཞིག་ལ་གསར་གཏོད་ཀྱི་སྟོབས་དང་ལྷན་སྐྱེས་ཀྱི་སྒྱུ་རྩལ་མེད་པར་ནམ་ཞར་ལད་ཟློས་དང་བཅོས་མའི་ཀློང་དུ་ཚུད་པའི་གནས་ཚུལ་ཞིག་དང་ཏན་ཏན་འཕྲད་ཀྱིན་འདུག་མོད། སྤྱི་སྒེར་གང་རུང་གི་དྲ་བ་དང་། འཕྲིན་སྟེགས། ཐ་ན་གྲོགས་ཚོམས་ཚུན་ཆད་དུ་སྙན་ངག་གིས་ཁེངས་ཤིང་སྐྱ་སེར་གྱི་ཁྱད་པར་མེད་པར་ཡོད་ཚད་སྙན་ངག་གསར་རྩོམ་གྱི་ལས་ལ་གཞོལ། གསར་རྩོམ་གྱི་སྐོར་ནས་བགྲོ་གླེང་བྱས། བོད་ལ་སྙན་ངག་པ་ཆེས་མང་བའི་དུས་རབས་ཤིག་ཀྱང་ངང་གིས་ཚེས།
 
    བོད་མི་རིགས་ཀྱིས་རྩོམ་སྟེགས་ཀྱིས་གསོ་སྐྱོང་གནང་བའི་རྩོམ་པ་པོའམ་སྙན་ངག་ངག་པ་རྣམས་ལ། རྩོམ་རིག་གསར་རྩོམ་སྐོར་གྱི་ལམ་སྟོན་རེ་དང་། རང་བདག་གིས་སྙན་ངག་ཏུ་རློམ་པའི་ཡི་གེ་རེ་བསྐུར་ཏེ་འགྲིག་མིན་གྱི་བཀའ་འདྲི་རེ་དང་སྐྱོན་ཡོན་གྱི་དཔྱད་བརྗོད་རེ་གནང་བའི་རེ་བ་ཞུས་ཀྱང་། ང་རྒྱལ་གྱིས་སྦོས་པའམ་ཁོམ་གླགས་ཇ་ཡུན་ཙམ་ཞིག་ཀྱང་མེད་པ་གང་ཡིན་ཆ་མ་འཚལ་མོད། འགྲིག་མིན་གྱི་དཔྱད་བརྗོད་དང་དྲིས་ལན་ནི་ནམ་ཡང་སྦྱིན་པར་མི་བྱའོ།། གཅིག་བྱས་ན་རང་ཚུགས་བརྟན་མདོག་གི་དོན་འཆད་པའང་ཡིན་སྲིད་མོད། ཕྱོགས་གཞན་ནས་བལྟས་ཡོང་དུས་འུ་ཅག་གི་རྩོམ་པ་པོ་དག་ལ་རིགས་ཀྱི་འདུ་ཤེས་དང་རང་ཚུགས་ཀྱང་ཆེར་མེད་པ་འདྲ་སྟེ་རང་རྩོམ་གཞན་བསྒྱུར་གྱི་བྱ་རྩོལ་ལ་མོས་འདུན་ཤུགས་ཆེ་བ་འདིས་གཅིག་པུས་མཚོན་དུ་བཏུབ་བོ།། ཡང་གཅིག་བྱས་ན་རང་གིས་མ་འཇོན་པ་སྟེ་“ཤེས་རབ་ཅན”ཟེར་བ་དང་“གྲགས་ཅན་སྙན་ངག་པ་”ལྟ་བུའི་སྐད་ཆ་མ་ཤོད་པས་ཀྱང་ཡིད་སྲིད་དོ།།

    མི་རིགས་གཞན་པ་ལྟ་བུའི་སྙན་ངག་ལ་མི་ཚེ་བསྟིམས་མཁན་དང་། ཚེ་རབས་གཅིག་ལ་སྙན་ངག་དང་འགྲོགས་ཏེ་སྙན་ངག་ལ་བློ་གཏད་པའི་རྩོམ་པ་པོ་ནི་ཤིན་ཏུ་དཀོན། སྙན་ངག་བྲིས་ནས་ཡུན་ཅུང་ཟད་འགོར་བའམ་ཆུ་ཚད་ཅུང་བཟང་མཁན་དག་གིས་ནི་ཚེ་མཇུག་ལ་སྙན་ངག་དང་རིང་དུ་གྱེས་ཤིང་། ལོ་རྒྱུས་ཞིབ་འཇུག་གི་ལམ་ཁའམ་སྤྱི་ཚོགས་དཔྱད་བརྗོད་པའི་གྲལ་དུ་མི་མཛའ་ནའང་བཙན་གྱིས་འཚངས་ཡོང་བས་སྙན་ངག་བྲིས་ནས་མི་ཚེ་མཐའ་འཁྱོལ་བྱེད་མཁན་ནམ་ཆེད་ལས་སྙན་ངག་པ་ཞིག་ནི་གཏན་མེད་དུ་སྣང་། གནས་ཚུལ་འདི་བོད་ཀྱི་རྩོམ་པ་པོ་རྒན་པ་ནས་མཆེད་ཅིང་གཞོན་པ་དག་ལའང་འགོ་རྩིས་ཀྱི་སྟ་གོན་བྱེད། གནས་ཚུལ་འདི་མ་འོངས་པའི་བོད་ཀྱི་རྩོམ་རིག(སྙན་ངག)་གི་ཞིང་ས་དང་འབྲེལ་བ་ཨེ་ཡོད་སྙམ། འོན་ཀྱང་ང་ལྟ་བུའི་ཤེས་རྨོངས་ཤིག་གིས་བོད་ཀྱི་མ་འོངས་པའི་རྩོམ་རིག་གི་ས་ལམ་གླེང་བ་ནི་ཅི་འདྲའི་ངོ་ཚ་མེད་པའི་ལས་ཤིག་རེད་ཨང་།

    དྲ་བའི་བསླུ་བྲིད་ནི་ཤིན་ཏུ་བཙན་པའི་བསླུ་བྲིད་ཅིག་རེད་ཨང་། བསླུ་བྲིད་འདི་ཕྱིའི་རྒྱལ་ཁོངས་ནས་ནང་དུ་མཆེད་ཅིང་། མདོ་དབུས་མཐོ་སྒང་ལ་གཞིས་ཆགས་པའི་མི་རིགས་ཆུང་ངུ་འདི་ནའང་རིམ་གྱིས་མཆེད། ཐོབ་ཐང་མཐོ་དམན་དང་འབྱོར་བ་ཆེ་ཆུང་། སྐྱ་སེར་རིས་མེད་དང་མཁས་བླུན་དབྱེ་མེད་ཡོ་ཀ་བསླུ་བྲིད་འདིའི་རྒྱ་རུ་ཚུད་པ་བཞིན། བབས་ཚོད་ཀྱིས་གྲངས་ཀ་ཅུང་མང་བའི་དུས་རབས་གོང་མ་དང་ལོ་རབས་སྔོན་མའི་ཕ་སྐད་མ་ཡིག་གི་ལམ་ནས་དབྱངས་གསལ་སོ་བཞི་བྲན་དུ་བཀོལ་བའི་ཡི་གེ་བ་དག་ཀྱང་བསླུ་བྲིད་འདིའི་རྒྱ་རུ་ག་ལེར་ཚུད་ཀྱིན་འདུག་པའི་སྣང་ཚོར་ཞིག་ནི་རྒྱུན་དུ་འོང་། འཁྱོངས་མཁན་ཞིག་ནི་ལར་ནས་མིན་ནའང་སྙན་ངག་དང་རྩོམ་རིག་ལ་ཡིད་ཆེས་ལྷད་མེད་ཅིག་དང་དུངས་ཀ་ཚད་མེད་ཅིག་ཡོད་པའི་གུས་ཕྲན་བདག་ལ་མཚོན་ནའང་། འདར་དབྱངས་དང་མགྱོགས་འཕྲིན་རོལ་རྩེད་སོགས་ཀྱིས་གྲུབ་པའི་བསླུ་བྲིད་འདིའི་རྒྱ་རུ་ཡང་ཡང་ཚུད་ཀྱིན་འདུག་ཨང་།
                          2021.8.15
 

               རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease