རྩོམ་རིག་གི་ལད་འབྲི་སྒྱུ་རྩལ་གྱི་སྐོར་རགས་ཙམ་གླེང་བ།

    རྩོམ་པ་པོ། འབྲོང་བུ་རྡོ་རྗེ་རིན་ཆེན།


རྩོམ་རིག་གི་ལད་འབྲི་སྒྱུ་རྩལ་གྱི་སྐོར་རགས་ཙམ་གླེང་བ།
 
                   
         འབྲོང་བུ་རྡོ་རྗེ་རིན་ཆེན།


         རྩོམ་རིག་ནི་སྤྱི་ཚོགས་འཚོ་བའི་ཚུར་སྣང་ཞིག་ཡིན་པས་དེ་ལ་རྒྱལ་ཁབ་དང་མི་རིགས་ཀྱི་ཚོད་འཛིན་ཡོད་མི་སྲིད། རྒྱའི་རྩོམ་པ་པོ་གྲགས་ཅན་ཡང་མེང་གིས“དཔྱད་གཞིར་བཟུང་ན་ལེགས་སམ་ཡང་ན་ལད་མོ་བྱས་ན་དུས་དང་འཚམ་པའམ། ཡང་ན་གཞན་གྱི་ཚིག་ཟུར་འཆོས་པ་གང་ཡིན་རུང་། གཙོ་བོར་ང་ཚོ་རང་ཉིད་ཀྱི་འཚོ་བ་དང་། ང་ཚོའི་མི་དམངས་སམ། ང་ཚོའི་རྩོམ་པ་པོ་རྣམས་ཀྱི་བརྩེ་དུངས་བཅོས་མ་མ་ཡིན་པ་ལས་བྱུང་བ་ཡིན་མིན་དེ་ལ་རག་ལས་པ་ཡིན” (《སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ》ལས)ཞེས་གསུངས་པ་དེ་ལས། སྔོན་ཐོན་གྱི་རྒྱལ་ཁབ་གང་དང་མི་རིགས་གང་གི་བརྩམས་ཆོས་ཡོད་དོ་ཅོག་ལ་རྣམ་པ་ནས་ནང་དོན་བར་དུ་ཞིབ་འཇུག་ཟབ་མོ་བྱས་རྗེས། དེ་ལ་དཔེར་བལྟས་ནས་དེའི་ཆ་ཤས་གང་རུང་ཞིག་ལ་ལད་མོ་བྱས་ཏེ་རང་གིས་གསར་རྩོམ་བྱས་ཆོག་པ་གསལ་བཤད་བྱས། ང་ཚོས་ཐབས་ཤེས་དེ་ལ “ལད་འབྲི་སྒྱུ་རྩལ” ཞེས་འབོད། དེ་ཡང་ལད་འབྲི་སྒྱུ་རྩལ་གྱི་གཞི་བརྟེན་ས་ནི་མིག་ཐོགས་ལག་ཟིན་གྱི་རྩོམ་ཡིག་ཡོད་ཚད་ལ་བྱེད་རྒྱུ་མིན་པར། སྐུ་ཞབས་ལུའུ་ཞུན་གྱིས་གསུངས་པ་ལྟར “དཔྱད་འཇོག་ཐོབ་པའི་རྩོམ་མཁན་ཆེན་པོ”  རྣམས་ཀྱི་རྩོམ་ཡིག་ཚུལ “ཇི་ལྟར་འབྲི་དགོས་པའི” རིགས་ལམ་དང་གདམས་ངག “ གསལ་བོར་སྟོན ”ཐུབ་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་དག་ཡིན་དགོས། དེ་ལྟར་མིན་ན་ལད་འབྲིའི་རྩོམ་ཡིག་དེ་སྒྱུ་རྩལ་གྱི་རིན་ཐང་ལྡན་དཀའ་བ་ཡིན་ནོ།།

         རང་རྒྱལ་རྩོམ་རིག་གི་ལོ་རྒྱུས་ལས་བདེན་དཔང་དང་ར་སྤྲོད་བྱས་པ་ནི་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་རྩོམ་རིག་ལ་སློབ་སྦྱོང་དང་སྙིགས་དོར་བཅུད་ལེན་བྱས་ན་ད་གཟོད་རང་གི་རྩོམ་རིག་ཅུང་ཙམ་མགྱོགས་པར་འཕེལ་རྒྱས་སུ་འགྲོ་བ་མཐོང་། སྐུ་ཞབས་ལུའུ་ཞུན་ནི་རྒྱའི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་རྩོམ་རིག་གི་རྨང་འདིང་མཁན་ཡིན་པ་སུས་ཀྱང་བསྙོན་དུ་མེད་ལ། ད་ལྟའི་དུས་སུའང “ལུའུ་ཞུན་ཞིབ་འཇུག” གི་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་བ་དེ་ལགས། དེ་འདྲའི་ཐུན་མོང་གིས་བཀུར་ཞིང་ཁས་འཆེས་པའི་ལུའུ་ཞུན་ཁོང་ཉིད་རླབས་ཆེན་གྱི་རྩོམ་མཁན་ཞིག་ཏུ་འགྱུར་བའི་རྒྱུ་རྐྱེན་རིགས་ཤིག་ནི་ཁོང་གིས་གསར་རྩོམ་ཐད་ཀྲུང་གོའི་སྲོལ་རྒྱུན་རྩོམ་རིག་གི་རྨང་གཞིའི་སྟེང་ཕྱི་གླིང་རྩོམ་རིག་གི་ལེགས་ཆ་བསྡུས་ཤིང་ཐབས་མཁས་ཀྱིས་ལད་འབྲི་བྱས་ཏེ་རྩོམ་རིག་གི་ནང་དོན་དང་རྣམ་པ་ཀྲུང་ཧྭ་མི་རིགས་ཅན་དུ་བསྒྱུར་བ་དེ་ཡིན་ནོ། །དེ་བས་ཁོང་གིས་རང་ཉིད་ཀྱི་སྒྲུང་གཏམ་གསར་རྩོམ་ནི“ཕལ་ཆེར་རྒྱབ་རྟེན་ཡོངས་རྫོགས་སྔོན་ཆད་བལྟས་མྱོང་བའི་ཕྱི་གླིང་གི་བརྩམས་ཆོས་མང་པོ་དང་གསོ་རིག་ཐད་ཀྱི་ཤེས་བྱ་ཉུང་ངུ་ཡིན” (《ངས་སྒྲུང་གཏམ་ཇི་ལྟར་བྲིས་ཚུལ》ལས)ཞེས་གསུངས།

         ལད་འབྲིའི་སྒྱུ་རྩལ་ལོངས་སྤྱོད་པ་དེ་ནི་དོན་དམ་དུ་རྒྱལ་ཁབ་གང་ཞིག་གམ། མི་རིགས་གང་ཞིག་གི་རྩོམ་རིག་ལ་ཞིབ་འཇུག་བྱས་ཏེ་རྩོམ་རིག་དེས་ཤན་ཞུགས་པ་ལས་བྱུང་བའི་སྙིགས་དོར་བཅུད་ལེན་གྱི་འབྲས་བུ་ཁོ་ན་སླར་ཡང་ལས་སྣོན་དང་ཞུན་ཐར་བརྒྱུད་ནས་བཀོལ་སྤྱོད་བྱས་པ་དེ་རང་ཡིན། ལད་འབྲིའི་སྒྱུ་རྩལ་ནི་གདམ་གསེས་ཀྱི་སྒྱུ་རྩལ་རིགས་ཤིག་ཡིན་པས་རྩོམ་ཡིག་གཅིག་ལ་ལད་འབྲིའི་ཆ་ཤས་ཧ་ཅང་མང་དྲགས་ན “རང་གི་ཁྱད་ཆོས་པའི་གཞི་ཚུགས་དཀའ་བ་ཡིན་ནོ། །

         སྐུ་ཞབས་ལུའུ་ཞུན་ནི་ལད་འབྲི་སྒྱུ་རྩལ་གྱི་ཐབས་ཤེས་ལོངས་སུ་སྤྱོད་པར་མཁས་པའི་རླབས་ཆེན་གྱི་རྩོམ་མཁན་ཆེན་པོ་ཉམས་མྱོང་ཅན་ཞིག་ཡིན་ཏེ། ཁོང་གི་སྔ་རབས་ཀྱི་སྒྲུང་གཏམ་ཕལ་ཆེར་ནི་ཨུ་རུ་སུའི་རྩོམ་རིག་པ་དེ་ནི་ཀོ་ཀི་ལིས་དང་། ཨ་ཐི་ལེ་ཧྥུ། ཨར་ཀྲི་པ་སོས་གྲུ་སོགས་ཀྱི་སྒྲུང་གཏམ་གྱི་རྩོམ་ལུགས་ལ་ཐབས་མཁས་ཀྱིས་ལད་འབྲི་བྱས་པ་ཤ་སྟག་རེད། དཔེར་ན། སྒྲུང་གཏམ་ཆེས་ཐོག་མ《སྨྱོན་པའི་ཉིན་ཐོ》ཟེར་བ་དེ་ནི་ཀོ་ཀི་ལིས་ཀྱི《སྨྱོན་པའི་ཉིན་ཐོ》ཡི་ཤན་ཞུགས་འོག་དེ་ལ་ལད་འབྲི་བྱས་པ་མངོན་པར་གསལ་པས ‘ལུའུ་ཞུན’ ཞིབ་འཇུག་པ་ཝང་ཧྥུ་རིན་གྱིས་ཀྱང “ལུའུ་ཞུན་གྱི་ཕལ་སྐད་སྒྲུང་གཏམ་ཐོག་མ་ནི་རྩོམ་བྱང་ནས་རྣམ་པའི་བར་དུ་ཐད་ཀར་ཀོ་ཀི་ལིས་ཀྱི《སྨྱོན་པའི་ཉིན་ཐོ》ནས་བླངས་པ་ཡིན” (ཝང་ཧྥུ་རིན་གྱི《ལུའུ་ཞུན་གྱི་སྔ་རབས་སྒྲུང་གཏམ་དང་ཨུ་རུ་སུའི་རྩོམ་རིག》ལས)ཞེས་གསུངས། ཡིན་ན་ཡང་། ཁོང་གིས་ཀོ་ཀི་ལིས་ཀྱི་སྒྲུང་གཏམ་ཧྲིལ་བོ་འདྲ་བཤུས་བྱས་པ་གཏན་ནས་མིན་པར།དེའི་སྒྱུ་རྩལ་གྱི་མཚོན་ཐབས་སོགས་ལ་ལད་འབྲི་བྱས་ཤིང་། རྨང་གཞི་དེའི་སྟེང་རང་ཉིད་ཀྱི་བརྩམས་ཆོས་ཀྱི་བློས་བསླངས་ཤིག་ཆགས་པར་བྱས་པར་མ་ཟད། རང་གི་ཁྱད་ཆོས་ལྡན་པའི་གསར་རྩོམ་གྱི་ཁ་ཕྱོགས་ཤིག་གསར་དུ་བཏོད་པ་རེད། ད་དུང་ལུའུ་ཞུན་གྱི་སྒྲུང་གཏམ་ཁ་ཤས་ཤིག་ནི་ཆི་ཁོ་ཧྥུ་ཡི་རྩོམ་སྟངས་ལ་ལད་འབྲི་བྱས་པ་ཡིན་ཏེ། རྩོམ་རིག་སྨྲ་བའི་དབང་པོ་པ་ཅིན་གྱིས་ཀྱང “ལུའུ་ཞུན་གྱི《ཁུང་ཡིས་ཅི》དང《སང་ཉིན》ལ་སོགས་པའི་བརྩམས་ཆོས་དག་ནི་ཆི་ཁོ་ཧྥུ་ཡི་འབྲི་སྟངས་ལྟར་བརྩམས་པར་འདོད” (པ་ཅིན་གྱི《ཨན་ཏུང· པ་ཧྥུ་ལོ་དབེ་ཆི· ཆི་ཁོ་ཧྥུ》ལས)ཅེས་གསུངས། དེ་ཡང་ལུའུ་ཞུན་ཆི་ཁོ་ཧྥུ་ཡི་སྒྲུང་གཏམ་གྱི་ལད་འབྲིའི་གཞི་ལེན་ས་གཙོ་བོ་ནི་གཏམ་རྒྱུད་ཀྱི་བྱུང་རིམ་སྒྲིག་སྟངས་ཉིད་ཡིན།ཆི་ཁོ་ཧྥུ་ནི་གཏམ་རྒྱུད་བྱུང་རིམ་བཀོད་སྒྲིག་ལ་བྱང་བའི་སྒྲུང་རྩོམ་པ་ཞིག་ཡིན་པས་ལུའུ་ཞུན་གྱིས་ཁོང་གི་སྒྲུང་གཏམ་གྱི་བྱུང་རིམ་འགོད་སྟངས་ཀྱི་ཁྱད་ཆོས་དེ་ལ་གཙིགས་འཛིན་བྱེད་པ་ཡིན། འོན་ཀྱང་། ལད་འབྲིའི་ཞུན་ཐར་བརྒྱུད་པའི་སྟབས་ཀྱིས་ལུའུ་ཞུན་གྱི་སྒྲུང་གཏམ་ནང་གི་བྱུང་རིམ་དེ་ཆི་ཁོ་ཧྥུའི་བྱུང་རིམ་ལ་བསྡུར་ན་ཅུང་ཟད་སྙིང་བསྡུས་དང་བཅུད་འཛོམས་པ་རེད།

         བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་བསམས་ན། བོད་ཀྱི་རྩོམ་རིག་པ་རྣམས་ཀྱིས་དུས་རབས་བཅུ་བཞི་པའི་སྔོན་ནས་རྩོམ་རིག་གི་ལད་འབྲི་སྒྱུ་རྩལ་གྱི་ཐབས་ཤེས་བེད་སྤྱད་མྱོང་ཡོད་དེ། ད་ལྟ་འཛམ་བུའི་གླིང་དུ་སྙན་གྲགས་ཀྱི་བ་དན་བསྐྱོད་པའི་བོད་ཀྱི《ལྷ་མོའི་འཁྲབ་གཞུང》ལས་ཁག་འགའ་ཞིག་ནི་གནའ་བོའི་རྒྱ་གར་གྱི་རྩོམ་རིག་ལ་ལད་འབྲི་བྱས་པའི་འབྲས་བུ་ཁོ་ན་ཡིན་ཏེ། དཔེར་ན། 《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར》ནི་སྡིང་ཆེན་སྨྱོན་པ་ཚེ་རིང་དབང་འདུས་ཀྱིས《བསྟན་འགྱུར》ཁྲོད་ཀྱི་རྒྱལ་པོ་དགེ་བའི་དབང་པོས་བརྩམས་པའི《བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང》གི་ཡལ་འདབ་དྲུག་ཅུ་རྩ་བཞི་པ་ལ་བརྟེན་ནས་རྟོགས་བརྗོད་དེ་རྣམ་ཐར་གྱི་རྣམ་པ་ཅན་དུ་བསྒྱུར་ནས་མི་སྣའི་གཤིས་ཀ་དང་གཏམ་རྒྱུད་ཀྱི་བྱུང་རིམ་མང་པོ་ཐད་ཀར་ལད་འབྲི་བྱས་ཡོད། གཞན་ཡང《རྒྱ་བཟའ་བལ་བཟའི་རྣམ་ཐར》ནང་དུ་བློན་པོ་མགར་གྱིས་གཞན་དང་རིག་པ་སྣ་ཚོགས་འགྲན་པའི་གཏམ་རྒྱུད་ཉམས་མཚར་ཅན་དེ་དག་ནི《ནོར་བཟང་གི་རྣམ་ཐར》ནང་གི་བྱུང་རིམ་ཁག་ཅིག་ལ་ལད་འབྲི་བྱས་པ་མངོན་སུམ་དུ་གྲུབ་བོ། །

         དུས་སྐབས་གསར་བའི་རྩོམ་རིག་ལོ་རྒྱུས་ཁྲོད་ཀྱི་རྩོམ་ཡིག་ལ་བལྟས་ན། ཕུལ་དུ་བྱུང་བའི་རྩོམ་ཡིག་མང་པོ་ཞིག་ནི་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱི་རྩོམ་ཡིག་ལ་ལད་འབྲི་བྱས་ཡོད་པ་གསལ་བོར་མཐོང་ཐུབ། དེ་ཡང་མཛུབ་མོས་རི་སྟོན་གྱི་ཚུལ་དུ《སྦྲང་ཆར》ལས་ཉེ་བར་མཐོང་བའི་དཔེ་འགའ་ཞིག་བཀོད་ན། ད་སྔ་བྱུང་བའི་ལད་འབྲིའི་རྩོམ་སྟངས་ལ་གཤམ་གསལ་གྱི་ཁག་འགའ་ཞིག་ཏུ་བགོས་ཆོག
 

གཅིག མི་སྣ་གཙོ་བོ་ལད་འབྲི་བྱེད་པ།

          མི་སྣ་ནི་སྒྲུང་གཏམ་འགྲུབ་བྱེད་ཀྱི་སྙིང་པོར་གྱུར་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ན། མི་སྣ་གཙོ་བོ་ནི་མི་སྣ་མང་པོའི་ཁྲོད་ཀྱི་ཚབ་མཚོན་རང་བཞིན་མཐོ་ཞིང་གཤིས་ཀ་ཐུན་མོང་མ་ཡིན་པ་ཞིག་ལྡན་པ་སྨོས་མ་དགོས།  ཚེ་རིང་དོན་གྲུབ་ཀྱི《ར་ལོ》ཞེས་པའི་སྒྲུང་གཏམ་ནང་གི་མི་སྣ་གཙོ་བོར“ར་ལོ”ནི་དེ་ལྟར་གཤིས་ཀའི་ཁྱད་ཆོས་སྣ་ཚོགས་གཅིག་ཏུ་འདུས་པའི་མི་སྣ་དཔེ་གཞི་ཅན་ཞིག་ཡིན་པའི་རྒྱུ་མཚན་ནི་རྩོམ་པ་པོས《ཨQརྣམ་ཐར》ནང་གི “ཨQ” ཡི་མི་སྣའི་གཤིས་ཀ་ཐུན་མོང་མ་ཡིན་པ་དེ་དག་ལ་ལད་འབྲི་བྱས་པའི་སྟབས་རེད། “ར་ལོ”དང “ཨQ” གཉིས་ཀྱི་གཤིས་ཀ་ཕན་ཚུན་བསྡུར་ཚེ། “ར་ལོའི” གཤིས་ཀ་དེར“ཨQ”ཡི་གཤིས་ཀ་ལྟར་སྣ་མང་རྙོག་འཛིང་ཅན་ཞིག་མིན་ན་ཡང“ཨQ”འདྲ་བའི་ཕྱོགས་མཚུངས་མང་པོ་ཡོད། སྤྱི་ཚོགས་རིག་པའི་ཟུར་ཚད་ཀྱི་ཆ་ནས་བལྟས་ན། “ཨQ”ནི་གྲོང་གསེབ་ཀྱི་ཞིང་བ་གླ་བ་འཁྱམ་པོ་ཞིག་ཡིན་ཞིང་། ཁོ་ལ་ས་ཞིང་མེད་ཅིང་བརྟན་ཆགས་ཀྱི་རྒྱུ་ནོར་མེད་པས་འབྱོར་མེད་པ་ཞིག་ཡིན་པར་མ་ཟད། ཁྱིམ་མེད་ཅིང་སྡོད་གནས་ཀྱང་ངེས་གཏན་མེད་པར་གཞན་ལ་གཡོག་བྱེད་པ་དང་ལོ་ཏོག་འབྲེག་རོགས་བྱེད་པ་ལ་སོགས་པའི་འཁྱམ་ལྡོམ་གྱི་འཚོ་བ་རོལ་བཞིན་ཡོད། “ར་ལོ” ཡི་སྤྱི་ཚོགས་གནས་བབ་ལ་བལྟས་ན་དེ་དང་གཅིག་ཏུ་སྣང་སྟེ། ར་ལོ་ལ་ཡང་ཁྱིམ་དང་ཆུང་མ་མེད(གཉེན་མ་བསྒྲིགས་གོང)ཅིང་རྟ་ནོར་ལུག་གསུམ་ཡང་མེད།གཞན་གྱི་ཕྱུགས་རྫིར་བསྡད་དེ་འཚོ་བ་འཁྱོལ་ཐབས་བྱས་ཤིང་བུ་མོའི་མག་པར་བཙངས་ནས་འཇིག་རྟེན་སྐྱོང་ཐབས་བྱས་པར་མ་ཟད། རབ་ཏུ་བྱུང་ནས་མི་ཚེ་སྐྱེལ་ཐབས་བྱས་ཏེ་འཁྱམ་པོའི་འཚོ་བ་རོལ་བཞིན་ཡོད། སེམས་ཁམས་ཀྱི་འགྱུར་བའི་ཆ་ནས་ཀྱང “ཨQ”དང “ར་ལོ” གཉིས་ཀྱི་རང་གཤིས་ཅུང་ཟད་འདྲ་སྟེ། དཔེར་ན། ཚང་མས “ར་ལོ་ལ་སློབ་སྦྱོང་བྱོས ” ཞེས་བསྒྲགས་ན་ར་ལོ་དགའ་བ་ཚད་མེད་སྐྱེས་པ་ལ་སོགས་པའི་ཡིད་ཀྱི་འགྱུར་བ་དེ་དག་ནི“ཨQ”ལ་མི་རྣམས་ཀྱིས “ངོ་མ་ལས་སྒྲུབ་མཁན” རེད་ཅེས་བསྔགས་བརྗོད་བྱས་ན་སྤྲོ་བ་སྐྱེ་བའི་རང་གཤིས་དག་དང་གཉིས་སུ་མེད་ལ། “ར་ལོ” ཡི་འགྲོ་ལུགས་འདུག་སྟངས་ཀྱི་འགུལ་སྐྱོད་མཐའ་དག “ཨQ”ལ་ལད་འབྲི་བྱས་ཡོད་དེ། “ར་ལོས ” རང་གི་ཆུང་མའི་མིང་པོའི “གཉའ་གནོན” མྱོང་མ་འདོད་པར་ཁོ་དང“རྡུང་རེས”བྱས་ཚུལ་ནི“ཨQ”ཝང་ཧུའུ་དང་འཛིང་ཀ་བཀྱེས་ཚུལ་དང་མཚུངས་ཤིང་། “ར་ལོ” དགོན་པར་སོང་སྟེ་བླ་མ་ཁ་ཤས་དང་གྲྭ་པ་རྒན་པ་རེ་གཉིས་ཀྱི “གསང་བའི་མཛད་པ”དང“མངོན་གྱི་སྤྱོད་པ”མཐོང་ནས་ཞེ་ལོག་པ་དེ་དང་ཁོས་རང་གིས་རང་ལ་ལེ་བདའ་བྱས་ཏེ“འགྲམ་ལྕག་གཞུ་བ”ལ་སོགས་པ་ནི“ཨQ”གྲོང་ཁྱེར་དུ་སོང་ནས་གྲོང་ཁྱེར་པ་རྣམས་ཀྱི་སྐད་ལུགས་ལ་འཕྱ་སྨོད་དང་ཉ་ཤ་བཙོ་སྐབས་སྟེང་དུ་ཙོང་གཙབས་པ་སོགས་ཀྱི་གཡོས་སྦྱོར་བྱེད་སྟངས་ལ་འཕྱ་བ་དང་།རང་གིས་རང་ལ་བརྡུངས་ནས“བསམ་པའི་རྒྱལ་ཁ་སྒོམ”སྟེ་བག་ཕེབས་པར་བྱེད་པའི་གཤིས་ཀ་དང་གཞི་གཅིག་ཏུ་སྣང་ངོ། །
གཞན་ཡང་། “ར་ལོ ” ཡི་མི་སྣའི་གཤིས་ཀའི་ཁྱད་ཆོས་ཤིག་ནི《ཁུང་ཡིས་ཅི》ཡི་རང་གཤིས་ལ་ལད་འབྲི་བྱས་ཡོད་དེ། ར་ལོ་ཁྱིམ་ཚང་ཞིག་ཏུ་མག་པར་བསྡད་དེ་གཞི་ཚུགས་རྗེས “ཨ—” “འོ—” “དེ་འདྲ་ཡིན་ནམ” “གནའ་མིའི་གཏམ་དཔེ་ལ—” ཞེས་ཚིག་གི་བར་ཐག་རིང་བའི་སྐད་ཆ་བཤད་སྐབས་རང་ཆེ་རང་རློམ་གྱི་ཉམས་འགྱུར་མངོན་པ་དེ་ནི“ཁུང་ཡིས་ཅི” ཡིས་སྐད་ཆ་བཤད་སྐབས་ཐོག་མཐའ་ཀུན་ཏུ “ཇི་སྟེ། ཇི་སྐད་དུ། འདི་ཀོ། མང་ངོ” (༡༩༨༤ལོའི 《སྦྲང་ཆར》དེབ་བཞི་པའི《ཁུང་ཡིས་ཅི》)ཞེས་པ་ལྟ་བུའི་ཡིག་སྐད་འབའ་ཞིག་བརྗོད་པའི་རང་གཤིས་ལས་དྲངས་པ་ཡིན་ནོ། །
ཡིན་ན་ཡང་། “ཨQ”དང “ཁུང་ཡིས་ཅི” “ར་ལོ”བཅས་ནི་སྤྱི་ཚོགས་ཀྱི་ཁོར་ཡུག་མི་འདྲ་བ་གཉིས་ཁྲོད་ཀྱི་ཐོན་དངོས་ཡིན་པས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་རྒྱུ་རྐྱེན་དབང་གིས་མི་སྣ་དེ་དག་གི་སྤྱི་ཚོགས་ཀྱི་གོ་གནས་མི་གཅིག་པ་དཔེར་ན། “ཨQ” ལ་རུས་མིང་མེད་པ་དང་ཐ་ན་མིང་ལ་ཀྲའོ་ཞེས་འདོགས་པའི་དབང་ཆ་མེད་ལ། “ར་ལོ” ལ་ཆོས་དབྱིངས་གྲགས་པ་ཞེས་གྲྭ་མིང་འཛིན་པའི་ཁེ་དབང་ཡོད་པ་དང་དེ་ནས་ཕྱིར “ར་ལོ” ཞེས་སྐྱ་མིང་འཛིན་པའི་རང་དབང་ཡང་ཡོད།  རྒྱུ་རྐྱེན་དེ་དང་དེ་ལྟ་བུ་སོགས་པ་ས་བོན་དུ་སོང་བའི་ཆ་ནས“ཨQ”དང“ར་ལོ”གཉིས་ཀྱི་མི་སྣའི་གཤིས་ཀ་རེ་འགའ་ཞིག་ཐ་དད་དུ་སོང་ཡོད།
མདོར་ན། “ར་ལོ”ཡི་ཉམ་ཆུང་བ་དང་། དགོད་བྲོ་བའི་བཟོ་ལྟ། ཁོང་ཁྲོ་ལང་སླ་ཞིང་ལག་འགུལ་བར་དགའ་བ། རང་ཆེ་རང་རློམ། རང་སེམས་རང་གསོ།གཉོམ་ཆུང་ནུས་མེད། སྐྱིད་ལུག་ཆོ་མེད་ལ་སོགས་པའི་རང་གཤིས་མཐའ་དག་ནི《ཨQརྣམ་ཐར》དང《ཁུང་ཡིས་ཅི》ལ་ལད་འབྲི་བྱས་པ་ཡིན་ནོ། །
 

གཉིས། བྱུང་རིམ་ཕྲ་རབ་ལད་འབྲི་བྱེད་པ།
 
         བྱུང་རིམ་ཕྲ་རབ་ཅེས་པ་ནི་སྒྱུ་རྩལ་རྩོམ་ཡིག་ནང་གི་མི་སྣའི་གཤིས་ཀ་དང་། བྱ་བའི་འཕེལ་འགྲོས། སྤྱི་ཚོགས་ཁོར་ཡུག་དང་རང་བྱུང་ཡུལ་ལྗོངས་སོགས་རི་མོར་སྤེལ་བའི་གྲུབ་ཆའི་སྡེ་ཚན་ཆུང་ངུ་ཞིག་ལ་ཟེར།  བྱུང་རིམ་ཕྲ་རབ་ནི་སྒྱུ་རྩལ་རྩོམ་ཡིག་གི་མེད་དུ་མི་རུང་བའི་རྒྱུ་ཆ་ཞིག་སྟེ། ལེགས་གྲུབ་བྱུང་བའི་སྣང་བརྙན་ཡོད་དོ་ཅོག་དང་། རླབས་ཆེ་བའི་བརྗོད་བྱ་སྣ་ཚོགས། མི་སེམས་འགུལ་བའི་གཏམ་རྒྱུད་ལ་སོགས་པ་ནི་ཡོད་ཚད་ཁྱད་ཆོས་ཕུན་སུམ་ཚོགས་པའི་བྱུང་རིམ་ཕྲ་རབ་དག་ལ་བརྟེན་ནས་མཚོན་དགོས་པ་ཡིན། གལ་ཏེ་བྱུང་རིམ་ཕྲ་རབ་མེད་ན། རྩོམ་ཡིག་དྲི་མེད་རོ་མེད་དུ་འགྱུར་བ་དང་སྣང་བརྙན་རབ་རིབ་ཅིག་ཏུ་སོང་ནས་བདེན་འབྲེལ་གྱི་དངོས་ཡོད་འཚོ་བ་ལེགས་པོར་ཚུར་སྣང་བྱེད་མི་ཐུབ། དེའི་སྟབས་ཀྱིས་རླབས་ཆེན་གྱི་རྩོམ་མཁན་རྣམས་ཀྱིས་བྱུང་རིམ་ཕྲ་རབ་འབྲི་བའི་ཐད་ལ་ཐུགས་བརྩོན་ལྷོད་མེད་གནང་གིན་ཡོད་པ་དང་ལས་དང་པོ་བའི་རྩོམ་པ་པོ་རྣམས་ཀྱིས་གཞན་གྱི་བྱུང་རིམ་ཕྲ་རབ་ཀྱི་འབྲི་སྟངས་ལ་ལད་འབྲི་བྱས་ཏེ་རྩོམ་ཡིག་གི་བརྗོད་བྱ་ཕུན་སུམ་ཚོགས་པར་གཏོང་བཞིན་ཡོད།

         སྟག་འབུམ་རྒྱལ་གྱི《རབ་ཏུ་བྱུང་བ》ཞེས་པའི་སྒྲུང་གཏམ་ནང་གི་རྩོམ་གྱི་མགོ་ཚུགས་མ་ཐག་གི་བྱུང་རིམ་ཕྲ་རབ་དེ་ནི་རྒྱའི་རྩོམ་པ་པོ་ཝང་ལིན་གྱི《གློ་བུར་འཕྲད་པ》 (ལིས་ཅང་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི《ད་ལྟའི་མིའི་མཐོང་ཐོས་ངོ་མཚར་བསྡུས་པ》ལས)ཞེས་པའི་སྒྲུང་རྩོམ་ཐུང་བའི་ནང་གི་བྱུང་རིམ་ཕྲ་རབ་ཐོག་མ་དེ་ལ་ལད་འབྲི་བྱས་ཡོད།
དེ་ཡང་གཞི་ལེན་སའི་བྱུང་རིམ་ཕྲ་རབ་དེ་བཀོད་ན། “ ངོ་མ་ཁོ་རང་ལ་འཕྲད་འོང་མ་བསམས། ལྷག་པར་དུ་ཆ་རྒྱུས་མེད་པའི་གྲོང་ཁྱེར་འདི་ལྟ་ཁོ་ལ་ཐུག་ཐུབ་སྣང་ག་ལ་སྐྱེ།  འདུ་འགོད་འཁྲིགས་པའི་ཆ་མེད་ཀྱི་མི་ཚོགས་ཁྲོད་དུ་ངས་ཁོ་རང་མཐོང་བ་ཙམ་གྱིས་ངོས་ཟིན་སོང་། སྐབས་དེར་ངའི་སེམས་ཁམས་དྲག་ཏུ་མཆོག་ལྡིང་བྱེད་པ་དང་ཆབས་ཅིག་འཕྲུལ་སྣང་གི་རྨི་ལམ་ཐུན་གཅིག་ཨེ་ཡིན་སྙམ་པའི་སེམས་ཁྲལ་ཡང་བྱས། ཡིན་ན་ཡང་འདི་ནི་བདེན་པ་བདེན་ཐུབ་ཀྱི་དོན་དངོས་ངོ་མ་ཞིག་རེད” ཅེས་པ་འདི་ཡིན་ནོ། །བྱུང་རིམ་ཕྲ་རབ་འདི་དང《རབ་ཏུ་བྱུང་བ》ཞེས་པའི་སྒྲུང་གཏམ་ནང་གི་བྱུང་རིམ་ཕྲ་རབ་དེ་གཉིས་གཤིབ་བསྡུར་བྱས་ན། 《རབ་ཏུ་བྱུང་བ》ཞེས་པའི་ནང་དུ་གྲོང་ཁྱེར་གྱི་ཡུལ་ལྗོངས་དེ“དགོན་གནས” ཀྱི་རང་བྱུང་ཁོར་ཡུག་ལ་བཅོས་འབྲི་བྱས་ཤིང་ཚིག་རྒྱན་གྱིས་སྤྱད་པར་བྱས་པ་ལས་གཞན་སྣོན་འཕྲི་ཅུང་ཙམ་ཡང་བྱས་མེད་པ་མཐོང་ཐུབ།

         རྩོམ་པ་པོས་བྱུང་རིམ་ཕྲ་རབ་དེ་ལད་འབྲི་བྱས་ཤིང་ཞུན་ཐར་བྱས་པའི་སྟབས་ཀྱིས་དེའི་ནུས་པ་ནི《གློ་བུར་འཕྲད་པ》ཞེས་པའི་ནང་གི་བྱུང་རིམ་ཕྲ་རབ་དེའི་ནུས་པ་ལས་བརྒལ་ཏེ་གསར་གཏོད་ཀྱི་རང་བཞིན་ལྡན་ཞིང་ཁ་གདངས་པ་ཙམ་གྱིས་གློ་བ་མཐོང་ཐུབ་པའི་ནུས་པ་ཐོན་ཏེ་མི་སྣའི་སེམས་ཁམས་ཀྱི་འགྱུར་བ་འབུར་དུ་བཏོད་ཅིང་མི་སྣའི་ཕྱི་ནང་གི་འགལ་འཐབ་དངོས་སུ་མགོ་ཚུགས་པའི་དོན་རྐྱེན་གྱི་བསམ་གཞིག་གི་སྣེ་མོ་མངོན་པར་བྱས་པར་མ་ཟད། ད་དུང་བྱུང་རིམ་ཕྲ་རབ་དེས་དབུ་དྲངས་པ་ལས་བརྩམས་ཆོས་ཀྱི་སྤྱིའི་བློས་བསླངས་ལ་ཞབས་འདེགས་ཞུས་པ་དང་བྱུང་རིམ་འཕེལ་འགྱུར་ཅན་ཕྱོགས་སུ་ཁྲིད་ཅིང་བརྗོད་བྱའི་སྙིང་པོ་མཚོན་པའི་ཐད་ལ་གཞོགས་འདེགས་གྱི་ནུས་པ་གལ་ཆེན་ཐོན་པ་རེད། གལ་ཏེ་རྩོམ་པ་པོས་གློ་བུར་འཕྲད་པ》ནང་གི་བྱུང་རིམ་ཕྲ་རབ་དེ་ལ་ལད་འབྲི་མི་བྱེད་པ་ཡིན་ན་སྒྲུང་གཏམ་དེ་དེ་ལྟར་ལེགས་འགྲུབ་འབྱུང་བའི་ངེས་པ་མེད་དོ། །

         གཞན་ཡང་། ཚེ་རིང་དོན་གྲུབ་ཀྱི《འདྲེ》ཞེས་པའི་སྒྲུང་གཏམ་ནང་གི“ང་སྐྲག་པར་རྒྱུ་མཚན་ལོས་ཡོད” ཅེས་པའི་མཇུག་མཐའི་བྱུང་རིམ་ཕྲ་རབ་དེ་ནི་སྐུ་ཞབས་ལུའུ་ཞུན་གྱི《སྨྱོན་པའི་ཉིན་ཐོ》ཁག་དང་པོའི་ནང་གི་མཇུག་མཐའི་བྱུང་རིམ་ཕྲ་རབ་སྟེ“ང་སྐྲག་པར་རྒྱུ་མཚན་ཡོད” ཅེས་པ་དེ་ལ་ལད་འབྲི་བྱས་པ་རང་ཡིན། བྱུང་རིམ་ཕྲ་རབ་དེ་ནི་ཡིག་ཚོགས་ཉུང་ཞིང་དོན་གྱི་སྙིང་པོ་ཤུགས་དྲག་ཏུ་མཚོན་པའི་བྱུང་རིམ་ཕྲ་རབ་ནུས་ལྡན་ཞིག་རེད། ཡང་གཅིག་བཤད་ན། བྱུང་རིམ་ཕྲ་རབ་དེ་འདྲ་བ་ནི་ལད་འབྲི་བྱས་པ་མིན་པར་རྩོམ་པ་པོའི་སྨྱུག་རྩེ་ལས་ཐོན་ཀྱང་སྲིད་མོད། སྒྲུང་གཏམ་ཧྲིལ་པོའི་ཆ་ནས་བསྡུར་ན་བརྗོད་བྱ་ཐག་ཉེ་ཞིང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་ཐུན་མོང་གི་རང་བཞིན་ཞིག་ཡོད་པ་ངང་གིས་མཐོང་ཐུབ་པས་དེ་ལ་ལད་འབྲི་བྱས་པ་གདོན་མི་ཟའོ།།


གསུམ། སྒྲིག་གཞི་ལད་འབྲི་བྱེད་པ།
 
        “སྒྲིག་གཞིའི” ཟེར་བ་ནི་བརྩམས་ཆོས་ཀྱི་ཕུང་བོ་གྲུབ་སྟངས་ཤིག་པ་བཤད་དེ། གསལ་བོར་བཤད་ན་མི་སྣ་གསར་བཟོ་དང་བརྗོད་བྱའི་བསྟན་དོན་མཚོན་པའི་དགོས་མཁོ་ལྟར། རྩོམ་མཁན་གྱིས་བློས་བསླངས་བྱས་ཟིན་པའི་མི་སྣ། དོན་རྐྱེན་སྣང་ཡུལ་སོགས་དྲང་ཟོལ་ཟུང་འབྲེལ། འཇགས་འགུལ་སྣོལ་སྡེབ། རྒྱས་བསྡུས་འཚམ་པ། གྲིམ་ལྷོད་རན་པའི་སྒོ་ནས་ཚོགས་ཤིང་འདུས་ཏེ་གཅིག་འདུ་འོས་འཚམ་ཆ་ཚང་བཅས་ཡིན་པའི་སྒྱུ་རྩལ་ཕུང་བོ་ཞིག་སྒྲིག་པ་དེ་ལ་ཟེར། "(《སྒྲུང་གཏམ་གསར་རྩོམ་གྱི་ཤེས་བྱ》ལས)དེས་ན་སྒྲིག་གཞི་ལད་འབྲི་ཟེར་བ་ནི་གོང་དུ་བཀོད་པའི་ཐབས་ཤེས་ཀྱི་ཆ་ཤས་ཤིག་ལ་དཔེར་བལྟས་ཏེ་དེའི་འགྲོས་ལུགས་ལྟར་བྲིས་པ་ཞིག་ལ་གོ་རྒྱུ་ཡིན་ནོ། །

         སྒྲིག་གཞི་ནི་བརྩམས་ཆོས་ཧྲིལ་བོའི་ཕུང་བོའི་ཆགས་ལུགས་ཤིག་ཡིན་པས་སྒྲིག་གཞི་ལད་འབྲི་བྱེད་པ་ནི་ལད་འབྲི་གཞན་དང་མི་འདྲ་བར་ངེས་པར་དུ་བླང་དོར་གྱི་ཐད་ལ་ཐུགས་གཟབ་གནང་རྒྱུ་གལ་ཆེ་བར་མཐོང་། དེ་ཡང་གཙོ་བོ་ནི་སྒྲིག་གཞིའི་སྐད་ཆའི་སྒྱུ་རྩལ་གྱི་ཆ་ནས་གཞན་གྱི་བརྩམས་ཆོས་བཤུ་འབྲི་བྱས་ན་དེ་སྒྲིག་གཞི་ལད་འབྲི་རུ་མི་བརྩི་བར་བརྐུས་རྩོམ་དུ་བགྲང་བ་ཡིན། རྒྱུ་མཚན་ནི། རྩོམ་རིག་ནི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན་པས་སྐད་ཆ་ལ་བརྟེན་ནས་བརྩམས་ཆོས་ཧྲིལ་བོ་འགྲུབ་པ་ཡིན་པའི་ཕྱིར་རོ།། གལ་ཏེ་ལད་འབྲི་ཡིན་ཁུལ་གྱིས་གཞི་ལེན་སའི་བརྩམས་ཆོས་དེའི་སྒྲིག་གཞིའི་སྐད་ཆ་མཐའ་དག་ཇི་མ་ཇི་བཞིན་དུ་བཤུས་ན་སྐད་ཆའི་ནུས་པ་ངོ་བོ་གཅིག་ཏུ་སོང་སྟེ་བརྩམས་ཆོས་གཞན་ཞིག་འབྱུང་ཐབས་མེད། དེ་བས་སྒྲིག་གཞི་ལད་འབྲིའི་གཞི་ལེན་ས་ནི་གཙོ་ཆེར་བརྩམས་ཆོས་ཀྱི་མགོ་འཛུགས་སྟངས་དང་མཇུག་སྡུད་ཚུལ། དབྱངས་འགྲོས། དུས་ཚད། གཏམ་གླེང་བཅས་བྱེ་བྲག་གི་རིགས་འགའ་ལ་བསྟན་པ་ཡིན།

         རྣམ་སྲས་ཀྱི《མཐའ་མཇུག་གི་རི་དྭགས་རྔོན་ཐེངས་གཅིག》ཅེས་པའི་སྒྲུང་གཏམ་དེ་ནི་ཚ་ཟེར་འོད་བླ་ཡི《ཚེ་ཐར་དུ་བཏང་བ》(མཚོ་སྔོན་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《རྒྱང་རིང་གི་ཡུལ་ལྗོངས》སུ་གསལ)ཞེས་པའི་སྒྲུང་གཏམ་གྱི་སྒྲིག་གཞི་ལ་ལད་འབྲི་བྱས་ཏེ་བྲིས་པ་ཞིག་རེད། 《ཚེ་ཐར་དུ་བཏང་བ》ཞེས་པའི་སྒྲུང་གཏམ་གྱི་ནང་དོན་ནི། ལག་ཡོང་མཐོ་བའི་རྔོན་པ་མཁའ་ལུང་གིས་ཁྱད་ལྡན་གྱི་རྔོན་རྩལ་ལ་བརྟེན་ནས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་རྫ་མགོ་དང་ནགས་གསེབ་ལ་སོང་སྟེ་རི་དྭགས་བརྔོན་ཏེ་འཚོ་བ་རོལ་བ་དང་། ཕྱིས་སུ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་སྲིད་ཇུས་ཁྱབ་བསྒྲགས་བྱས་ཀྱང་དེ་ལ་མ་ཉན་པར་མི་རབས་རྗེས་མ་སྟེ་རང་གི་བུ་ཕྲུག་དར་རྒྱས་ལའང་ཕ་ཤུལ་བུ་ཡིས་འཛིན་པའི་རེ་བ་བཅངས་ཏེ་སྐྱ་རེངས་མ་ཤར་གོང་གི་ནངས་མོ་ཞིག་ལ་བུ་ཕྲུག་གཉིད་ལས་བསླངས་ཏེ་རི་དྭགས་བརྔོན་དུ་སོང་། ཡིན་ན་ཡང་། མིག་མདུན་གྱི་ཁོར་ཡུག་དང་དར་རྒྱས་ཀྱི་དྲི་བ་ཚོགས་ཀྱི་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་གྱིས་རྔོན་པ་མཁའ་ལུང་ལ་ངེས་འབྱུང་ཟབ་མོ་སྐྱེས་ཤིང་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་དགོས་པའི་གོ་དོན་ལ་ངེས་ཤེས་རྙེད་དེ་རྙི་ལ་ཐེབས་པའི་རི་དྭགས་དང་ཁྱིམ་དུ་བཅུག་པའི་སྲོག་ཆགས་ཐམས་ཅད་ཚེ་ཐར་དུ་བཏང་བ་དེ་ཡིན་ནོ། །

       《མཐའ་མཇུག་གི་རི་དྭགས་རྔོན་ཐེངས་གཅིག》ཅེས་པའི་སྒྲུང་གཏམ་གྱི་ནང་དོན་ཡང་དེ་ལས་མ་འདས་ལ། རྩོམ་པ་པོས《ཚེ་ཐར་དུ་བཏང་བ》ཞེས་པའི་སྒྲུང་གཏམ་ནང་གི “ཆི་ལེན་རི་བོའི་ནགས་ཁུལ་དུ། མཁའ་ལུང་གི་རི་དྭགས་རྔོན་རྩལ་ནི་རྔོན་པའི་ཁྲོད་ཀྱི་ཡང་རྩེར་སོན་འདུག”ཅེས་པའི་རྩོམ་མགོ་འཛིན་པའི་སྒྲིག་གཞི་ལ་ལད་འབྲི་བྱས་ཏེ“མདོ་ལ་རིང་མོའི་རི་འདབས་སུ། ཨ་ཇོ་དགྲ་འདུལ་གྱིས་རི་དྭགས་སོད་སོད་ཅིག་སུས་ཀྱང་བསོད་མི་ཐུབ” ཅེས་མི་སྣ་ངོ་སྤྲོད་བྱེད་པའི་ཐབས་ལ་བརྟེན་ནས་རྩོམ་མགོ་བཟུང་ཡོད་པ་དང་། མཇུག་སྡུད་ཚུལ་གྱི་ཆ་ལ་སྒྲུང་གཏམ་སོ་སོར་རང་རང་གི་ཁྱད་ཆོས་རེ་མངོན་འདུག་ཀྱང་། མི་སྣའི་གྲངས་ཚད་དང་མི་སྣའི་བྱ་འགུལ་སྤེལ་ལུགས། བྱུང་རིམ་དོན་རྐྱེན་གྱི་ཟུར་སྣ་གཙོར་འདོན་ཚུལ། བྱུང་རིམ་གྱི་གཞུང་དང་ཡལ་ག་སྡེབ་ལུགས། རྩོམ་པ་པོའི་བརྩེ་དུངས་འདོན་ཚུལ། མི་སྣའི་བརྗོད་གཏམ་བཀོལ་སྟངས། དཀྱུས་བཞིན་བརྗོད་པ་དང་ལྡོག་སྟེ་བརྗོད་པའི་རྩོམ་སྟངས་ལ་སོགས་པའི་ཆ་ནས《མཐའ་མཇུག་གི་རི་དྭགས་རྔོན་ཐེངས་གཅིག》གིས《ཚེ་ཐར་དུ་བཏང་བ》ལ་ཐད་ཀར་ལད་འབྲི་བྱས་ཡོད། རྩོམ་པ་པོས་དེ་ལྟར་ལད་འབྲི་བྱས་ཤིང་མི་སྣ་གཙོ་བོ་ཨ་ཇོ་དགྲ་འདུལ་དང་རྡོ་སྐྱབས་གཉིས་ཀྱི་སྣང་བརྙན་ལ་བརྟེན་ནས་ཕ་བུ་གཉིས་ཀྱིས་ཉིན་གཅིག་ལ་རི་དྭགས་བརྔོན་པའི་གཏམ་རྒྱུད་བརྒྱུད་དེ་མི་སྣའི་མཐོང་ཐོས་མྱོང་གསུམ་དང་སེམས་ཁམས་ཀྱི་འགྱུར་བ་སྣ་ཚོགས་གཙོ་བོར་བཀོད་དེ་བརྗོད་བྱའི་སྙིང་པོ་མཚོན་པར་བྱས་ཡོད། ཡིན་ན་ཡང་། བརྩམས་ཆོས་འདིའི་སྒྲུང་གཏམ་གྱི་སྐད་ཆ་ཕལ་མོ་ཆེ་ཞིག་ནི《ཚེ་ཐར་དུ་བཏང་བ》ཞེས་པའི་སྒྲུང་གཏམ་གྱི་སྐད་ཆ་ཐད་བསྒྱུར་བྱས་ཡོད་པ་དང་གཏམ་རྒྱུད་ཀྱི་བྱུང་རིམ་གྱི་ཐད་ནས་ཀྱང་མཁའ་ལུང་ཕ་བུ་གཉིས་རི་ནས་ཁྱིམ་ལ་ལོག་སྟེ་ཁྱིམ་གྱི་རི་དྭགས་བཟུང་མ་རྣམས་ཚེ་ཐར་དུ་བཏང་བའི་ཆ་ཤས་ལ་ལད་འབྲི་བྱས་མེད་པ་མ་གཏོགས་གཞན་བྱིངས་གཅིག་འདྲར་སྣང་བས《མཐའ་མཇུག་གི་རི་དྭགས་རྔོན་ཐེངས་གཅིག》ཅེས་པ་ནི་སྒྲིག་གཞི་ལད་འབྲི་བྱས་པའི་སྒྲུང་གཏམ་ལེགས་ཤོས་སུ་གཏན་ནས་བརྩི་མི་རུང་ངོ་། །

         གཞན་ཡང་ལྗང་བུའི《རྩྭ་ཐང་གི་མགྱོགས་བྲིས》ནང་གི《ང་རང་སྦར་ཆོག》ཅེས་པ་ཡང་སྒྲིག་གཞི་ལད་འབྲིའི་རྩོམ་ཡིག་ཏུ་གཏོགས་པ་ཡིན། དེའི་གཞི་ལེན་ས་ནི་འཇར་པན་གྱི་རྩོམ་མཁན་ཞིག་གིས་བྲིས་པའི《རྡོ་སོལ》(རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་དུས་དེབ《ལྗང་མྱུག》དབང་ལྡན་གྱིས་བསྒྱུར)ཞེས་པའི་སྙན་ངག་དེ་ཡིན་ལ་རྩོམ་པ་པོས་བརྗོད་གཞི་གྲོང་ཁྱེར་གྱི་རྡོ་སོལ་དེ་རྩྭ་ཐང་གི་ལྕི་བ་རུ་བསྒྱུར་རྗེས་རྩོམ་གྱི་སྒྲིག་གཞི་ལ་རྩ་བའི་ཆ་ནས་ལད་འབྲི་བྱས་ཡོད་པ་རེད། དེ་ཡང་སྒྲིག་གཞིའི་བླང་དོར་གྱི་ཆ་ནས་ཅུང་ཟད་བསྡུར་ན། 《རྡོ་སོལ》གྱི་མགོར “ང་ནི་ཀུན་གསལ་སྒེག་མོར་འཆར་བའི་རབ་གསལ་གྱི་ཉི་ཟླ་མིན་ལ།ང་ནི་སྣུམ་ཟད་ཀྱི་མུན་སེལ་སྒྲོན་མེའང་མིན”ཞེས་བྲིས་ཡོད་པ་དང《ང་རང་སྦར་ཆོག》ཅེས་པའི་རྩོམ་གྱི་དབུར “ང་ནི་གྲོང་ཁྱེར་ཆེན་པོའི་འཇའ་ཚོན་གློག་ཞུ་མིན། ལྷའི་མདུན་མཆོད་པའི་སྣུམ་ཟད་མར་མེའང་མིན” ཞེས་བཀོད་ཡོད་པར་མ་ཟད། 《རྡོ་སོལ》དུ “ ......མདོག་ངན་ཅིང་དྲི་བཙོག་ནའང......ངན་པའི་གྲས་སུ་ང་མི་ཐེ......ངའི་བརྩེ་དུངས་ནི་འོད་སྟོང་ཆེན་པོས་མཚོན་ཞིང་།ངའི་ནུས་མཐུ་ནི་ཚ་དྲོད་ཆེན་པོས་མཚོན། ང་འཚོ་བའང་གཞན་དོན་རྐྱང་རྐྱང་ཡིན་པས། རང་ལུས་ཀྱི་ཡོད་ཚད་མི་ཡུལ་འདིར་ཕུལ་ནས......” ཞེས་པར་ལད་འབྲི་བྱས་ཏེ “མདོག་ངན་ལ་དྲི་བཙོག་བྲིན་གྱི་གྲས་སུ་ང་མི་ཐེ ......ངའི་བརྩེ་དུངས་ཐམས་ཅད་འོད་སྣང་གིས་མཚོན་ཞིང་། ངའི་སྟོབས་ཤུགས་ཡོད་ཚད་ཚ་དྲོད་ཀྱིས་སྟོན་ཐུབ ......ང་གཞན་དོན་དུ་འཚོ་བ་ཡིན། ཡོད་ཚད་གཞན་ལ་འབུལ་ཆེད..... ”ཅེས་བཅོས་སྒྲིག་དང་ཚིག་སྡེབ་ལེགས་པོར་བཀོད་ཡོད།

         ཕྱིའི་སྒྲིག་གཞི་ལ་བལྟས་ན《ང་རང་སྦར་ཆོག》གི་མགོ་འཛུགས་སྟངས་དང་རྗོད་པ་སྤེལ་སྟངས། རྒྱས་བསྡུས་སྡེབ་སྟངས། དཔེ་མཚོན་འགོད་སྟངས་ལ་སོགས་པ་ལད་འབྲི་བྱས་པར་བརྟེན་ནས་རྩོམ་ལ་རང་རྐྱ་འཕེར་བའི་ཁྱད་ཆོས་ཐོན་པ་དང་། ནང་གི་སྒྲིག་གཞིའི་ཆ་ལ་ཡང་བརྩེ་དུངས་འདོན་ལུགས་དང་བསམ་ཚུལ་བརྗོད་སྟངས་སོགས་ལད་འབྲི་བྱས་པས་རྩོམ་ཡིག་ཧྲིལ་བོར་གཞི་སའི་བརྩམས་ཆོས་དང་མི་འདྲ་བའི་ཁྱད་ཆོས་མངོན་གསལ་ཅིག་ཆགས་ཡོད་དོ། །
 

བཞི། མཚོན་ཐབས་གསར་བ་ལད་འབྲི་བྱེད་པ།
 
         རྒྱའི་དཔྱད་བརྗོད་པ་ཀྲུའུ་ཕུ་ཡིས་རྩོམ་པ་པོ་ཏོ་ཧྲའོ་ཟེར་བའི་བརྩམས་ཆོས་ཤིག་ལ་དཔྱད་བརྗོད་འདོན་སྐབས། “རྩོམ་རིག་ནི་འཚོ་བ་ནང་བཞིན་རྙོག་འཛིང་ཆེ” (ཧྲན་ཏུང་རིག་རྩལ་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《༡༩༨༥ལོའི་སྒྲུང་གཏམ་འགྲན་གླེང་བསྡུས་པ》ལས》)ཞེས་གསུངས། དེས་ན། འཚོ་བ་གོང་འཕེལ་དུ་འགྲོ་བ་དང་བསྟུན་ནས་རྩོམ་རིག་འཕེལ་རྒྱས་སུ་འགྲོ་བ་སྨོས་མ་དགོས་ལ། དེ་བཞིན་རྩོམ་རིག་གི་བརྗོད་བྱའི་སྙིང་པོ་མཐའ་དག་ལ་ཟབ་རྒྱས་དང་འཕོ་འགྱུར་བྱུང་ན། རྩོམ་རིག་གི་མཚོན་ཐབས་ཀྱི་ཐད་ལ་ངང་ངམ་ཤུགས་ཀྱིས་གསར་གཏོད་བྱེད་དགོས་པ་ནི་བཟློག་མེད་ཀྱི་ཆོས་ཉིད་ཡིན།

         སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་མཚོན་ཐབས་འདི་ནི་འཛམ་གླིང་ལ་དར་ཁྱབ་ཏུ་ཕྱིན་ཏེ་ཡུན་རིང་མ་སོང་བའི་མཚོན་ཐབས་གསར་བ་ཞིག་རེད། མཚོན་ཐབས་འདིའི་ཁྱད་ཆོས་ནི་འཇིག་རྟེན་ལས་བརྒལ་ཞིང་མིའི་བློ་ཡུལ་ལས་འདས་པའི་མཚར་སྣང་སྣ་ཚོགས་གཟབ་འབྲི་བྱེད་པ་དང་མིའི་དབང་ཤེས་ཀྱིས་མངོན་སུམ་དུ་མྱོང་ཐུབ་པའི་དངོས་ཡོད་ཕྱིར་མཚོན་བྱེད་པ་འདི་གཉིས་འོས་ཤིང་འཚམ་པའི་སྒོ་ནས་སྣོལ་སྡེབ་དང་ཟུང་འབྲེལ་ལེགས་པོར་བྱེད་པ་ཞིག་ཡིན། སྤྱིར་རྩོམ་རིག་གི་མཚོན་ཐབས་ལ་འཛམ་གླིང་གི་རང་བཞིན་ལྡན་པ་ཡིན་པས་བྱེ་བྲག་གི་མཚོན་ཐབས་འདི་ཡང་བཀག་རྒྱ་ཅི་ཡང་མེད་པར་རྩོམ་པ་པོ་སུས་ཀྱང་བེད་སྤྱད་ཆོག་ལ་རྩོམ་རིག་གི་བརྩམས་ཆོས་གང་ལའང་སྦྱར་ཆོག་པ་ཞིག་ཡིན་མོད། མཚོན་ཐབས་འདི་ནི་གཞན་གྱི་རྒྱུ་ནོར་ཞིག་དང་འདྲ་བར་ད་སྔ་བོད་ཡིག་གི་ལམ་ནས་བརྩམས་ཆོས་སྤེལ་བའི་རྩོམ་པ་པོ་སུས་ཀྱང་རང་དབང་གིས་ལོངས་སུ་སྤྱོད་མ་ཐུབ་པ་རེད། དེའི་སྟབས་ཀྱིས་ཉེ་ལམ་གསར་དུ་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་མཚོན་ཐབས་བེད་སྤྱད་ཡོད་པའི་བརྩམས་ཆོས་དག་ལ་མཚོན་ཐབས་ལད་འབྲིའི་རྩོམ་རིག་ཅེས་དམིགས་བསལ་གྱི་ཐ་སྙད་སྦྱར་ན་རྩོམ་རིག་འཕེལ་རྒྱས་ཀྱི་དཀྱོགས་མཚམས་གསལ་བའི་རང་བཞིན་ལྡན་ནོ། །

         ལྗང་བུའི《སོག་རུས་ལས་མཆེད་པའི་རྣམ་ཤེས》ཞེས་པའི་སྒྲུང་གཏམ་ནི་བཀྲ་ཤིས་ཟླ་བའི《བོད་ལྗོངས། རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས》ཞེས་པའི་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་མཚོན་ཐབས་ལ་ལད་འབྲི་བྱས་ཏེ་བྲིས་པ་ཞིག་རེད། དེ་ཡང་། གོང་དུ་སྨྲས་པ་ལྟར། སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་མཚོན་ཐབས་དེ་ནི་བརྩམས་ཆོས་གཅིག་ལ་བྱེ་བྲག་ཏུ་མ་གཏོགས་ཡོད་མི་ཆོག་པ་ཞིག་མིན་པས《སོག་རུས་ལས་མཆེད་པའི་རྣམ་ཤེས》དེ་བཀྲ་ཤིས་ཟླ་བའི་སྒྲུང་རྩོམ་དེ་ལ་ལད་འབྲི་བྱས་པ་རེད་ཅེས་ངེས་བཏགས་བྱེད་དོན་ནི། ལྗང་བུས་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཐབས་ཤེས་གཙོ་བོ་སྟེ།འུད་བརྗོད་ཀྱི་གཏམ་རྒྱུད་དང་མཚར་རྟོག་ཞིབ་འབྲིའི་ཆ་ནས《བོད་ལྗོངས། རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས》ལ་གཞི་བླངས་ཡོད་པའི་ཕྱིར་རོ།།དེ་ཡང་གསལ་བོར་བཤད་ན།《སོག་རུས་ལས་མཆེད་པའི་རྣམ་ཤེས》སུ “མ་མོ་ཞིག་གི་སོག་རུས” ལས་འཕྲོས་ཤིང་མཆེད་པའི་བྱུང་རིམ་ལ་བརྟེན་ནས་སྒྲུང་གཏམ་གྱི་ཤོང་ཚད་རྒྱ་བསྐྱེད་ཡོད་དེ། “ཁོས་མེས་ཚིག་ནས་སོལ་བ་ལྟར་གྱུར་པའི་སོག་རུས་དེ་མདུན་དུ་བཞག་ཅིང་བློ་རིག་བསྒྲིམས་ནས་ཞིབ་ལྟ་བྱེད་་་་  ཁོས་བལྟས་ཀིན་བལྟས་ཀིན་མིག་ལམ་དུ་སོག་རུས་ཀྱི་འབར་འབུར་དང་ཆག་གས་ཀྱི་སྲུབས་ཀ་ཚང་མ་རིམ་བཞིན་སྤང་ལྗོངས་དང་རི་རབ། གཡང་ས་དང་གཙང་པོ། ད་དང་ཕྱོགས་ཀུན་ཏུ་བསྲིངས་པའི་ལམ་གྱི་དྲ་བ་ཞིག་ཏུ་གྱུར་པའི་སྣང་བ་ཞིག་སྐྱེས།ཁོས་རང་གི་ལས་སྐལ་གྱི་རི་མོ་དེ་དག་མིག་རིག་རིག་གིས་བཙལ། གྲོག་མ་ཆུང་ཆུང་དེས “ཨོཾ” ཡིག་དེར་སྐོར་བ་ཁ་ཤས་བརྒྱབ་རྗེས་མུ་མཐུད་དུ་ལམ་ཕྲན་དེད་ནས་མདུན་དུ་བསྐྱོད...... གྲོག་མ་དེ་གཡང་སར་ལྷུང་ལ་ཉེ། ཁོས་ཕུ་བཏབ་པ་དེས་གྲོག་མ་དེ་གཡང་ལ་བརྫངས།”  དེར་བལྟས་ན། རྩོམ་པ་པོས་འུད་བརྗོད་ཀྱི་ཐབས་ལམ་བརྒྱུད་དེ་འཕྲུལ་སྣང་གི་མདངས་དང་ལྡན་པའི་དངོས་ཡོད་གསར་བ་རྣམས་ཀློག་མཁན་གྱི་མིག་ལམ་དུ་སྒྱུ་རྩལ་གྱི་སྣང་བརྙན་ཞིག་ཏུ་བསྐྲུན་ཞིང “བདེན་བདེན་རྫུན་རྫུན”གྱི་རྣམ་པ་བརྒྱུད་དེ་བརྗོད་བྱའི་སྙིང་པོ་མཚོན་གང་ཐུབ་བྱས་ཡོད། དེར་བརྟེན། སྒྲུང་གཏམ་འདིའི་འུད་བརྗོད་དང་མཚར་རྟོག་གི་བརྗོད་གཞིའི་གཞི་ལེན་གཙོ་བོ་ནི《བོད་ལྗོངས། རྒྱུན་བུའི་མདུད་པ་ལ་བརྒྱུས་པའི་རྣམ་ཤེས》ཁྲོད་ཀྱི “སློབ་དཔོན་པདྨ་འབྱུང་གནས་ཀྱི་ཕྱག་རིས” ལས་འཕྲོས་པའི་གཏམ་རྒྱུད་ཡིན་ཏེ། “སོག་རུས་ལས་མཆེད་པའི་རྣམ་ཤེས” དེ“ཕྱག་རིས་ལས་མཆེད་པའི་རྣམ་ཤེས”ལ་གཞི་བཅོལ་ཡོད་པའི་ཕྱིར་རོ།། གཞན་ཡང་། ལྗང་བུའི《ཤི་གསོན》ཞེས་པའི་སྒྲུང་གཏམ་གྱི་རྩོམ་ལེགས་ཤོས་དེ་ཡང་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཉམས་འགྱུར་གཏིང་ཟབ་ཏུ་ཞུགས་པའི་བརྩམས་ཆོས་ཤིག་ཡིན། དེའི་ནང་གི་འུད་བརྗོད་དང་མཚར་རྟོག་བསྡེབས་ཤིང་ངག་རྒྱུན་དང་ལྷ་སྒྲུང་བསྲེས་པའི་བྱུང་རིམ་སྟེ་བཀྲ་ཤིས་སྒྲོལ་མ་མི་དྲེད་ཀྱིས་བཟུང་ཚུལ་དེ་ནི་བཀྲ་ཤིས་ཟླ་བའི་སྒྲུང་གཏམ《སྦས་སྐུང་གི་ལོ་ཟླ》 (《བོད་ལྗོངས་སྒྲུང་གཏམ་གསར་བ་གཅེས་བསྡུས》) ནང་གི་སྒྲོལ་དཀར་ལུས་ཡོངས་སྤུས་བཀང་བའི་མི་རྒོད་ཀྱིས་གནས་གཞན་ལ་ཁྱེར་བ་ལ་ལད་འབྲི་བྱས་ཏེ་སྒྱུ་འཕྲུལ་གྱི་རྣམ་པ་ཇེ་ཕྱུག་ཏུ་བཏང་ཡོད་པ་རེད།

          གོང་དུ་དཔེ་མཚོན་ཙམ་དུ་བཀོད་པའི་བརྩམས་ཆོས་དེ་དག་ནི་སྒྱུ་རྩལ་གྱི་ཁྱད་ཆོས་ཕུན་སུམ་ཚོགས་པ་དང་བསམ་བློའི་ནང་དོན་འབུར་དུ་ཐོན་པའི་རྩོམ་ཡིག་ལེགས་ཤོས་དག་ཡིན་པར་མ་ཟད། རྩོམ་པ་པོས་ཐབས་ལ་མཁས་ཤིང་བླང་དོར་ཡོད་པའི་སྒོ་ནས་གཞན་གྱི་རྩོམ་ཡིག་ལ་ལད་འབྲི་བྱས་པའི་རྐྱེན་གྱིས། ས་པཎ་གྱིས “རྟ་ལ་རྒྱན་དུ་བྱས་པ་དེ། །བདག་པོ་ཉིད་ལ་མི་མཛེས་སམ། །” ཞེས་གསུངས་པ་ལྟར་དེས་བོད་ཀྱི་རྩོམ་འབྱུང་ལོ་རྒྱུས་ཁྲོད་དུ་རང་རྐྱ་འཕེར་བའི་གོ་གནས་གལ་ཆེན་བཟུང་ཡོད་པར་མ་ཟད། ད་དུང་བོད་ཀྱི་རྩོམ་རིག་ལོ་རྒྱུས་ལ་འོད་སྟོང་ལྷམ་མེར་འཕྲོ་བའི་གཟི་བྱིན་བསྣན་པ་རེད། དེ་ཡང་བརྩམས་ཆོས་དེ་དག་ཐུན་མོང་གིས་ཁས་འཆེས་ཤིང་མིག་ལྟོས་སུ་བྱེད་པའི་རྒྱུ་མཚན་གཙོ་བོ་ནི།རྩོམ་པ་པོས་རང་གི་བླ་སྲོག་མ་བཏང་བར་ཐབས་མཁས་ཀྱིས་ལད་འབྲི་བྱས་པའི་སྟེང་དུ་མི་རིགས་རང་གི་ཁྱད་ཆོས་ཏེ “མར་དྲི་དང་རྩམ་དྲི” ཡལ་དུ་མ་བཅུག་པ་དེ་ལ་ཐུག་ཡོད། མི་རིགས་ཀྱི་ཁྱད་ཆོས་ཐད་ལ་སི་ཏ་ལེན་གྱིས “མི་རིགས་གང་ལའང་རང་གི་རྩ་བའི་ཁྱད་རྟགས་རེ་ཡོད་པ་དང་།  ཚང་མར་རང་ལ་ལྡན་ཞིང་གཞན་ལ་མེད་པའི་ཁྱད་ཆོས་ཤིག་ཡོད”(《སི་ཏ་ལིན་གྱི་གསུང་འབུམ》ལས)ཅེས་གསུངས་པ་ལྟར་ཡིན་ལ། རང་གི་བརྩམས་ཆོས་ཀྱི་ཁྲོད་དུ་རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱི་རྩོམ་ཡིག་ལ་ལད་འབྲི་བྱས་པའི་ཆ་ཤས་ཇི་ལྟར་ཡོད་ཀྱང་གཙོ་བོ “རང་ལ་ལྡན་ཞིང་གཞན་ལ་མེད་པའི་ཁྱད་ཆོས”དེ་དམ་འཛིན་བྱེད་དགོས། དཔེར་ན། ཀུན་གྱིས་མཁྱེན་གསལ་ལྟར། 《ནུབ་ཕྱོགས་རྒྱལ་ཁམས་འགྲིམས་པའི་སྒྲུང》ནི་རྒྱའི་རྩོམ་རིག་ཁྲོད་ཀྱི་མིང་གྲགས་ཅན་གྱི་བརྩམས་ཆོས་ཤིག་ཡིན་མོད། ཡུན་ནན་ཞིང་ཆེན་གྱི་ཐའེ་རིགས་དང་དང་དབྱི་རིགས་ས་ཁུལ་དུ་སྒྲུང་དེ་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད་ལ། དེ་དག་གི་སྒྲུང་དེར་ཡང་ཆོས་ལེན་དུ་སོང་བ་བརྗོད་གཞི་གཙོ་བོ་ཡིན་ཞིང་སྤྲེའུ་རྒྱལ་པོ་མི་སྣ་གཙོ་བོ་ཡིན་པས། ཕྱི་ཚུལ་ནས་བལྟས་ན་བསྐྱར་ཟློས་སུ་ཟད་ཀྱང་ཞིབ་ཏུ་གཟིགས་ན་དེ་གཉིས་ལ་བར་ཁྱད་ཆེན་པོ་ཡོད་དེ། ཐའེ་རིགས་ཀྱི《ནུབ་ཕྱོགས་རྒྱལ་ཁམས་འགྲིམས་པའི་སྒྲུང》ནང་གི་སྤྲེའུ་རྒྱལ་པོས་ཐའེ་རིགས་ཀྱི་ན་བཟའ་བཀླུབས་ཡོད་པར་མ་ཟད། བསམ་བློ་དང་གཤིས་རྒྱུད་ཀྱི་ཆ་ནས་ཐའེ་རིགས་ཀྱི་མི་ངོ་མ་ཞིག་ཏུ་གྲུབ་ཡོད་པ་དང་། སྒྲུང་གི་ལུས་ཀྱང་ཐའེ་རིགས་ཅན་དུ་གྱུར་ཏེ་དོན་བརྗོད་སྙན་ངག་རིང་མོའི་ལུས་སུ་གྲུབ་ཡོད། དབྱི་རིགས་ཀྱི་སྒྲུང་དེ་ལ་ཡང་དེ་ལྟར་དུ་རང་གི་ཁྱད་ཆོས་ཡོད་པར་མ་ཟད། དེའི་ནང་གི་མི་རིགས་ཀྱི་ཁྱད་ཆོས་མངོན་པའི་འཚོ་བའི་བྱུང་རིམ་ཁ་ཤས་ནི་མི་རིགས་གཞན་གྱི《ནུབ་ཕྱོགས་རྒྱལ་ཁམས་འགྲིམས་པའི་སྒྲུང》ནང་དུ་བཙལ་ན་རྙེད་མི་སྲིད་ཅེས་དཔྱད་ཡིག་འགར་གསུངས། དེ་བས་ཐའེ་རིགས་ལའང《ནུབ་ཕྱོགས་རྒྱལ་ཁམས་འགྲིམས་པའི་སྒྲུང》ཡོད་པར་ཁས་འཆེས་དོན་ནི་གཙོ་བོ་མི་རིགས་ཀྱི་ཁྱད་ཆོས་གཙིགས་སུ་བཟུང་ནས་གཟིགས་པར་གོར་མ་ཆག དེ་ལྟར་ན་གོང་དུ་བཀོད་པའི་བརྩམས་ཆོས་དེ་དག་མ་ཟད། ད་དུང《སྦྲང་ཆར》དུ་བཀོད་ཡོད་པའི《གླག་སྦྲུལ་མི་གྱི་གཏམ་རྒྱུད》དང《གྱང་སྣ་དེ་རུ……》《སད་ཀྱིས་བཅོམ་པའི་མེ་ཏོག》《ལམ་འགྲམ་གྱི་ཉིན་ཐོ》ལ་སོགས་པ་དེ་དག་ཀྱང་རྩོམ་པ་པོས་ལད་འབྲིའི་སྒྱུ་རྩལ་སྤྱད་དེ་མི་རིགས་རང་གི་ཁྱད་ཆོས་ལ་གཙིགས་འཛིན་བྱས་ཡོད་པས་དེ་དག་རང་རིགས་ཀྱི་བརྩམས་ཆོས་ལེགས་ཤོས་སུ་བརྩི་རིན་ཡོད། ཡིན་ན་ཡང་། རྩོམ་པ་པོ་འགའ་ཞིག་གིས་གཞན་རྩོམ་ལ་བཅོས་འབྲི་ཕྲན་ཙམ་བྱས་ཏེ་ཕོ་ཚོད་ཀྱིས་རང་གི་མཚན་ཆེན་པོ་འགོད་པ་ཡང་ཡོད་དེ། དཔེར་ན། 《ངག་དོན་ཟུང་འབྲེལ》དང 《རྫོང་མཁར་དང་ཐག་རིང་བའི་རུ་སྡེ》ལྟ་བུ་འགའ་ཞིག་ཡོད་ཅིང་། ཁྱད་པར་དུ《ངག་དོན་ཟུང་འབྲེལ》ནི་སུའུ་ལེན་གྱི་རྩོམ་པ་པོ་ཞིག་གིས་བྲིས་པའི《ངག་སློབ་དང་ལུས་ཁྲིད》《འཛམ་གླིང་སྒྲུང་ཐུང་ཡིག་བརྒྱ་མ་སྙིང་བསྡུས》སུ་གསལ)ཅེས་པའི་སྒྲུང་ཐུང་ཡིག་བརྒྱ་མའི་ནང་གི་མི་སྣའི་མིང་བརྗེས་ཤིང་ལོ་ཚོད་ཇེ་མང་དུ་བཏང་བ་མ་གཏོགས་གཞན་སོར་དུ་བཞག་ཡོད་པས་ངེས་པར་དུ་ངོ་གནོང་དགོས་པའི་རྒྱུ་ལས་མ་འདས་ལ། གཞན་ཡང་དེ་འདྲ་འགའ་ཞིག་ཡོད་ཀྱང་འདིར་བྱ་བརྒྱ་ལ་རྡོ་གཅིག་གིས་སྤུར་བའི་དཔེ་རུ་བྱས་སོ། །

(༡༩༩༤ལོའི《སྦྲང་ཆར》དེབ་དང་པོ་ལས་བདམས)

                        རྩོམ་སྒྲིག་པ། མྱི་གསར་བ།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease