བསམ་བློ་བཏང་སྟེ་སྐད་ཆ་ཞིག་བཤད་ན།

    རྩོམ་པ་པོ། ཁམས་པ་རག་སྨྱོན།


བསམ་བློ་བཏང་སྟེ་སྐད་ཆ་ཞིག་བཤད་ན།

 
                     ཁམས་པ་རག་སྨྱོན།
༡. ཕུགས་བསམ་གླེང་བ།
       དགའ་སྐྱོ་ཆགས་སྡང་གི་ན་བུན་འཐིབ་པའི་སྲིད་པའི་རི་གྲོང་ནས་ང་ཚོ་འགྲོ་བ་མི་སུ་ཞིག་ཡིན་རུང་ཕུགས་བསམ་གྱི་རྨི་ལམ་མི་འདྲ་བ་རེ་རྨིས་ཆོག   དེ་ལྟ་ན་ཡང་། ཕུགས་བསམ་དེ་མཐའ་གཅིག་ཏུ་མངོན་གྱུར་རེད་པའི་ངེས་པ་མེད་མོད།  འོན་ཀྱང་།  ཕུགས་བསམ་གྱི་ཆེད་དུ་ནམ་ཡང་བརྩོན་པར་སྐྱེད་ཅིག  རྒྱུ་མཚན་གང་ཞེ་ན།  སོ་སོའི་དར་རྒུད་ཀྱི་རི་མོ་དོད་སྟངས་ཀྱང་། སོ་སོས་རྒྱུ་རྐྱེན་བསག་སྟངས་ཁོ་ན་ལ་དབང་བས་སོ༎   ད་དུང་ངེས་པར་དུ་བཙལ་དགོས་པ་ནི་ཐབས་མཁས་དང་སྙིང་སྤོབས་ཡིན་པར་སེམས་སོ།།  གལ་ཏེ་རྒྱལ་ཁ་བྱུང་བའི་རྒྱུ་གཙོ་བོ་སྙིང་སྤོབས་མེད་གྱུར་ན།  ཕུགས་བསམ་མངོན་གྱུར་ཅེས་པ་དེ། ཁྱོད་དང་ཧ་ཅང་བར་ཐག་རིང་བ་ཞིག་མ་ཡིན་ནམ།  ཐུགས་བསམ་ཞིབ་མོ་ཞིག་ཐོངས་དང་། སྤྱི་ཚོགས་ཁྲོད་ནས་ཆེས་རླབས་ཆེན་གྱི་མཛད་རྗེས་ཡོད་མཁན་དེ་དག་​ཀྱང་ནམ་རྒྱུན་ཆེས་རླབས་ཆེ་བའི་བརྩོན་འགྲུས་ལྡན་པས་རང་ཉིད་ཀྱི་ཕུགས་བསམ་མངོན་ཏུ་གྱུར་པ་མ་ཡིན་ནམ།   ​དེས་ན་ཁྱོད་ཀྱིས་​མ་འོངས་པའི་འོད་སྣང་གི་ཆེད་དུ། བརྩོན་འགྲུབ་རྒྱུན་ལྡན་དུ་བྱ་དགོས་པ་ནི་རྒྱུ་འབྲས་ཀྱི་གོ་རིམ་ཞིག   མུ་མཐུད་དེ་ཐུགས་བསམ་ཞིབ་མོ་ཞིག་ཐོངས་དང་། ཡང་ནས་ཡང་དུ་བརྩོན་འགྲུས་བསྐྱེད་པར་བྱས་པའི་དབང་གིས། ལེགས་འགྲུབ་ཀྱི་འཇིག་རྟེན་ཞིག་གིས་ཁྱོད་ལ་སྒུག་བཞིན་པ་མ་ཡིན་ནམ།   རྟག་ཏུ་འབད་ཀྱིན་པའི་ངང་ཚུལ་སྣེ་ནས་མིག་ཟུང་རྒྱང་རིང་དུ་ཅེར་དང་འབྱུང་འགྱུར་ཞེས་པའི་མེ་ཏོག་ཅིག་གསལ་བར་མཐོང་ཡོང་བ་མ་ཡིན་ནམ། མི་ཚེ་ནི་ཐུར་རྒྱུག་གཙང་བོ་ཇི་བཞིན་སྐད་ཅིག་གཅིག་ལ་ཡང་འདུག་ཁོམ་མེད་པར།  བྲེལ་བྲེལ་ཚུབ་ཚུབ་ཀྱི་ངང་ནས་ཕར་ནས་ཕར་ལ་བཞུད་ཀྱིན་པས།  འདས་ཟིན་པའི་ལོ་ཟླའི་ཁྲོད་དུ་ཕྱིར་བལྟས་ཤིག་གྱིས་དང་ཁྱེད་ལ་རེ་འབྲས་ཅི་ཙམ་སྨིན་ཡོད་པ་རྟོགས་ཡོང་།  མཇུག་ཐོགས་དེར་ཁྱོད་སེམས་སུ་ངུ་སྙིང་འདོད་པའི་ཚོར་ཤེས་རྣོན་པོ་ཞིག་སྐྱེ་མི་སྲིད་པ་ག་ལ་ཡིན་ཏེ་མིན་ཚོད་རེད། དེ་ལྟ་ན་ཡང་སྙིང་སྟོབས་ནི་གཏན་ནས་ཞུམ་རུང་བ་ཞིག་མ་ཡིན་ཏེ།  བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས། “ཉེས་དང་ལེགས་པར་བྱས་པ་ལ༎ བདག་ཉིད་བདག་གི་དཔང་པོ་ཡིན༎ ”ཞེས་དང་“བདག་ཉིད་བདག་གི་མགོན་ཡིན་གྱི༎གཞན་ལྟ་སུ་ཞིག་མགོན་དུ་འགྱུར༎”གསུངས་པ་ལྟར་ཡིན་ནོ།།  རང་ཉིད་ཀྱི་མི་ཚེའི་ནང་དུ་ལེགས་ཉེས་ཡོད་དོ་ཅོག་རང་ཉིད་ཁོ་ནའི་འཆར་གཞི་དང་ལག་ལེན་ལ་རག་ལས་པ་ཡིན་པས། མི་ལུས་ལེན་གཅིག་ཐོབ་པའི་སྐལ་བཟང་གི་ཟླ་བ་ཞིག་ཚེས་ཡོང་དུས། ངེས་པར་དུ་མི་ཚེའི་ལོ་རྒྱུས་སུ་འབྲས་ཡོད་དོན་ཡོད་ཀྱི་མཛེས་རིས་ཤིག་བྲི་བར་བྱ་བའི་ཕུགས་བསམ་རི་བོ་ལྟ་བུ་ཞིག་གཏན་ནས་མེད་དུ་མི་རུང་ངོ་༎ དེས་ན་དོན་ལྡན་གྱི་ཕུགས་བསམ་མངོན་དུ་གྱུར་པའི་ཉེར་བསྡོགས་སུ། ཤེས་ཡོན་ལ་མི་འཇུག་པའི་ཐབས་ལམ་ཞིག་རྩ་བ་ནས་མེད་དོ༎ གནད་དེ་ཉིད་སེམས་སུ་ངེས་པའི་སྒོ་ནས་ལོ་ཟླའི་རྨི་ལམ་འཚོལ་བའི་ལམ་དུ་ཆས་པར་གྱིས་ཤིག  འདི་ནི་ཐོག་མར་ཕུགས་བསམ་གྱི་སྒོ་ཆེན་དུ་འཇུག་པའི་ཐབས་ལམ་གཅིག་པུ་དེའོ༎
 
༢. ཤེས་ཡོན་གླེང་བ།
      དེང་སང་བརྡ་འཕྲིན་བཀོལ་བའི་འཇིག་རྟེན་གསར་བ་ཞིག་ཏུ་འགྱུར་དུས། ཕལ་ཆེར་ཤོས་སམ་མང་ཆེ་ཤོས་ཀྱིས་བཤད་རྒྱུ་ལ་ཤེས་ཡོན་མེད་ན་ཅི་ཡང་མེད་འགྲོ་སྐད། དེ་ལ་བདེན་སྣང་སྐྱེས་ཏེ་མང་ཆེ་ཤོས་དེའི་རྗེས་སུ་རྒྱུག་གིན་ཡོད་ཚོད་འདུག  འོན་ཀྱང་ཐུགས་བསམ་ཞིབ་མོ་ཞིག་ཐོངས་དང་། དེ་ཚོས་བཤད་པ་ལྟར་དུ་ཤེས་ཡོན་ཡོད་ན་ཅི་ཡང་ཡོད་འགྲོ་བ་ཡིན་ནམ།  དེ་ལྟར་ཡིན་ན་དེང་སང་མཐོ་སློབ་ག་གེ་མོ་ནས་སློབ་མཐར་ཕྱིན་པའི་ན་གཞོན་སྐྲ་སེར་སེར་ཅན། གོས་ཐད་པོ་ཅན་འདི་དག་ལ་ཅི་ཡང་འཛོམས་སོང་བ་ཡིན་ནམ། ད་དུང་རྒྱ་ཡིག་རྒྱ་སྐད་ཀྱི་ལམ་ནས་མགྲོན་པོ་ཕར་ལ་བསྐྱལ་ཞིང་ཚུར་ལ་བསུ་མཁན་གྱི་བོད་མི་རིགས་ཀྱི་ཕོ་གཞོན་མོ་གཞོན་དག་ལ་ཡོད་ཚད་འཛོམས་སོང་བ་ཨེ་རེད། སློབ་མཐར་ཕྱིན་དུས་ཟ་ཁང་ནང་གི་ཞབས་ཞུ་བ་བསྡད་དེ་ཟླ་ཕོག་སྒོར་མོ་སུམ་སྟོང་རག་པ་འདིས། ཤེས་ཡོན་གྱི་ཡང་ལྕི་གཞལ་ནུས་པ་ཡིན་ནམ། གལ་ཏེ་དེ་ལྟར་ཡིན་ན། “ཤེས་ཡོན་ཡོད་ན་ཡོད་ཚད་ཡོད”་ཅེས་པའི་ཐ་སྙད་འདིའི་ཁྱབ་རྒྱ་ཧ་ཅང་ཆུང་དྲགས་སོང་བ་མ་ཡིན་ནམ། ཁོ་བོ་ལ་མཚོན་ཏེ་བཤད་ན་ཤེས་ཡོན་ཞེས་པ་འདི་མི་ཚེའི་ཡོད་ཚད་ཡིན་པའང་འདོད་ཐུབ་ཀྱིན་མི་འདུག  ཅིའི་ཕྱིར་དུ་ཞེ་ན།  ཤེས་ཡོན་གྱི་ན་སྨིན་པའི་རྒས་གཞོན་མང་པོ་ཞིག་རྡུལ་ཕྲན་མཚོན་ཆ་ཡི་བྱེད་པོ་མ་ཡིན་ནམ།  ཤེས་ཡོན་གོ་རྟོགས་ཅན་མང་པོ་ཞིག་དྲག་སྤྱོད་འཐབ་འཛིང་གི་གཡང་སར་ལྷུང་བ་མ་ཡིན་ནམ། ད་དུང་སློབ་གསོ་བ་མང་པོ་ཞིག་གིས་རང་སྲོག་རང་གིས་བཅད་པ་མ་ཡིན་ནམ།  རབ་འབྱམས་པ་མང་པོ་ཞིག་ཉོབ་ལུད་ཀྱི་ཟས་རིགས་བཟོ་མཁན་མ་ཡིན་ནམ། དེ་དག་ནི་དཔེར་མཚོན་ཙམ་མོ།།  དེ་དང་དེའི་རིགས་ལ་འཇིག་རྟེན་གྱི་ཡོད་ཚད་འཛོམས་སོང་བ་གང་གིས་རྟོགས་ནུས་ཏེ་མི་ནུས་པར་སེམས་སོ༎ དེ་བས་ཤེས་ཡོན་ནི་འཇིག་རྟེན་གྱི་ཡོད་ཚད་ཡིན་པ་གང་གིས་ཀྱང་གྲུབ་པ་མ་ཡིན་ནོ༎  འོན་ཀྱང་ཤེས་ཡོན་ནི་རྩ་བ་ནས་སྦྱངས་མི་དགོས་པའམ་ཡང་ན་སྦྱངས་མི་རུང་བ་ཡང་མ་ཡིན་ཏེ།  ཤེས་ཡོན་མེད་ན་མིག་མེད་པའི་ལོང་བ་ཞིག་དང་འདྲ་བས།  ཤེས་ཡོན་མེད་སོང་ན་ཡང་དག་པའི་ལམ་བཟང་དུ་བདེ་བླག་ཏུ་ཐོན་མི་ནུས་ལ། ཤེས་ཡོན་མེད་སོང་ན་སྨྲ་བ་ཆད་པའི་ལྐུགས་པ་ཞིག་དང་མཚུངས་པས་ཤེས་ཡོན་མེད་ན་བླང་དོར་གྱི་གནད་དོན་གཞན་ལ་འཆད་དུ་མི་ནུས་པས་སོ༎ ད་དུང་མིག་རྡོག་ཁོ་ན་ཡོད་པས་མི་མཚན་ཉིད་པ་ཞིག་ཆགས་ཐུབ་ཀྱི་མེད་པ་ནང་བཞིན། ཤེས་ཡོན་ཁོ་ནས་ཡོད་ཚད་ཀྱི་ཚབ་ཕེར་གྱི་མེད། དེས་ན་མི་གཞི་ཀུན་སྤྱོད་གྱི་རྩ་བ་འཇིག་རྟེན་ཡང་དག་གི་ལྟ་བ་ཡིན་པས་དེ་ཉིད་དང་འདྲིས་ཐུབ་པར་བྱ་དགོས། མདོར་ན་ཤེས་ཡོན་དང་ཡ་རབས་སྤྱོད་པ་ཟུང་དུ་འཇུག་པའི་སྒོ་ནས་ཡང་བསྐྱར་མི་ཚེའི་ཕུགས་བསམ་གྱི་ཆེད་དུ་ལམ་ལ་ཆས་པར་གྱིས་ཤིག   འདི་ཡང་ཁྱེད་ཉིད་རྒྱལ་ཁའི་ལམ་ཁ་རུ་ཞུགས་སྟངས་ལེགས་ཤོས་ཤིག་ཏུ་ངེས་པའོ༎
 
༣. མི་གཞི་གླེང་བ།
       མི་རིགས་གང་དང་གང་ཡིན་ན་དེ་དང་དེ་ལ་སོ་སོའི་ཐུན་མིན་གྱི་སྲོལ་རྒྱུན་རེ་ཡོད་པ་དངོས་པོའི་གཤིས་ཡིན། དེ་བས། འུ་ཚོའི་མི་རིགས་ལ་ཡང་མི་གཞི་ཀུན་སྤྱོད་ཀྱི་བླང་དོར་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ཞིག་ཡོད་པས། ལོ་ན་ཆུང་ཆུང་ཡིན་པའི་བོད་མི་རིགས་ཀྱི་ན་གཞོན་ཚོས་ངེས་པར་དུ་ཉམས་སུ་ལེན་དགོས་པ་སེམས་སོ༎  དཔེར་ན་དཀོན་མཆོག་ལ་དད་པ་བཞག་སྟེ་ལས་འབྲས་ལ་ཡིད་ཆེས་པ། རྒན་རབས་ལ་གུས་ཞབས་བྱེད་པ། ལག་ཏུ་ཕྲེང་བ་བཟུང་བ། ལུས་ལ་བོད་ཆས་གྱོན་པ། ཞོགས་ཟས་རྩམ་པ་ཟ་བ།  ཉམ་ཐག་དུད་འགྲོ་ལ་བྱམས་དང་སྙིང་རྗེ་སྐྱེ་བ།  རྐུན་ཇག་དང་གཡོ་སྒྱུའི་ལས་སུ་མི་ཞུགས་པ། དྲང་པོ་སྨྲ་བ། སྤྱོད་པ་མི་དང་བསྟུན་པ། གནའ་སྒྲུང་བཤད་པ།  ཁེད་དང་ཐེ་གེའི་རྩེ་བ།  རང་མི་རིགས་ཀྱི་སྐད་ཡིག་ལ་གཅེས་སྤྲས་ཤེས་པ། རིག་གཞུང་ལ་དད་མོས་ཡོད་པ་མདོར་ན་མི་རིགས་གཅེས་ནོར་གང་ཡོད་པ་ཐམས་ཅད་ལྷག་བསམ་རྣམ་དག་གིས་རྒྱུན་སྐྱོང་བྱེད་པའི་གོམས་གཤིས་བཟང་པོ་ཞིག་སུ་ལ་ཡོད་ན་དེ་ལ་མི་གཞི་ཆེས་ཡག་པ་དེ་ཡོད་པ་མ་ཡིན་ནམ། ད་དུང་ན་ཆུང་བྱིས་པའི་འདུན་ལམ་ཡག་བཙོག་ཀྱང་ཕ་མའི་སློབ་གསོ་དང་དགེ་རྒན་གྱི་སློབ་གསོ་ལ་རག་ལས་པས། ཕ་མ་དང་དགེ་རྒན་གྱིས་བྱིས་པ་དག་ལ་སློབ་གསོ་དང་འཚོ་བའི་བདེ་སྐྱིད་བསྐྲུན་མ་ནུས་ན།ཕ་མ་དང་དགེ་རྒན་གྱི་མིང་ཡོད་ཀྱང་ཕ་མ་དང་དགེ་རྒན་གྱི་གོ་ས་མ་ཟིན་པས་དེ་ལ་དྲིན་ཆེན་གྱི་ཕ་མ་དང་དགེ་རྒན་ཟེར་ཡང་མིང་ཙམ་དུ་ཡིན་པར་འདོད། མུ་མཐུད་དེ་ཐུགས་བསམ་ཞིབ་མོ་ཞིག་ཐོངས་དང་། ཕ་མ་ཡོད་ཀྱང་ཕ་མའི་སློབ་གསོ་མེད་མཁན་གྱི་བྱིས་པ་དག་ནི། སྤྱིར་བཤད་བྱས་ན་མི་གཤིས་དང་རིག་གནས་གང་ཐད་ནས་ཀྱང་རྗེས་ལུས་གྱི་ཞྭ་ནག་གྱོན་ཡོད་པ་མ་ཡིན་ནམ།  ད་དུང་ཁྱིམ་ཚང་གི་བདེ་སྐྱིད་ཟེར་བ་ནི་ཕ་མ་དང་མིང་སྲིང་བར་ལ་བརྩི་བཀུར་དང་བསམ་བློ་བརྗེ་རེས་ཡོད་པ་ཉིད་མ་ཡིན་ནམ། དེ་བས་འཛུམ་མདངས་དང་རྩེད་མཚར་མེད་པའི་ཁྱིམ་ཚང་ནི་བདེ་སྐྱིད་དང་ཆེས་བར་ཐག་རིང་བའི་ཁྱིམ་ཚང་ཞིག་ཏུ་འདོད་དགོས་པ་མ་ཡིན་ནམ། མུ་མཐུད་དེ་ཐུགས་བསམ་ཞིབ་མོ་ཞིག་ཐོངས་དང་། ང་ཚོ་འགྲོ་བ་མི་སུ་ཞིག་ཡིན་རུང་སོ་སོའི་སྐྱིད་སྡུག་ནི་རྟག་བརྟན་མེད་པའི་འཇའ་ཚོན་ཇི་བཞིན་མི་རྟག་པའི་ཆོས་ཉིད་ལས་མ་འདས་པས། འབྱུང་འགྱུར་གྱི་ལོ་དང་ཟླ་བ་བདེ་སྐྱིད་ཁོ་ནས་ཟད་འགྲོ་བ་ཞིག་ག་ལ་ཡིན། དེ་བཞིན་དུ་སྐྱོ་གདུང་ཁོ་ནས་མནར་སོང་བ་ཞིག་ཀྱང་མེད་ཚོད་རེད།  མདོར་དེད་ན་སྐྱིད་སྡུག་གང་དང་འཕྲད་ཀྱང་ཆེས་ཐོག་མའི་དུས་ལ་བསམ་གཞིགས་ཀྱི་རི་མོ་བྲིས་དང་། དེ་ནི་ཁྱེད་ཀྱི་འཇིག་རྟེན་དུ་འོད་སྣང་བསུ་བའི་སྒྲོན་མེ་ཞིག་ཡིན་པར་ངེས།  མུ་མཐུད་དེ་ཐུགས་བསམ་ཞིབ་མོ་ཞིག་ཐོངས་དང་། དར་རྒུད་གང་དང་ཕྲད་ཀྱང་སྤྱོད་པ་མི་དང་བསྟུན་དགོས་པ་མ་ཡིན་ནམ། དཔེར་ན་རྦ་རླབས་ཅི་ཙམ་གཡོལ་ཡང་མཚོ་མོ་དང་ཁ་བྲལ་ཐབས་མེད་པ་ཇི་བཞིན་ནོ༎ དར་དུས་མགོ་འཕང་མཐོ་དྲགས་ན་སེང་གེ་ཁྲོན་པའི་ནང་དུ་ལྡིང་བའི་རྣམ་ཐར་གྱི་རྗེས་སུ་མཐུན་ངེས་ལ། རྒུད་དུས་ཀྱང་སྐྱོ་བ་ཐེག་པའི་ཕྲག་པ་ཞིག་གཏན་ནས་མེད་དུ་མི་རུང་། དེ་བས་ལེགས་ཉེས་ཀྱི་རྣམ་དཔྱོད་ལྡན་པའི་སྒོ་ནས་མི་གཞི་ཡང་དག་པའི་རྗེས་སུ་འཇུག་དགོས་པར་སེམས་སོ༎ འདི་ལྟར་ཐོག་མར་ཕུགས་བསམ་གྱི་ཞིང་ས་རུ་ཤེས་རིག་གི་ས་བོན་བཏབ་ཅིང་། བར་དུ་མི་གཞི་ཀུན་སྤྱོད་ཀྱི་ཆར་ཕོབས་དང། མཐར་ཕུགས་བསམ་གྱི་ཞིང་ས་རུ་རྒྱལ་ཁའི་མེ་ཏོག་ཅིག་ངང་གིས་གསལ་ཡོང་བ་ནི་རྒྱུ་འབྲས་ཀྱི་གོ་རིམ་ཞིག་ཏུ་སེམས་སོ།།  རྒྱུ་དང་འབྲས་བུའི་གོ་རིམ་ནི་གཏན་དུ་འཆོལ་མི་སྲིད་པ་སྟེ།   དེ་ཡང་མདོ་ལས། “ལུས་ཅན་དག་གི་ལས་རྣམས་ནི༎ བསྐལ་པ་བརྒྱ་ཡང་ཆུད་མི་ཟ༎ ཚོགས་ཤིང་དུས་ལ་བབས་པ་ན༎ འབྲས་བུ་ཉིད་དུ་སྨིན་པར་འགྱུར༎” ཞེས་པ་ལྟར་ཡིན་པས།
ཕུགས་བསམ་གྱི་རྨི་ལམ་རྨིས་ཚར་དུས་དེ་དང་འཚམ་པའི་ཉེར་བསྡོགས་ཤིག་བརྩམས་ཏེ་འབྱུང་འགྱུར་གྱི་ལོ་ཟླ་བསྐྱལ་གྱུར་ན། ནམ་ཞིག་རྒྱལ་ཁའི་མེ་ཏོག་ཅིག་ཁྱེད་ཀྱི་འཇིག་རྟེན་དུ་བཞད་པར་ངེས་སོ༎ ༎
ཞེས་པ་འདི་ནི་༢༠༢༠ / ༡༡ / ༢༩ཉིན་རང་ཤག་དཔེ་མང་སྤུངས་པའི་ལྡིང་ཁང་ནས་མཇུག་རྫོགས་པར་བྲིས་སོ༎
                            རྩོམ་སྒྲིག་པ། འཕགས་མི།

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease