ལོ་སར་རིག་གནས་ལ་དཔྱད་པ།

    རྩོམ་པ་པོ། བང་སོ།


ལོ་སར་རིག་གནས་ལ་དཔྱད་པ།

 
                    བང་སོ།

ཕ་ཆོས་ཉི་ཟླའི་གཟི་འོད་རབ་མཛེས་འོག།
སྲོལ་བཟང་རིག་གནས་ཅང་ཤེས་གོམ་ཁ་མྱུར།།
སེར་སྐྱ་མང་ཚོགས་ཀུན་པོས་ཞི་བདེ་ངང་།།
དགའ་སྤྲོའི་མེ་ཏོག་བཞད་མཛོད་དུས་ཀྱི་ལྷ།།
 
          ཞེས་མཆོད་པར་བརྗོད་པའི་ཚིག་གི་མདུན་ལེགས་པར་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི།  དབྱར་གྱི་སྤང་གཞུང་ལ་མེ་ཏོག་གི་ཁྲ་ཚོམས་བཀོད་པ་ལྟར་རང་རིགས་ཁ་བ་ཅན་གྱི་ཞིང་ཁམས་སུ་དུས་ཆེན་གྱི་རིག་གནས་ཕུན་སུམ་ཚོགས་པ་དུ་མའི་ནང་ནས་ལོ་གསར་གྱི་སྐོར་ཅུང་ཙམ་ཁོལ་དུ་ཕྱུང་བ་ལ། དེ་ཡང་ལོ་གསར་གྱི་སྐོར་བཤད་པ་ལ་སྔོན་དུ་ ལོ ་ཟེར་བ་དེ་གསར་ཁ་མ་ཕུད་ཐབས་མེད་ཡིན་པས་ ལོ ་ཞེས་པ་འདི་ལ་དབྱེ་ན།  ཁྱིམ་ལོ་དང་།  ཉིན་ལོ།  ཚེས་ལོའོ།
 
དང་པོ་ཁྱིམ་ལོ་ནི།
       ཉི་མ་རང་འགྲོས་ཀྱིས་རྒྱུ་སྐར་འཁོར་ལོ་རྫོགས་པར་སྦྱོང་པ་ལ་བརྟེན་ནས་ས་ལ་དུས་བཞི་འཁོར་ཚུལ་གྱི་ཁྱིམ་བཅུ་གཉིས་རྫོགས་པ་འཆར་བ་ལ་ཁྱིམ་ལོ་ཞེས་བཏགས་པའོ།  ཁྱིམ་ལོ་གཅིག་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་བཅུ་ཐམ་པ།  ཉིན་ཞག་སུམ་བརྒྱ་དྲུག་བཅུ་རེ་ལྔ་དང་མིག་ཀླུ་མེ་སྐྱོན་གྱི་ཆ་ལ་བཤད་པ་ཡིན་རུང་རྒྱས་པར་ཤེས་དགོས་ན་སྐྱོན་བཏོན་ལོ་འཕོའི་ཐད་ལའང་ལྟོས་ཤིག
 
གཉིས་པ་ཉིན་ལོ་ནི།
      རང་གི་རྩིས་གཞིའི་ཉིན་ཞག་སུམ་བཅུ་ལ་ཉིན་ཟླ།  དེ་བཅུ་གཉིས་ལ་ལོར་བྱས་པའོ།།
 
གསུམ་པ་ཚེས་ལོ་ནི།
 
ཟླ་བའི་འཕེལ་འགྲིབ་ཀྱི་ཆ་སུམ་ཅུ་ལ་ཚེས་ཟླ།  དེ་བཅུ་གཉིས་ལ་ལོར་བྱས་པའོ།།
 
དེ་འདྲའི་ལོ་རེའི་ཟླ་བ་བཅུ་གཉིས་ལས་གང་དང་གང་ལ་ལོ་ཡི་མགོ་འཛིན་ཚུལ་མི་འདྲ་བ་དུ་མ་ཡོད་པ་ལས། དཀར་ནག་རྩིས་ཀྱི་ལོ་མགོ་འཛིན་ཚུལ་དང་། རབ་བྱུང་ལོ་སར། ཞིང་འབྲོག་ལོ་སར་གསུམ་གྱི་ཁྱད་པ་ཅུང་ཙམ་འབྲི་བ་བྱའོ།།  དཀར་ནག་རྩིས་ཀྱི་ལོ་མགོ་འཛིན་ཚུལ་ནི།
      ནག་པ་ཟླ་བའི་ཡར་ངོ་ཚེས་གཅིག་སྟེ་བོད་ཟླ་གསུམ་པའི་ཚེས་གཅིག་ལ་ལོ་མགོ་འཛིན་པ་ནི་དུས་འཁོར་རྩ་རྒྱུད་ཀྱི་རྗེས་སུ་འབྲངས་ནས་སྐར་རྩིས་པ་རྣམས་ཀྱི་ལུགས་ཡིན་ལ། སྐར་རྩིས་པ་ཚོས་ནག་པ་ཟླ་བ་ལ་རྩ་ཆེན་བྱེད་དགོས་པའི་རྒྱུ་མཚན་ཡང་སྔོན་གྱི་ཚེ་ན་དཔལ་ལྡན་འབྲས་སྤུངས་སུ་ཐུབ་པ་ཆེན་པོ་དགུང་གྲངས་༨༡ལོར་གཉིས་མེད་དུས་ཀྱི་འཁོར་ལོའི་རྒྱུད་བསྟན་པའི་དུས་ཆེན་ཡིན་པ་གླེག་བམ་སེར་པོའི་ཕོ་ཉ་ཡོད་པ་ཤེས་དགོས། ནག་རྩིས་ཀྱི་ལོ་མགོ་འཛིན་ཚུལ་ནི་འོག་ཏུ་ཟླ་བ་བཅུ་གཅིག་པའི་ནང་དུ་ལོ་མགོ་འཛིན་ཚུལ་དང་ལྷན་ཅིག་ཏུ་བཤད་པར་བྱའོ།།
 
རབ་བྱུང་ལོ་སར་ནི།
      མགོ་ཟླ་བའི་མར་ངོའི་ཚེས་གཅིག་སྟེ་ཧོར་ཟླ༡༠པའི་ཚེས༡༦ལ་རབ་བྱུང་ལོ་གསར་ཡིན། འདི་ནི་བསྟན་རྩ་དམ་ཆོས་འདུལ་བའི་ལུགས་ཀྱི་དུས་ཚིགས་ཐོག་མ་དགུན་ཁ་དང་།  ཟླ་བའི་ཐོག་མ་མགོ་ཟླ་དང་།  ཚེས་ཀྱི་ཐོག་མ་མར་ངོས་འདི་ནས་འཛིན་ཞིང་།  ད་དུང་རང་ཉིད་ཀྱི་དགེ་རྒན་དམ་པ་རབས་འབྱམས་པ་ཆེན་མོ་༧ཝཾ་དགོན་ཟླ་བས་གསུང་པར་ལྟར་ན།  གསོ་སྦྱོང་བཅུ་བཞི་པ་དང་བཅོ་ལྔ་པ། དབྱར་གནས་དང་དགག་དབྱེ།  སྲ་བརྐྱང་གདིང་བ་སོགས་ཆོས་འདུལ་བའི་ལུགས་ཀྱི་དུས་ཚིག་དང་འབྲེལ་བ་ཐམས་ཅད་མགོ་འཛིན་ས་འདི་ནས་ཡིན་པས་རབ་བྱུང་ཕོ་མོ་ཚང་མས་ཤེས་དགོས་པ་གལ་ཆེ་ཞེས་གསུང་མྱོང་ལ།  མ་གཞི་འདི་ནི་འདུལ་བ་དང་།  མངོན་མཛོད་ཀྱི་རྗེས་སུ་འབྲངས་ནས་ས་དགེ་མཁས་པ་འགས་ལུགས་ཡིན་པར་སྣང་།  རབ་བྱུང་ལོ་སར་ངོས་འཛིན་ཚུལ་ལ་ཁྱད་པར་མེད་རུང་།  ༧ཕོ་བྲང་པོ་ཏ་ལའི་གཡས་གཡོན་ན་བླ་མའི་ལོ་སར་ཟེར་བ་ཞིག་ཡོད་སྐད་འདུག་པས་འོག་ཏུ་དཀྲོལ་ན་བསམ།
 
ཞིང་འབྲོག་ལོ་སར་ནི།  ཞིང་འབྲོག་རྣམས་ཀྱི་ལོ་སར་ལ་རོལ་བའི་དུས་ཚིག་མ་ངེས་པ་མང་དུ་ཡོད་དེ།  ཟླ་བ་བཅུ་པའི་ནང་ལོ་སར་བ་དང་།  ཟླ་བཅུ་གཅིག་པའི་ནང་ལོ་སར་བ་དང་།  ཟླ་བ་བཅུ་གཉིས་པ་ནང་ལོ་སར་བ་དང་།  ཟླ་བ་དང་པོ་ནང་ལོ་སར་བའོ།།  དང་པོ།  ཟླ་བཅུ་པའི་ནང་ལོ་སར་བ་ནི།
     ཀོང་པོའི་ཕྱོགས་ནས་ཡར་ངོའི་ཚེས་གཅིག་སྟེ།  དེའི་སྐབས་སུ་ལོ་གསར་གྱི་དགའ་སྟོན་བྱེད་པ་སྣང་ལ།  ཟླ་བཅུ་པའི་ཚེས་གཅིག་དུས་ལོ་གསར་བྱེད་དགོས་པའི་རྒྱུན་མཚན་ཡང་ཧོར་དམག་གི་བཙན་འཛུལ་བཟློག་ཆེད་ཀོང་པོ་ཨ་རྒྱལ་རྒྱལ་པོའི་སྐབས་སུ་བོད་ཟླ་བཅུ་པའི་ཚེས་གཅིག་ལ་ལོ་སར་བཏང་བ་ནས་བཟུང་ད་ལྟའི་བར་དུ་སྲོལ་དེ་མ་ཉམས་པར་ཉིང་ཁྲི་རྫོང་དང་སྨན་གླིང་རྫོང་། ཀོང་པོ་རྒྱ་མདའ་རྫོང་བཅས་ན་དུས་དེར་ལོ་སར་བཞིན་ཡོད་དོ།།
 
གཉིས་པ།  ཟླ་བ་བཅུ་གཅིག་པ་ནང་ལོ་སར་བ་ནི།
     བྲག་གཡབ་དང་ཆབ་མདོ་ཡི་ཞིང་འབྲོག་འགས་ལོ་ཆུང་ཟེར་བ་ཞིག་རོལ་སྲོལ་ཡོད། མ་གཞི་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་གམ་དགུན་ཉི་ལྡོག་ནས་ལོ་མགོ་འཛིན་ཞིང་ལོ་གསར་ལ་རོལ་བ་ནི་ནག་རྩིས་པ་རྣམས་ཀྱི་ལུགས་ཡིན། འདི་ནས་ནག་རྩིས་པ་རྣམས་ཀྱི་རྩིས་ལ་རགས་ཞིབ་གཉིས་རྩི་ཡི་ཡོད་དེ།  རགས་རྩིས་སྐབས་སུ་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ནས་ལོ་མགོ་འཛིན་གྱི་ཡོད་ལ།  ཞིབ་རྩིས་སྐབས་དེ་ལས་ལྡོག་སྟེ་ཉི་མ་ག་དུས་ལོག་ན་དེ་ཡི་དུས་སུ་ལོ་མགོ་འཛིན་པ་དང་ལོ་གསར་ཡང་གཏོང་སྲོལ་ཡོད།
 
གསུམ་པ།  ཟླ་བ་བཅུ་གཉིས་པའི་ནང་ལོ་སར་བ་ནི།
      ཟླ་བ་བཅུ་གཉིས་པའམ་དགུན་ཟླ་འབྲིང་པོ་སྟེ་རྒྱལ་ཟླ་བ་ནས་ལོ་མགོ་འཛིན་པ་ནི་གདན་བཞི་དང་། རྡོ་རྗེ་མཁའ་འགྲོའི་ལུགས་ཡིན་པ་བཤད་ལ།  ཁམས་ཉག་རོང་གི་དཔོན་པོ་ཨ་མགོན་གྱིས་ཆབ་མདོ་མན་ཆད་དང་རྒྱལ་མོ་རོང་ཡན་ཆད་དབང་དུ་སྡུད་སྐབས་སུ་དགོས་དབང་གིས་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན་ལོ་སར་བ་དང་།  ཕྱིས་སུ་དེ་ལ་དུས་དྲན་བྱ་ཆེད་ཉིན་དེའི་ལོ་སར་ལ་རོལ་སྲོལ་ཡོད་པ་མ་ཟད་ཉག་བྲོ་དལ་ལ་རིང་མོ་འཁྲབ་པའི་ལུགས་ཡང་དེ་དུས་བྱུང་བར་བཤད། དེང་སང་བྱང་ཐང་འབྲོག་པ་འགའ་རེ་དང་།  བྲག་གཡབ་ཕྱོགས་ཀྱི་ཞིང་འབྲོག་ཕལ་མོ་ཆེས་ཟླ་འདིའི་ནང་ལོ་སར་གྱི་ཡོད་ལ།  འབྲོག་པ་རྣམས་ལ་བེའུ་ལུག་ལོ་སར།  ཞིང་པ་རྣམས་ལ་སོ་ནམ་ལོ་སར།  རྒྱ་རིགས་རྣམས་ལ་དཔྱིད་གསར་དུས་ཆེན་ཏེ་དུས་ཆེན་གསུམ་འཛོམས་དེ་ཡང་འདི་ནས་ཤར་རོ།།
 
བཞི་པ།  ཟླ་དང་པོ་ནང་ལོ་སར་བ་ནི།
      དེང་སང་བོད་མི་མང་ཤོས་ཟླ་འདིའི་ནང་དུ་ལོ་སར་རོལ་གྱིན་ཡོད་ལ།  བོད་ལྗོངས་སྨན་རྩིས།  རྫོང་སར་དཀར་རྩིས།  གསེར་རྟ་ལོ་ཐོ་རྒྱས་པ།  ཚང་མའི་ནང་དུ་ཟླ་དང་པོའི་ཚེས་གཅིག་ལ་བོད་ཀྱི་ལོ་སར་ཞེས་འཁོད་ཡོད།  ཟླ་འདིའི་ནང་ལོ་སར་དགོས་པའི་རྒྱུ་མཚན་འདྲི་བའི་ཚེ་ན་བོད་མཁས་པ་མང་དག་ཅིག་གི་དྲིས་ལན་དུ་འདི་ལྟར་སྨྲ་སྟེ།  མགོ་བོ་མཐོ་མཐོ་བྱས་ནས་“དེ་ནི་ཧོར་ཇིང་གིར་རྒྱལ་པོས་མི་ཉག་གི་ཡུལ་དུ་དམག་དྲངས་ནས་མི་ཉག་རྒྱལ་པོ་བསད་དེ་མི་ཉག་ཡུལ་ཁམས་ཐམས་ཅད་མངའ་འོག་ཏུ་བསྡུས་ཤིང་།  མི་ཉག་རྒྱལ་རབས་མཇུག་རྫོགས་པ་ནས་བཟུང་།  ཧོར་གྱིས་རྒྱལ་ཁ་བླངས་པའི་ཟླ་བ་དེར་དགའ་སྟོན་རྟེན་འབྲེ་ཞུས་ནས་ལོ་སར་བའི་སྲོལ་བྱུང་བ་དེའི་དཀྱུས་སུ་ཤོར་བ་རེད་ཞེས་ཟེར་རོ་”ངུ་དགོད་ཤོར་བའི་གཏམ་འཁྱམས་རེ་རྡོ་རྗེ་སྐེ་བཟུང་བྱས་ནས་འདི་ཡིན་འདི་མིན་གྱི་དཔྱད་པ་ཙམ་ལ་བློ་ཁ་ཕྱོགས་མ་མྱོང་བའི་མཁས་མིང་འཛིན་པ་རྣམ་ཅིས་ཀྱང་བཞུགས་རོགས་མཛོད་དང་ཁ་དྲོ། འདི་ནས་ལོ་མགོ་འཛིན་པ་ནི་འུ་ཅག་ནང་པའི་མདོ་རྒྱུད་ཐུན་མོང་གི་ལུགས་ཤིག་སྟེ། འཕགས་པ་གསེར་འོད་དམ་པ་མདོ་སྡེ་དབང་གི་རྒྱལ་པོ་དང་།  གསོ་བ་རིག་པའི་ཕྱི་རྒྱུད་མེས་ཞལ་ གཉིས་ཀྱི་ནང་དུ་གོ་བའི་བུ་ལ་བརྡ་འདུག་པས་གཟིགས་མཛོད།   གསེར་འོད། ཤོག་ངོས་53ནང་འདུག་ལ། གསོ་བ་རིག་པའི་རྒྱུད་། ཤོག་ངོས་46སུ་མེས་ཨག་ཚོམ་མན་ཆོད་ལ་ས་དཔྱད་ཉམས། རྩིས་མགོ་བསྣུར། མངའ་བདག་ཁྲི་རལ་པ་ཅན་གྱི་དུས་སུ་ལོ་མགོ་འཁྲུགས་པའི་རྒྱུ་རྐྱེན་དང་འཁྲུགས་པ་དག་ལ་དགག་པ་ནན་གྱིས་མཛད་ནས་རང་ལུགས་བཞག་པའི་ཚེ་ན་ཟླ་དང་པོ་ནས་ལོ་མགོ་འཛིན་འདུག་པས་རྒྱས་པ་ཤེས་དགོས་བསམ་ན་རྒྱུད་རང་ལ་ནང་འཇུག་པར་བྱོས་ཤིག་ཕ་ཡི་བུ།  བོད་ལྗོངས་སྨན་རྩིང་ཁང་གི་ལོ་མགོ་འདི་ནས་འཛིན་པའི་རྒྱུ་མཚན་ཡང་གསོ་བ་རིག་པ་ལ་ཕུག་གཏུག་འདུག གཞན་རྫོང་སར་དང་གསེར་རྟའི་ལོ་མགོ་འདི་ནས་འཛིན་པའི་རྒྱུ་མཚན་ནི་བོད་ལྗོགས་སྨན་རྩིས་ཁང་གི་དཀྱུས་སུ་ཤོར་བ་ཨེ་ཡིན་སྙམ། མ་གཞི་ཟླ་འདི་ནང་བོད་མི་དག་གི་ལོ་སར་གྱི་དབུ་བརྙེས་པའི་དུས་ནི་རབ་བྱུང་བཅུ་བའི་མེ་སྦྲུལ་སྟེ་སྤྱི་ལོ་༡༦༡༧ལོ་རྒྱལ་བ་སྐུ་འཕྲེང་ལྔ་པ་༧བློ་བཟང་རྒྱ་མཚོའི་སྐབས་སུ། བོད་ཀྱི་ཕ་མཁར་པོ་ཏ་ལ་ནས་བླ་མའི་ལོ་སར་ལ་རོལ་བའི་སྲོལ་བྱུང་ཞིང་དེ་ནས་བོད་མི་སྤྱི་ཡི་ལོ་འདི་ནས་སྐྱུས་སུ་སར་བ་བགྲེས་པོ་དག་གི་ངག་ལས་ཐོན་འདུག་གོ །
 
གཟའ་སྐར་འཕྲོད་སྦྱོར་རྩིས་རིགས་ལུགས་སྲོལ་ཡི།།
རབ་མཛེས་བུ་ཚའི་རྩེད་དགའ་བོད་ལ་ཁྱབ།།
དཔྱད་འབྲས་ཁ་གཡང་སྙན་མོའི་ལེགས་གྲུབ་པའི།
འབྲུ་དྲུག་སྙེ་མའི་གར་སྟབས་ཡར་དར་ཤོག །
ཅེས་པ་འདི་ནི་བོད་རྒྱལ་ལོ་༢༡༤༨ལོར་མགོ་ཟླ་བའི་དམར་ཕྱོགས་རྒྱལ་བ་གསུམ་གྱི་མཚན་མོ་དེར་བང་སོ་ནས་མཇུག་རྫོགས་པར་བྲིས་སོ།།།།
                       རྩོམ་སྒྲིག་པ།  
བསམ་འགྲུབ་རྒྱལ། 
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease