བསགས་རྡུལ་ཕྲ་རབ་ལས་རྡུལ་ཕྲ་རབ་ཡོད་པར་སྒྲུབ་པ།

    རྩོམ་པ་པོ། སཱ་ལ།


བྱེ་སྨྲའི་ལུགས
་སུ་བས་རྡུལ་ཕྲ་རབ་ལས་རྡུལ་ཕྲ་རབ་ཡོད་པར་སྒྲུབ་པའི་གནའ་དེང་གི་ལུང་རི་ཆུན་པོ།
 
                               སཱ་ལས་བརྩམས།

གང་གི་ཐུགས་མཚོ་ཟླ་བ་རྒྱས། །             
སྤྲིན་མེད་རིགས་པའི་ཉི་མའི་ཆར། །
བདག་བློ་ཡིད་ཀྱི་གཏིང་རིམ་དུ། །
ཡང་ཡང་སིམ་སིམ་འཇོ་བར་ཤོག །
 
གནའ་དེང་གཞུང་ལུགས་རིགས་པའི་རྒྱ་མཚོ་ལ། །
སྐལ་བཟང་ཉི་མའི་འོད་སྟོང་ཚེས་པ་ཡིས། །
རིག་པའི་འཇོ་སྒེག་ཉམས་ཀྱིས་ལྡེམ་པ་ལ། །
དམན་པ་ཉིད་ཀྱང་སྤྲོ་བའི་ལས་སུ་འཇུག །
 
        ཅེས་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས་རྩིང་བོའི་བློ་ཡི་བགྱི་བ་འདིར་ཞུགས་ཁུལ་བགྱིད་ན།  དེ་ལ་གང་ཞིག་གླེང་བར་བྱ་བ་ནི་རྡུལ་ཕྲན་གྱི་རྣམ་གཞག་ཅུང་ཙམ་དཔྱད་པར་བྱ་བ་ཡིན་ལ། དེ་ལ་རྡུལ་ཕྲན་གྱི་རྣམ་གཞག་བཤད་དགོས་པའི་རྒྱུ་མཚན་དང་། ཕྲ་བའི་གཟུགས་ངོས་འཛིན་ཚུལ་གཉིས།  དང་པོ་ནི། དེ་ཡང་འགྲོ་བ་མི་དང་དུད་འགྲོ་ཀུན་གྱི་འཚོ་གནས་སུ་གྱུར་པའི་ལྷོ་འཛམ་བུའི་གླིང་དང་། དེ་ལ་ཆགས་པའི་ཉི་ཟླ་སྐར་གསུམ་གཏོས་ཆེ་བའི་གངས་དཀར་ཏི་སེ་མཐའ་ཡས་པའི་ཞི་བདེ་རྒྱ་མཚོ་སོགས་མདོར་ན་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་འདི་དག་ཐོག་མ་ཉིད་ནས་འདི་འདྲིའི་གཏོས་ཆེ་བ་དང་གཏིང་ཟབ་པའི་ངོ་བོར་གྲུབ་ཡོད་དམ་ཞེ་ན།  དེ་ལ་ནང་པའི་གྲུབ་མཐའ་སྨྲ་བ་བཞི་ཡིས་མ་བགྲོས་གཅིག་མཐུན་ཀྱིས་མེད་ཅེས་བྱ། འོ་ན་དེ་དག་ཅི་ལྟར་གྲུབ་པ་ཡིན་ཞེ་ན།  དེ་དག་གློ་བུར་དུ་དེ་དང་དེའི་ངོ་བོར་གྱུར་སོང་པ་མི་འདོད་ལ། དེ་རྣམས་རྒྱུ་མེད་རྐྱེན་མེད་ནས་གྲུབ་ཡོང་བའང་མི་འདོད་དོ། ། འོ་ན་ཅི་ལྟར་ན།  དེ་དག་ལོ་ངོ་ས་ཡ་མང་པོ་དང་ཐེར་འབུམ་མང་པོ་ནས་རང་རང་གི་ཉེ་ལེན་དུ་གྱུར་པའི་རྒྱུ་རྐྱེན་དུ་མ་འདུས་ཏེ་གྲུབ་ཅེས་སྨྲ། དཔེར་ན་བརྗིད་ཉམས་ལྡན་པའི་གངས་དཀར་ཏི་སེ་ནི་རང་ཉིད་ཀྱི་རྒྱུར་གྱུར་པའི་ལོ་ངོ་ཁྲི་ཕྲག་མང་པོའི་སྔོ་རོལ་ཏུ་བྱུང་བའི་རི་བོ་ཆུང་ཆུང་རྣམས་ཀྱིས་ཉེར་ལེན་དང་རྩོམ་གཞིར་བྱས་ནས་གྲུབ་པ་དང་། དེའི་རྩོམ་གཞིར་གྱུར་པའི་རི་བོ་ཆུང་ཆུང་རྣམས་ཀྱང་གློ་བུར་དུ་དེ་དང་དེའི་ངོ་བོར་གྲུབ་སོང་བ་དང་། རྒྱུ་མེད་རྐྱེན་མེད་ལས་བྱུང་བ་མ་ཡིན་པར་རང་ཉིད་ཀྱི་རྒྱུར་གྱུར་བའི་ས་དང་རྡོ་སོགས་འདུས་པའི་ཉེར་ལེན་བྱས་ནས་གྲུབ་པ་དང་། ས་དང་རྡོ་སོགས་ཀྱང་རང་གི་ཉེར་ལེན་གྱི་རྒྱུར་གྱུར་པའི་སའི་རྡུལ་ཕྲན་དང་རྡོའི་རྡུལ་ཕྲན་ལས་བྱུང་བ་དང་། རྡོའི་རྡུལ་ཕྲན་དང་སའི་རྡུལ་ཕྲན་དེ་དག་ཀྱང་རང་གི་ཉེར་ལེན་གྱི་རྒྱུར་གྱུར་པའི་རྡོའི་རྡུལ་ཕྲ་རབ་དང་སའི་རྡུལ་ཕྲ་རབ་བཅས་ལས་གྲུབ་པར་བཤད་པས་རྡུལ་ཕྲན་གྱི་རྣམ་གཞག་བཤད་པའི་དགོས་པ་བཤད་དོ། །
གཉིས་པ་ཕྲ་བའི་གཟུགས་ངོས་འཛིན་ཚུལ་ལ།  གཞུང་ལུགས་ཀྱི་འཇོག་ཚུལ་དགོད་པ།  དེ་མི་འཐད་པར་སྨྲ་བ། བྱེ་སྨྲའི་རང་ལུགས་འཇོག་པ། ནུབ་ཕྱོགས་རྡུལ་ཕྲན་སྨྲ་བའི་རྡུལ་ཕྲན་ངོས་འཛིན་ཚུལ་དང་བཞིའོ། ། དང་པོ་ནི།   ཀུན་མཁྱེན་འཇམ་དབྱངས་བཞད་པའི་མངོན་མཛོད་ཀྱི་སྐབས་སུ། བསགས་རྡུལ་ཕྲ་རབ་ཀྱང་རྫས་རྡུལ་བརྒྱད་འདུས་ཡིན་ཡང་རྫས་རྡུལ་ལས་བོངས་ཚོད་ཆེ་བ་མི་དགོས་པའི་ཕྱིར། དེར་ཐལ། གཟུགས་ཅན་རྣམས་ཀྱི་ཆུང་ཤོས་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས།  ཐམས་ཅད་ལས་ཕྲ་བའི་གཟུགས་ནི་བསགས་པའི་རྡུལ་ཕྲ་རབ་ཅེས་བྱ་སྟེ། དེ་ལས་ཆུང་བ་ནི་མི་མངོན་ནོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ།  འདིའི་དངོས་བསྟན་གཙོ་བོ་བསགས་རྡུལ་ཕྲ་རབ་ཀྱི་དབང་དུ་བྱས་པ་ཡིན་པའི་ཕྱིར་ཏེ། རྒྱལ་སྲས་མ་ལས་ཐབས་ཅད་པས་ཕྲ་བའི་གཟུགས་ནི་རྡུལ་ཕྲ་རབ་ཅེས་བྱ་བ་ནི་རྫས་ཀྱི་རྡུལ་ཕྲ་རབ་མ་ཡིན་འོ། །ཞེས་གསུངས་པ་སོགས་ཀྱིས་ཐམས་ཅད་ལས་ཕྲ་བའི་གཟུགས་ནི་བསགས་རྡུལ་ཕྲ་རབ་ལ་འདོད་མཁན་མང་དུ་ཡོད་དོ།། 
གཉིས་པ་དེ་མི་འཐད་པ་སྨྲ་བ་ནི། ཐམས་ཅད་ལས་ཕྲ་བའི་གཟུགས་ནི་བསགས་སྡུལ་ཕྲ་རབ་ལ་བཞག་པར་མི་འཐད་དེ། སྤྱིར་བསགས་ཞེས་པ་ནི་དུ་མ་ཞིག་གམ་ཆོས་གཉིས་དང་གསུམ་གྲུབ་པ་ནས་བཤད་དགོས་ལ། བསགས་རྡུལ་ཞེས་པར་རྡུལ་མི་འདྲ་བ་དུ་མ་འདུས་པའི་ཕྱིར། བསགས་རྡུལ་ཕྲ་རབ་ལའང་རྡུལ་མི་འདྲ་བ་ཉུང་མཐའ་བརྒྱད་འདུས་དགོས་སོ། །རྡུལ་ཡིན་ན་དུ་མ་འདུས་པ་ཡིན་མི་དགོས་ཏེ། བསགས་རྡུལ་ཕྲ་བའི་ཚོགས་པ་ན་ཡོད་པའི་དྲི་རྡུལ་ཆ་མེད་ལྟ་བུའོ། ། དེས་ན་གོང་ལྟར་ཐམས་ཅད་ལས་ཕྲ་བའི་གཟུགས་ནི་བསགས་རྡུལ་ཕྲ་རབ་ལ་འཇོག་མི་རིགས་ཏེ། བསགས་རྡུལ་གྱི་ཚོགས་པའི་དྲི་རྡུལ་དང་གཟུགས་རྡུལ་སོགས་ཀྱི་རྡུལ་ཆ་མེད་རྣམས་བསགས་རྡུལ་དུ་ཐལ་བར་འགྱུར་རོ། །གཞན་བསགས་རྡུལ་ཕྲ་རབ་དང་རྫས་རྡུལ་གཉིས་ལ་གོ་ས་ཆེ་ཆུང་ཡོད་པའི་ཕྱིར།  དྲི་རྡུལ་ཆ་མེད་གཅིག་གི་གོ་སར་དྲི་རྡུལ་གཅིག་གི་གོ་ས་མ་གཏོགས་མེད་ལ། བསགས་རྡུལ་ཕྲ་རབ་ཀྱི་ཚོགས་པར་རྡུལ་གྱི་ཆ་ཤས་སམ་རིགས་མི་འདྲ་བ་བརྒྱད་ཡོད་ལ་གཟུགས་རྡུལ་དང། དྲི་རྡུལ། རེག་བྱའི་རྡུལ་སོགས་ཡོད་པའི་ཕྱིར། གལ་ཏེ། གོང་ལྟར་བསགས་རྡུལ་ཕྲ་རབ་དང་རྫས་རྡུལ་ཕྲ་རབ་གཉིས་ལ་ཆེ་ཆུང་མེད།  གཟུགས་རྡུལ་གྱིས་གཟུགས་རྡུལ་ལ་གོ་བཀག་པ་མ་གཏོགས་གཟུགས་རྡུལ་གྱིས་དྲི་རྡུལ་དང་། དྲི་རྡུལ་གྱིས་རེག་བྱའི་རྡུལ་ལ་གོ་མི་བཀག   དེས་ན། རྫས་རྡུལ་ཆ་མེད་ཀྱི་གོ་སར་བསགས་རྡུལ་ཕྲ་རབ་གཅིག་ཤོང་ཟེར་ན། དེ་ཉིད་ཐོགས་བཅས་ཡིན་པ་ཉམས་པར་འགྱུར་ལ། གཟུགས་རྡུལ་གྱིས་ཀྱང་དྲི་རྡུལ་སོགས་ལ་གོ་བཀག་པའི་ཕྱིར། དཔེར་ན་ཤེལ་གྱི་ཕར་ནང་གི་དྲི་དེ་ཚུར་ནང་ནས་མི་ཚོར་ལ། གལ་ཏེ་གོ་མི་བཀག་ན་ཤེལ་གྱི་ཕར་ནང་གི་དྲི་དེ་ཚུར་ནང་ནས་ཚོར་དགོས་པ་ལ་མི་ཚོར་བའི་ཕྱིར། དེས་ན། དེ་རྣམས་ཀྱིས་ཕན་ཚུན་ལ་གོ་བཀག་པའི་ཕྱིར། རྫས་རྡུལ་གཅིག་གི་གོ་སར་བསགས་རྡུལ་ཆ་མེད་གཅིག་མི་ཤོང་བའི་ཕྱིར་ན་ཆེ་ཆུང་མེད་པ་མི་འཐད་དོ།། 

གསུམ་པ་བྱེ་སྨྲའི་ལུགས་བཤད་པ་ནི། སྤྱིར་བྱེ་སྨྲའི་ལུགས་ལ་ཤེས་བྱ་ཐམས་ཅད་གཞི་ལྔས་བསྡུས་པ་ཡིན་ཏེ།  གཟུགས་དང། སེམས།  སེམས་བྱུང་། མི་ལྡན་པའི་འདུ་བྱེད།  འདུས་མ་བྱས་ཀྱི་གཞི་བཅས་སོ། །གཞི་ལྔ་པོ་དེ་ལས་དང་པོ་གཟུགས་ཀྱི་གཞི་ལ། ཕྲ་བའི་གཟུགས་དང་རགས་པའི་གཟུགས་དེ་གཉིས་གང་ཡང་མ་ཡིན་པ་དང་གསུམ། དང་པོ་ཕྲ་བའི་གཟུགས་ནི་ཆ་མེད་གཅིག་པུ་རེ་རེ་བ་ཡིན་པས་རྫས་གཞན་འདུས་པ་མེད། དཔེར་ན་བསགས་རྡུལ་ཕྲ་བའི་ཆ་ཤས་སམ་དེའི་ཚོགས་པ་ན་ཡོད་པའི་འབྱུང་འགྱུར་གྱི་གཟུགས་རྡུལ་དང་དྲི་རྡུལ་ལྟ་བུའོ། །འོ་ན། འདོད་ན་དབང་པོ་མེད་པ་དང་།། སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད།། ཅེས་པ་ཅི་ཞེ་ན།  དེ་ནི་འདོད་པར་བསགས་རྡུལ་ཕྲ་བ་གཅིག་ཚོགས་པ་ལ་ཉུང་མཐའ་རྡུལ་བརྒྱད་ཚོགས་དགོས་པའི་དོན་ཡིན་ལ་སྤྱིར་རྡུལ་གཅིག་གི་ཚོགས་པ་ན་ཉུང་མཐའ་རྡུལ་བརྒྱད་ཚོགས་ཡོད་པས་མིན་ནོ། །དེས་ན་ཐམས་ཅད་ལས་ཕྲ་བའི་གཟུགས་ནི་བསགས་རྡུལ་ཕྲ་རབ་ཅེས་བྱ་སྟེ་འདི་ལས་ཆུང་བ་ནི་མི་མངོན་ནོ། །”ཞེས་པ་ནི་བསགས་རྡུལ་ཐམས་ཅད་ཀྱི་ཆུང་ཐ་ལ་གཞིགས་ཏེ་གསུངས་པ་ཡིན་པ། རྒྱ་གཞུང་གཉིས་ཆར་དང་བོད་འགྲེལ་མཁས་པའི་གཞུང་ལས་གྲུབ་སྟེ།  སློབ་དཔོན་གང་སྤེལ་གྱིས། ཐམས་ཅད་པས་གཟུགས་ཕྲ་བ་བསགས་པའི་གཟུགས་ནི་རྡུལ་ཕྲ་རབ་ཅེས་བྱ་སྟེ་ཞེས་བྱ་བ་ལ། རྡུལ་ཕྲ་རབ་ནི་རྣམ་པ་གཉིས་ཏེ། རྫས་ཀྱི་རྡུལ་ཕྲ་རབ་དང་།  བསགས་པའི་རྡུལ་ཕྲ་རབ་བོ། །དེ་ལ་རྫས་ཀྱི་རྡུལ་ཕྲ་རབ་ནི་ཐམས་ཅད་ལས་ཕྲ་བ་ཐོགས་པ་དང་བཅས་པའི་གཟུགས་ཀྱི་ཡན་ལག་ཏེ། གང་ཞིག་གཟུགས་གཞན་ནམ་བློས་ཀྱང་རབ་ཏུ་རྣམ་པར་དབྱེ་བར་མི་ནུས་པའོ། །དེ་ཉིད་ཀྱི་ཕྱིར།  དེ་ཆ་ཤས་མེད་པས་དེ་ལ་གཟུགས་ཀྱི་མཐའ་ཞེས་བྱ་སྟེ། སྐད་ཅིག་མ་ཕྱེད་མེད་པས་སྐད་ཅིག་མ་དུས་ཀྱི་མཐའ་ཉིད་ཡིན་པ་བཞིན་ནོ། །ཞེས་གསུངས་ལ།  རྒྱལ་སྲས་མས། ཐམས་ཅད་པའི་གཟུགས་ནི་རྡུལ་ཕྲ་རབ་ཅེས་བྱ་བ་ནི་རྫས་རྡུལ་ཕྲ་བ་མ་ཡིན་པའོ། །གཞན་ཡང་མཛོད་འགྲེལ་ཉི་སྣང་ལས། རྫས་རྡུལ་ཕྲ་རབ་ནི་ཆ་མེད་གཅིག་པུ་རེ་རེ་བ་ཡིན་པས་རྫས་གཞན་འདུས་པ་མེད་ལ། བསགས་རྡུལ་ཕྲ་རབ་གཅིག་ཉིད་ཀྱང་འདོད་པའི་དབང་དུ་བྱས་ན་ཉུང་མཐའ་རྡུལ་རྫས་བརྒྱད་དང་ལྷན་ཅིག་ཏུ་སྐྱེ་བར་འདོད་དོ། །དེས་ན། ཆ་མེད་དུ་འདོད་པའི་རྫས་རྡུལ་ཕྲ་རབ་ནི་རྫས་རྡུལ་ཕྲ་རབ་ཉིད་ལ་བསམ་དགོས་ཏེ། བསགས་རྡུལ་ཕྲ་རབ་ནི་རགས་པ་གཞན་ལ་ལྟོས་ནས་ཕྲ་རབ་ཏུ་བཏགས་པ་ལས་ཕྲ་རབ་དངོས་མིན་ཏེ། དེ་ལས་ཕྲ་བ་ཡོད་པའི་ཕྱིར་དང་རྡུལ་ཕྲ་རབ་ཅེས་པ་ཕྲ་བ་རབ་ཀྱི་མཐར་ཐུག་པ་ལ་བྱེད་དགོས་པའི་ཕྱིར་རོ། །འོ་ན། སྤྱིར་བསགས་རྡུལ་ཕྲ་རབ་དེ་རགས་པའི་གཟུགས་དང་ཕྲ་བའི་གཟུགས་གང་ཡིན་ཞེ་ན། སྤྱིར་རགས་པའི་གཟུགས་ཡིན་ཡང་།  སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད་ཅེས་པའི་དངོས་བསྟན་གྱི་ཕྲ་བའི་གཟུགས་ཡིན་ཏེ།  སྐབས་འདིར་དངོས་བསྟན་གྱི་ཕྲ་རབ་དེ་བསགས་རྡུལ་ཕྲ་རབ་དང་།  རགས་པའི་རྡུལ་ནི་རྡུལ་རྫས་དགུ་དང་ལྡན་པའི་དབང་པོའི་རྡུལ་སོགས་ལ་སྣང་བའི་ཕྱིར་ཞེས་གསུངས་སོ། །
བཞི་པ་ནུབ་ཕྱོགས་རྡུལ་ཕྲན་སྨྲ་བའི་རྡུལ་ཕྲན་ངོས་འཛིན་ཚུལ་ནི།   གོང་དུ་བཤད་པའི་བྱེ་སྨྲའི་ལུགས་ལྟར་ཕྲ་བ་ངོས་འཛིན་ཚུལ་ཅུང་ཙམ་བགྱི་ན་སྤྱི་ལོ་1936་ལོར་འཇར་མན་གྱི་དངོས་ཁམས་རིག་པ་བ་’མུས་ལེར་’ཞེས་པས་རྡུལ་ཕྲན་ཕྲ་མཐོང་ཆེ་ཤེལ་བཟོས་པའི་བསགས་རྡུལ་ཕྲ་རབ་ཆུང་ཐ་ལས། ཁུལ་དང་བར་ཁོངས་མེད་པ་ཆ་ཤས་བགོར་མེད་པའི་ཆུང་མཐར་ཐུག་པའི་བེམ་གཟུགས་ཀྱི་དངོས་པོ་ཐ་དག་གི་རྩ་བའི་གྲུབ་ཆར་གཏོོགས་པའི་རྫས་རྡུལ་ཕྲ་རབ་ཞིག་རྙེད་སོན་བྱུང་ལ་དེའི་མིང་ལ་’ཁཱར་ཁིའི་’རྡུལ་ཞེས་བྱ་ལ། གཞན་དབྱིན་ཇིའི་ཚན་རིག་པ་ཐོམ་སོན་གྱིས་1897ལོར་གློག་རྡུལ་ཞེས་པ་གསར་རྙེད་བྱུང་བ་ཡིན་ཞིང་བར་སྣང་སྟོང་སང་དུ་ཁེར་རྐྱང་གི་ཚུལ་གྱིས་དབུས་རྡུལ་གྱི་མཐའ་རུ་འཁོར་སྐྱོད་བྱེད་པར་དབྱིན་ཇིའི་ཚན་རིག་པ་(རོ་ཟེར་ཧྥོར)་གྱིས་1911ལོར་གསར་རྟོགས་བྱུང་། གོང་དུ་བཤད་པའི་ཁཱར་ཁིའི་རྡུལ་དང་ཆེ་ཆུང་མེད་པ་ཆ་ཤས་བགོར་མེད་པའི་ཆུང་མཐར་ཐུག་པ་བེམ་གཟུགས་ཀྱི་དངོས་པོ་ཐ་དག་གི་རྩ་བའི་གྲུབ་ཆར་གཏོགས་པའི་གྲུབ་དོན་དེ་ཉིད་དེང་རབས་ཚན་རིག་པ་རྣམས་ཀྱིས་མངོན་སུམ་མིག་གིས་མཐོང་ནས་བཞག་པ་ལས། རྗེས་དཔག་གིས་གཞིགས་པ་སོགས་ཀྱིས་གྲུབ་པ་ཞིག་མ་ཡིན་ནོ། །འདིའི་སྔོན་དུ་དེ་འདྲའི་བེམ་གཟུགས་ཐམས་ཅད་ཀྱི་རྩ་བའི་གྲུབ་ཆར་གཏོགས་པའི་ཕྲ་བའི་གཟུགས་ངོས་འཛིན་པ་ལ། སྤྱི་ལོའི་སྔོན་གྱི་ལོ་493ཙམ་ནས་གནའ་བོའི་གྷི་རི་སའི་གནའ་རབས་ཚན་རིག་པ(ལིའུ་ཇིས་ཕོ)ཞེས་པས་དངོས་གཟུགས་རྣམས་ཀྱི་རྩ་བའི་གྲུབ་ཆར་གྱུར་པ་དེ་ལས་ཆ་ཤས་ཕྱེ་རྒྱུ་མེད་པ། ཆུང་བ་རབ་ཀྱི་མཐར་ཐུག་པའི་རྡུལ་ཕྲན་ཡོད་པའི་ལྟ་བ་ཐོག་མར་བཏོན་ནས།  དེ་ནས་ཁོའི་སློབ་རྒྱུད་དང་བཅས་པས་བརྒྱུད་འཛིན་དར་སྤེལ་བྱས་ཏེ་ཐོག་མར་དེའི་མིང་ལ་གྷི་རི་སའི་སྐད་དུ་(་ཨེ་ཊོམ་ཨོ་ཨེ་སི)ཞེས་བཏགས་ལ་ཕྱིས་སུ་དབྱིན་སྐད་དུ་(ཨེ་ཊོམ)ཞེས་ཟེར། དེའི་དོན་དབྱེར་མེད་པ་ཆ་ཤས་ཕྱེ་རྒྱུ་མེད་པའི་དོན་ཡིན་ནོ་ཞེས་གྲག་གོ། །འོན་ཏེ། ཕྱིས་སུ་གོང་དུ་བཤད་ཟིན་པ་ལྟར།  དེང་རབས་ཚན་རིག་པས་འཕྲུལ་ཆས་ཀྱིས་མཐོང་བས་ཨེ་ཊོམ་མམ་མ་རྡུལ་ཕྲ་མོ་དེ་ཆུང་ཐ་མཐར་ཐུག་པ་མིན་པར་དབུས་རྡུལ་དང་གློག་རྡུལ་མཉམ་འདུས་ལས་གྲུབ་པའི་བསགས་རྡུལ་ཡིན་པར་དེའི་ནང་དུ་ད་དུང་ཁོངས་དང་ཆ་ཤས་ཕྱེ་རྒྱུ་ཡོད་པར་གསར་རྟོགས་བྱུང་ངོ་། །(ཨེ་ཊོམ)ཞེས་པ་ལ་ད་ལྟར་བོད་སྐད་ཀྱིས་མ་རྡུལ་ལམ་ཡང་ན་རྡུལ་ཕྲན་ཞེས་བཏགས།  དེ་ལྟར་བསགས་རྡུལ་ཕྲ་བ་ལས་རྡུལ་ཆུང་ཐ་ཡོད་པར་ནུབ་ཕྱོགས་ཀྱི་དེང་རབས་ཚན་རིག་པ་རྣམས་ཀྱི་ཆུ་བུར་མིག་གིས་མཐོང་བའི་མི་ཚེའི་རྙེད་དོན་ཞིག་ཏུ་ཆགས་ཡོད་དོ། ། 
དེ་ལྟར་བཟང་པོ་སྤྱོད་པའི་དགེ་བའི་མཐུས། །
ཉམ་ཐག་འགྲོ་བའི་སྡུག་བསྔལ་དབུགས་དབྱུང་ནས། །
བདག་གི་སྐྱེ་བའི་ཕྲེང་རབས་ཀུན་ཏུ་ཡང་། །
རིགས་བཟང་ཐོས་པ་འཚོལ་བའི་ལུས་ཅན་ཤོག །
                            རྩོམ་སྒྲིག་པ། གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease