​སེང་གེའི་རྟོགས་བརྗོད་སྐྱོང་བའི་ངེད་ཅག་གི་སྡེ།

    རྩོམ་པ་པོ། གྲ་ཚེ་དོན།


སེང་གེའི་རྟོགས་བརྗོད་སྐྱོང་བའི་ངེད་ཅག་གི་སྡེ།

                                                                                                                              རྩོམ་མཁན། གྲ་ཚེ་དོན།     
                            
        ཐོག་མར་སེང་གེ་ཞེས་གླེང་ཚེ། མི་མང་པོའི་བློ་ངོར་སྟོབས་དང་ཟིལ་རྔམས་ཅན་གྱི་གཅན་གཟན་རལ་པ་ལྡན་པ་མདོག་ཁམ་པ་བྱས་པ་ཞིག་འཆར་སྲིད་ལ། དེར་མཐུད་ནས་གངས་སེང་དང་ནགས་སེང་།  འདམ་སེང་སོགས་ཀྱང་མི་འཆར་ངེས་རེད།  དེ་བས་རེ་འགའི་བློ་ངོར་གངས་སེང་དཀར་མོ་གཡུ་རལ་ཅན་ཞིག་མི་འཁོར་བའི་ངེས་པ་མེད་པ་མིན།  འདས་པའི་ལོ་རྒྱུས་ལ་ཕྱིར་བལྟ་བྱེད་པའམ་ད་ལྟའི་མི་སུ་འདྲ་ཞིག་ཡིན་རུང་། རིག་གནས་བག་ཆགས་སམ་ཡང་ན་རྒྱུ་མཚན་གཞན་ཞིག་གི་དབང་གིས་སེང་གེ་ཞེས་གླེང་དུས་མཐེ་བོང་ཀེར་རེར་འགྲེང་སའི་སྲོག་ཆགས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་མོད།  དེ་རིང་བདག་གིས་སྲོག་ཆགས་སྟོབས་པོ་ཆེ་དེར་ངན་དམོད་བྱ་རྒྱུ་ཡིན་ལ། སེང་གེ་དང་འདྲ་བའི་སྐྱེ་བོ་དག་ལའང་ངན་དམོད་བྱེད་རྒྱུ་ཡིན།  
 
        ས་སྒང་འདིར་འཚོ་བའི་སྲོག་ལྡན་ཕལ་མོ་ཆེའི་ངོས་ནས་བརྗོད་ཚེ། ཟས་འཚོལ་བ་དང་རང་གི་བུ་ཚ་སྐྱོང་བ་ནི་ཕོ་མོ་གཉིས་ཀའི་འོས་འགན་ཡིན་ཞིང་འཕྱར་བ་གྲུ་འདེགས་བྱ་དགོས་པ་ཞིག་ཡིན། རེ་འགར་མཚོན་ན་ཕོ་ཡིས་ཟས་འཚོལ་བ་དང་མོ་ཡིས་བུ་ཚ་སྐྱོང་བའི་ལུགས་སྲོལ་མཆིས་པ་དག་ཀྱང་ལུགས་དང་མཐུན་པ་ཞིག་རེད་ཀྱང་རེད་ལ་ཡིན་ཡང་དགོས་སོ།  །  འོན་ཀྱང་། སེང་གེ་ནི་མང་མང་ཀུན་དང་མི་འདྲ་བར་ཁོ་ལ་ཞེ་མེར་དགོས་པའི་གོམས་གཤིས་ཤིག་ཡོད་དེ།   སེང་གེ་ཕོ་ཡིས་སྤྱིར་རང་གི་རྒྱུད་པ་སྤེལ་བ་ཙམ་ལས་ཟས་འཚོལ་བ་དང་རང་གི་ཕྲུ་གུ་སྐྱོང་བ་ལྟ་བུའི་ལས་ཀ་གྲུབ་པ་ཤིན་ཏུ་ནས་ཉུང་ཞིང་། སེང་གེ་མོ་ཡིས་ཟས་འཚོལ་བའི་སྐབས་སུ་སེང་གེ་ཕོ་དེ་ཉལ་ནས་སྡོད་པའམ་ཡང་ན་སྐབས་སྐབས་སུ་སེང་གེ་ཕོ་གཞན་དང་འཐབ་རྩོད་བྱེད་རྒྱུ་ཙམ་རེད།  སེང་གེ་མོ་ཡིས་གླ་བའམ་གཙོད་གང་རུང་ཞིག་རྔོན་ཐུབ་རྗེས་ཐོག་མར་ཕོ་ཡིས་ལོངས་སུ་སྤྱོད་ཀྱི་ཡོད་ཅིང་དེ་རྗེས་ཀྱི་ལྷག་མ་དག་སེང་གེ་མོ་དང་སེང་ཕྲུག་རྣམས་ལ་བཟའ་དབང་ཡོད། དེ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་བྱུང་མྱོང་བའི་ཕོ་མོ་འདྲ་མཉམ་མེད་པའི་ཕ་རྒྱུད་(父权)རིང་ལུགས་ཟེར་བ་དེ་མ་ཡིན་ནམ།
 
        མིའི་རིགས་སྤྱིའི་འདས་སོང་གི་ལོ་རྒྱུས་ཐོག་ཏུ་ཡང་གོང་གི་སེང་གེའི་དཔེ་དང་འདྲ་བའི་དོན་དངོས་མང་པོ་བྱུང་མྱོང་ཞིང་། ཕྱི་མིག་ཅིག་བལྟས་ཚེ།  ངེད་ཅག་གི་བཙན་པོ་སྲོང་བཙན་སྒམ་པོས་ཀྱང་བུད་མེད་ཀྱི་ཁ་ལ་མི་ཉན་པ་ཞེས་ཁྲིམས་སུ་བཅས་ཡོད་པ་དེའང་ཕོ་མོ་འདྲ་མཉམ་མིན་པར་བུད་མེད་དམན་པར་འཛིན་པ་དེ་གོ་ནུས་པ་མིན་ནམ་སྙམ་ཞིང་།  འཛམ་གླིང་ཡུལ་གྲུ་མང་པོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཕོ་མོ་འདྲ་མཉམ་དང་འཇོན་ཐང་སུ་ཡོད་ཀྱི་འཁོད་ཡངས་ལམ་ཆེན་ཐོག་བསྐྱོད་བཞིན་ཡོད་མོད།  རང་རེའི་སྟོད་སྨད་ཀྱི་ཡུལ་གྲུ་ཁག་མང་པོར་ད་དུང་ཡང་འདི་འདྲའི་སྲོལ་ངན་རེ་གནས་འདུག་ཅིང་། ཁྱོ་བོས་རང་གི་ཆུང་མར་བཅར་རྡུང་བྱེད་པ་དང་ཐ་ན་ཆུང་མ་བསད་པའི་གནད་དོན་དག་ཀྱང་གཅིག་མཇུག་གཅིག་གིས་མཐུད་ནས་ཐོན་འོང་བ་ཕྱི་མིར་ངོ་ཚ་དགོས་པ་དང་ནང་མིར་ཞེ་ཁྲེལ་དགོས་པ་ཞིག་མ་རེད་དམ།
 
        ཧྥ་རན་སིའི་བསམ་བློ་བ་རུའུ་སུ་ཡིས་མི་སུ་འདྲ་ཞིག་ཡིན་རུང་གང་བྱུང་ངང་རང་གི་རིགས་གཅིག་པ་བཀོལ་སྤྱོད་བྱེད་པའི་དམིགས་གསལ་དབང་ཆ་གང་ཡང་མེད་ཟེར་མོད། ངེད་ཅག་གི་སྡེའི་ནང་ངོ་ཚ་རྒྱུ་དང་ཞེ་ཁྲེལ་རྒྱུ་མེད་པ་རེ་འགས་སྔར་རྒྱུན་བཞིན་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་རྔ་མ་དྲི་ཅན་འདྲུད་དེ། མ་རབས་སེང་གེའི་རྟོགས་བརྗོད་སྐྱོང་བ་མི་ཚོས་ལས་འདས་ཤིང་རང་དབང་དང་འདྲ་མཉམ་རྡོག་པས་བརྫིས་པའི་སྐྱུག་བྲོ་དགོས་པའི་སྐྱོ་གར་ཞིག་ཡིན་པས།  ཀུན་གྱིས་དུག་བཞིན་རིང་ནས་རིང་དུ་དོར་དགོས་པ་ནི་སྨྲར་མི་དགོས་སོ།  ། 

                    རྩོམ་སྒྲིག་པ། འབར་བློ་དཀར། 

           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


Signature is customized by Netease