ཕྱི་ནང་གཉིས་ཀའི་འདྲ་མཚུངས་ལ་རགས་ཙམ་དཔྱད་པ།

    རྩོམ་པ་པོ། བློ་བཟང་ཚུལ་ཁྲིམས།


ཕྱི་ནང་གཉིས་ཀའི་འདྲ་མཚུངས་ལ་རགས་ཙམ་དཔྱད་པ།


                 བློ་བཟང་ཚུལ་ཁྲིམས། ཕྱོགས་སྟོན། 


         དེང་སང་འཛམ་བུ་གླིང་དུ་ནང་བ་སངས་རྒྱས་པའི་ཆོས་ལུགས་ཁྱབ་གདལ་དུ་འགྲོ་བཞིན་པར་མ་ཟད། ནང་ཆོས་ལ་ཞིབ་འཇུག་དང་དཔྱད་རྩོམ་གྱི་ཡིག་ཆ་ཡང་ཕྱི་ནང་གཉིས་ཀ་ན་སྤེལ་དང་སྤེལ་བཞིན་པ་རེད། དེ་ཚོར་ཕར་བལྟས་ཚོད་ཀྱིས་ཁ་ཅིག་གིས་སངས་རྒྱས་ཆོས་ལུགས་ཀྱི་གཏན་ཚིགས་རིག་པ་ནི་དེའི་ཁ་གཏད་དུ་ལངས་ཡོད་པའི་གཅེར་བུ་བ་དང་དཔྱོད་པ་བ། རིག་བྱེད་མཐའ་སྨྲ་བ་སོགས་ཀྱི་གཏན་ཚིགས་ལས་ཚུར་བླངས་པར་བཤད་པ་དང་། འགའ་ཞིག་གིས་ནང་ཆོས་དང་ཚན་རིག  ཁོར་ཡུག་གསུམ་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པའི་གནས་ལུགས་བཙལ་ནས་བཤད་པ། ཁ་ཅིག་གིས་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་ནས་བསྒོམ་དགོས་པའི་ཁྱད་པར་མ་ཤེས་པར་ཆོས་པ་སེར་མོ་བ་རེ་ཟུང་གི་ཁ་ལ་ཉན་ནས་མི་ཚེ་འཕྲོ་བརླག་ཏུ་གཏོང་བཞིན་པ་ཕལ་ཆེར་ཡོངས་ཁྱབ་རེད།

         དེས་ན་ང་ཚོ་མི་རིགས་སྤྱི་དང་ཁྱད་པར་དགོན་གནས་སེར་མོ་བ་ཡོངས་རྫོགས་དཀོན་མཆོག་ལ་བརྟེན་ནས་འཚོ་བ་རོལ་མཁན་ཏག་ཏག་ཡིན་པས་མདོ་སྔགས་ཀྱི་ཆོ་ག་རེ་གཉིས་བློར་བཟུང་སྟེ་གྲོང་ཆོག་དང་བསྡུས་གྲྭའི་ཁྱབ་སྐོར་ཙམ་གྱིས་མི་ཚེ་བསྐྱལ་བ་ནི་ད་ལྟའི་དུས་འདིར་དགོས་མཁོ་གནད་དུ་ཐིངས་པ་ཞིག་མ་ཡིན་པར། ང་ཚོའི་མི་རིགས་འདིའི་ཁྱད་ཆོས་གང་ལ་བརྟེན་ཡོད་པའི་གཞི་རྩའི་རྒྱབ་ལྗོངས་ནི་ནང་བསྟན་ཆོས་ལུགས་ལ་ཐུག་ཡོད་སྟབས། ནང་བསྟན་འདི་ཉིད་ཆོས་ལུགས་གཞན་ལས་ཁྱད་པར་དུ་འཕགས་པའི་རང་བཞིན་ལ་ངེས་ཤེས་སམ་གཏན་ཚིགས་གསལ་བོ་ཞིག་བརྗོད་རྒྱུ་མེད་ན་ནང་བའི་བསྟན་པ་ཁྱད་པར་འཕགས་ཅེས་བཤད་པ་ཙམ་ལས་ཁྱད་ཆོས་ཀྱི་གནད་འགག་འདི་ཡིན་ཞེས་བྱ་བ་སྟོན་རྒྱུ་དཀའ་བས། འདིར་ཕྱི་ནང་གི་ལྟ་སྤྱོད་འདྲ་མཚུངས་ཀྱིས་སྒོ་ནས་དཔྱད་གླེང་གི་ཚུལ་དུ་ཅུང་ཞིག་ཞུ་རྒྱུ་ཡིན།
 

དང་བོ།   སྤྱོད་པའི་སྒོ་ནས་གླེང་བ།
          སྤྱིར་ཕྱི་ནང་གི་ཁྱད་པར་སྤྱོད་པ་སེམས་བསྐྱེད་ཀྱི་སྒོ་ནས་འབྱེད་པ་མ་གཏོགས། དང་ཐོག་གི་ལྟ་བ་ལ་འདྲ་མཚུངས་ཤིན་ཏུ་མང་བས་ཕྱི་ནང་གི་ཁྱད་པར་སྤྱོད་པའི་སྒོ་ནས་འཇོག་དགོས་པ་མཁས་པ་སྔ་མ་དག་གིས་གསུངས། ཞིབ་ཏུ་བསམ་ན་ཕྱི་རོལ་བའི་ཡ་གྱལ་རྒྱང་འཕེན་པ་མ་གཏོགས་གཞན་པ་ཚོའི་ནང་ནས་ཁ་ཅིག་གིས་ཐར་བ་ཁས་ལེན་གིན་ཡོད་པས། དེའི་ལུགས་ལ་ཐར་བའི་གནས་དང་ཐར་བ་ཐོབ་བྱེད་ཀྱི་ལམ་ཡང་བསྟན་ཡོད་རྒྱུ་རེད། དེས་ན་ལམ་དེ་སྒྲིབ་པ་སྤང་བའི་ཐབས་སུ་གྱུར་ཡོད་པར་མ་ཟད། དེའི་འབྲས་བུ་ཡང་ཁོ་ཚོ་མྱ་ངན་ལས་འདས་བའི་གོ་འཕང་ཡང་ཐོབ་པ་ཁས་ལེན་བཞིན་ཡོད་པ་དེ་རེད། ང་ཚོའི་ནང་ཆོས་ཀྱི་སྤྱོད་པ་སེམས་བསྐྱེད་ལ་མཚན་ཉིད་གཉིས་ལྡན་གྱི་བསམ་པ་དེ་ཕྱི་རོལ་བ་དང་ཉན་རང་ལ་མེད་པའི་གནད་འགག་གི་ཆོས་སུ་གསུངས་ཀྱང་། ཕྱི་རོལ་པ་དེ་ཚོས་ཁོ་ཚོའི་ལུགས་ལའང་ཐར་བ་ཐོབ་འདོད་དང་སེམས་ཅན་སྐྱོབ་འདོད་ཀྱི་བསམ་པ་གཉིས་ཆ་ཐེག་དམན་ཉན་རང་ལྟར་ཡོད་ཅེས་ཨུ་ཚུགས་ནན་བརྗོད་བྱས་ན་ང་ཚོས་ལན་ཇི་ལྟར་འདེབས་དགོས། ཡང་གཅིག་བཤད་ན་ཕྱི་ནང་གི་ཁྱད་པར་སྤྱོད་པ་སེམས་བསྐྱེད་ཀྱི་ཐོག་ནས་འབྱེད་དགོས་ན། ཉན་རང་གཉིས་ལའང་སེམས་བསྐྱེད་ཐེག་ཆེན་ལྟར་ཁྱད་ཆོས་ལྡན་པ་ཞིག་མེད་པ་སུས་བལྟས་ཀྱང་ཤེས་པ་འདི་རེད། དེའི་སྟབས་ཀྱིས་ཕྱི་རོལ་བ་ཁ་ཅིག་དང་ཉན་རང་གཉིས་ཀའི་ཐར་བ་ལ་ཁྱད་པར་ཡོད་དུ་བཅུག་ཀྱང་རང་ཐར་འདོད་དང་གཞན་བགྲོད་འདོད་ཀྱི་བསམ་པ་ལ་ཁྱད་པར་ཆེན་པོ་མེད་པས་སྤྱོད་པའི་སྒོ་ནས་ཁྱད་པར་འབྱེད་པ་ལ་བསམ་བློ་མང་ཙམ་གཏོང་དགོས་སོ། །

          ཕྱོགས་གཞན་ཞིག་ནས་བཤད་ན་དགེ་བ་གང་ཞིག་བསྒྲུབ་པ་དེ་སྐྱབས་འགྲོས་ཟིན་ན་ནང་བ་དང་། ངེས་འབྱུང་གིས་ཟིན་ན་ཐར་བ། སེམས་བསྐྱེད་ཀྱིས་ཟིན་ན་ཐམས་ཅད་མཁྱེན་པའི་རྒྱུ་ཉག་གཅིག་ཏུ་གསུངས། དེ་དང་ཕྱོགས་མཚུངས་ཕྱི་རོལ་པ་ལ་ཁོ་ཚོའི་ཐར་བའི་གོ་འཕང་དང་དེ་ཐོབ་པའི་ཐབས་སེམས་བསྐྱེད་ང་ཚོ་ཐེག་ཆེན་ལྟར་མེད་ན་ཐང་སྟེ། དེའི་འོག་གི་སྐྱབས་འགྲོ་དང་ངེས་འབྱུང་ང་ཚོས་ཁྱད་ཆེན་པོ་ཡོད་པར་བཤད་ཀྱང་། དོན་ངོ་མའི་སྟེང་ནས་སྐྱབས་ཡུལ་གྱི་གྲངས་མང་ཉུང་ཙམ་ལས་ཡུལ་དེས་ཤེས་བྱ་མཁྱེན་པ་དང་སྐྱབས་སུ་འགྲོ་བ་པོའི་དད་པ་སོགས་ང་ཚོ་དང་འདྲ་མཚུངས་ཤིན་ཏུ་མང་བར་མ་ཟད། གཞན་བགྲོད་འདོད་ཀྱི་བསམ་པའམ་སྙིང་རྗེ་ཡང་མཐའ་གཅིག་ཏུ་མེད་ཅེས་ཚིག་ཐག་བཅད་ནས་བཤད་མི་ཐུབ་པའི་སྟབས་ཀྱིས་ཕྱི་ནང་གི་ཁྱད་པར་སྤྱོད་པའི་སྒོ་ནས་འབྱེད་རྒྱུར་དཀའ་ཁག་ཆེ་བར་འདོད།  དེས་ན་ཕྱི་རོལ་བས་ཐར་བ་ཁས་ལེན་པ་ལ་རྩོད་གླེང་གང་ཡང་མེད་ལ་ཐར་བ་འཐོབ་བྱེད་ཀྱི་རྒྱུ་གཙོ་བོ་ཟག་བཅས་ཀྱི་བདེ་བར་ཡིད་སུན་ནས་ཐར་བ་འཐོབ་འདོད་ཀྱི་བསམ་བློ་ངེས་འབྱུང་ཡིན་པ་ལ་དེ་བས་ཀྱང་རྩོད་གཞི་ཡོད་པ་མ་རེད། དེའི་གོང་གི་སེམས་བསྐྱེད་ཀྱི་སྐོར་ལ་ཕྱི་རོལ་བ་ཁ་ཅིག་དང་ཉན་རང་ལ་སྙིང་རྗེ་དང་སྙིང་རྗེ་ཆེན་པོ་ཡོད་མེད་སྣ་ཚོགས་ཤིག་གསུང་གིན་ཡོད་ཀྱང་། གལ་ཏེ་ཉན་རང་ལ་སྙིང་རྗེ་ཆེན་པོ་མེད་ན་མ་ལྟ་བུའི་བསམ་བློ་དེ་ཁུར་འཁྱེར་གྱི་སྙིང་རྗེ་ཡིན་ཡང་ཁུར་བས་མ་ཁྱབ་ཀྱང་། གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་མིན་ན་སྙིང་རྗེ་དང་སྙིང་ཆེན་པོ་ཞེས་བརྗོད་དགོས་པའི་རྒྱུ་མཚན་གང་ཡིན་པ་ལའང་དཔྱད་རྒྱུ་ཆེ་བར་འདོད། སྙིང་རྗེ་དང་སྙིང་རྗེ་ཆེན་པོ་ཐུགས་རྗེ་དང་ཐུགས་རྗེ་ཆེན་པོ་གཉིས་ལ་བྱེ་སྨྲའི་ལུགས་ལ་ཁྱད་ཡོད་པར་བཤད་ཀྱང་། དབུ་མ་བའི་ལུགས་ལ་སྙིང་རྗེ་ཆེན་པོའི་ནུས་པ་ཡོངས་སུ་རྫོགས་པའི་ཚེ་ཐུགས་རྗེ་ཆེན་པོ་ཞེས་བྱ་བར་གསུངས། དེས་ན་སྙིང་རྗེ་ཆེན་པོ་རྒྱུ་འབྲས་མན་ངག་བདུན་གྱི་ནང་གི་ལྔ་བ་སྙིང་རྗེའི་ནུས་པ་གོང་འཕེལ་དུ་སོང་ནས་ཡིན་པ་གཏན་ཁེལ་རེད། གང་ལྟར་ཕྱི་རོལ་པར་སྙིང་རྗེ་ཙམ་ལས་དེ་གོང་གི་སྙིང་རྗེ་དང་སྙིང་རྗེ་ཆེན་པོ་མེད་ཅེས་བཤེས་གཉེན་མ་བསྟེན་པ་དང་ཐོས་པ་མ་བྱས་པ་ཁ་ཅིག་གིས་བྲང་ཁོག་སྦོས་ནས་བཤད་ཀྱང་། དེ་ནི་གྲུབ་མཐའ་ལ་མ་ཞུགས་པའི་སྐྱེ་བོ་ཡོད་དོ་ཅོག་དང་འདབ་ཆགས་བྱ་བྱིའུ་རི་དྭགས་གཅན་གཟན་གཏུམ་པོ་སོགས་ཐམས་ཅད་ལའང་ཡོད་པས། ཕྱི་རོལ་བའི་སྙིང་རྗེ་འདི་དང་གཅིག་མཚུངས་ཡིན་ན་ཁོའི་ཆོས་ལུགས་དེ་བརྩེ་བ་དང་བྲལ་བའི་ཤེས་རབ་ཙམ་དང་ཡང་ན་ཁོ་ཚོའི་ཐར་བ་འཐོབ་བྱེད་ཀྱི་གཞུང་ལུགས་དེ་དག་རྫུན་མ་དང་བསླུ་བྲིད་ཀྱི་ཆོས་ལུགས་ཤིག་ཏུ་ཆགས་ཡོད་མེད་ལའང་འདང་ཞིབ་མོར་རྒྱག་དགོས། སྤྱིར་གྲུབ་མཐའ་འཇོག་དུས་རྣམ་རྟོག་གིས་སྒྲོ་བཏགས་པའི་ཆ་གཞན་ལོག་ནས་རང་གི་བློ་ངོར་ཡང་དག་པར་གྲུབ་པ་ཞིག་ལ་བཤད་ཡོད་པ་འདི་རེད། ལམ་རིམ་ལས་སྙིང་རྗེ་ཚད་མེད་པ་ནི་ཉན་ཐོས་དང་རང་རྒྱལ་ལ་ཡོད་ཅེས་ཉན་རང་ལ་སྙིང་རྗེ་ཚད་མེད་པ་ལས་ཆེན་པོ་ཡོད་པར་མ་གསུང་བ་དང་། ཕྱི་རོལ་པའི་སྙིང་རྗེ་ལ་ཙམ་པོ་བ་ཞེས་གསུང་མེད་ན་ཕྱི་རོལ་བའི་སྙིང་རྗེ་དེ་ག་འདྲ་ཡིན་པ་ལའང་ཞིབ་ཆ་ཡོད་དགོས་སོ། །

         ཡང་ཕྱོགས་གཅིག་གི་སེམས་བསྐྱེད་ལ་དགོངས་ནས་ཕྱི་ནང་གི་ཁྱད་པར་འབྱེད་དགོས་ན། དེའི་གོང་གི་ཉན་རང་གཉིས་ལ་ཕྱི་རོལ་བ་ལས་བསམ་བློ་རྒྱ་ཆེ་བ་དང་དམིགས་ཡུལ་ཁྱབ་ཆེ་བ།  འཛིན་སྟངས་ཁྱད་པར་ཅན་ཞིག་མེད་ན་ཕྱི་ནང་གི་ཁྱད་པར་བརྗོད་པ་ཙམ་ལས་ཁྱད་ཆོས་འབུར་དུ་ཐོན་པའི་གནད་འགག་ཅིག་གསལ་བོར་བཤད་དགོས། ཡང་ཕྱི་ནང་གི་ཁྱད་པར་གཞིའི་ཉོན་མོངས་ངོས་འཛིན་ཚུལ་དང་། དེ་སྤོང་ཚུལ་ལམ་ཐབས་ཤེས་གཉིས་ལའང་འདྲ་མཚུངས་མང་བ་དང་། འབྲས་བུ་ཐར་བའང་རང་རང་གི་ལུགས་དེ་ཁྱད་པར་དུ་འཕགས་པའི་རྩོད་གླེང་བྱེད་ཀྱིན་ཡོད་ན་ཡང་།  དོན་གྱིས་ཁོ་གཉིས་ཀས་ཐར་བ་གསུངས་གིན་ཡོད་པར་མ་ཟད། དེ་ཐོབ་བྱེད་ཀྱི་ལམ་དང་འཐོབ་འདོད་ཀྱི་བསམ་བློ་ཡང་གཅིག་མཚུངས་སུ་གྱུར་ཡོད་པས་དེའི་ཐོག་ནས་ཀྱང་འབྱེད་དཀའ་བར་སྣང་།  རྟོགས་པ་མཐོ་དམན་གྱི་སྟེང་ནས་འཇོག་དགོས་པའི་དབང་དུ་བཏང་ན་ཡང་། ཕྱི་རོལ་པ་མ་ཟད་ནང་བའི་ཉན་ཐོས་རྒྱུན་ཞུགས་དང་ཕྱི་འོང་མི་འོང་གཉིས།  དགྲ་བཅོམ་དང་འབྲས་གནས་སོགས་ལའང་ཉོན་མོངས་སྤོང་ཚུལ་དང་འབྲས་བུ་བརྙེས་ཚུལ་གྱི་སྒོ་ནས་ཀྱང་ཆེ་ཆུང་ཆེན་པོ་ཡོད་པས་ཕྱི་ནང་གི་ཁྱད་པར་ཉེས་པ་སྤོང་ཚུལ་དང་འབྲས་བུ་ཐོབ་ཚུལ་གྱིས་ཐོག་ནས་ཁྱད་འབྱེད་པར་དཀའ་བར་བསམ། ཡང་ཕྱི་རོལ་སྐོར་ཞིག་དང་ནང་བའི་ཐེག་དམན་འགས་རང་སྒེར་དོར་བའི་བསམ་པ་དང་རང་སྒེར་གྱི་བདེ་བ་གཞན་ལ་གཏོང་བ་དང་།  ཆེས་གལ་ཆེ་བའི་རང་གི་སྲོག་བཏང་ནས་ཐར་བའི་མདུན་ལམ་འཚོལ་བ་ནི་དེ་ཚོའི་ངོས་ནས་བཤད་ན་དགོད་བྲོ་བ་ཞིག་ཡིན་པར་མ་ཟད།  རྣམ་མཁྱེན་ནམ་སངས་རྒྱས་ཀྱང་ཁས་མི་ལེན་པར་བེམ་རིག་རྒྱུན་ཆད་པ་ལ་མྱ་ངན་ལས་འདས་བ་ཟེར་བ་ལས་སྤྱིའི་མྱང་འདས་དང་རྣམ་མཁྱེན་མི་འདོད་པ་ལྟར་ནའང་ཁྱད་པར་འབྱེད་རྒྱུ་དཀའ་བར་འདུག  ཕྱིན་དྲུག་གི་ཆ་ནས་ཀྱང་སྦྱིན་པ་པོ་དང་སྦྱིན་ཡུལ།  སྦྱིན་པའི་རྫས་རྣམས་འཁོར་གསུམ་རྣམ་པར་དག་མ་དག་གི་བཤད་སྲོལ་ནི་ནང་ཆོས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་གསུངས་ཀྱང་། ཕྱི་རོལ་བའི་སྦྱིན་པའི་འགྲོ་ལུགས་ལ་སྦྱིན་པ་པོ་སོགས་བདེན་གྲུབ་བམ་ཚད་གྲུབ་ཀྱིས་དངོས་པོ་རང་ག་བ་ཞིག་ཏུ་འདོད་ནས་བསམ་རྒྱུ་དང་དམིགས་ཡུལ་གང་ཡང་མེད་པར་གཏོང་དགོས་ན། ཁོ་ཚོའི་སྦྱིན་པ་དེ་རང་དོན་ཁོ་ན་དང་གནས་སྐབས་ཙམ་ཞིག་ལས་མཐར་ཐུག་གི་ཐར་བའི་རྒྱུར་འགྱུར་དཀའ་བར་མ་ཟད། འཕྲད་ཀྱི་སྦྱིན་པ་ཙམ་ཞིག་ཡིན་ན་དེ་ནི་ཚེ་འདི་ཙམ་དང་ཡང་ན་ཆབ་སྲིད་ཀྱི་འགྲོ་ལུགས་ཤིག་ལས་ཆོས་ལུགས་ཤིག་གི་སྦྱིན་པའི་བྱེད་ཐབས་སུ་གཏན་ནས་སོང་མེད་པ་འདྲ། གལ་ཏེ་ཕྱི་རོལ་པའི་སྦྱིན་གཏོང་གི་རིམ་པ་རྣམས་ཁོ་ཚོས་བཤད་པ་ལྟར་་སྟོང་ཉིད་བདེན་གྲུབ་ཀྱིས་ཟིན་ཡོད་ན།  ནང་བའི་ཉན་རང་གིས་ཀྱང་ཟང་ཟིང་སོགས་ཀྱི་དངོས་པོ་གཞན་ལ་གཏོང་ཡང་རྣམ་སྨིན་ལ་རེ་ཞིང་རང་ཁོ་ནའི་དོན་གཞིར་བཞག་པའི་སྟེང་ནས་ཚུར་སྒྲུབ་པ་ཡིན་པས་ན།  ནང་བའི་བྱེ་མདོ་གཉིས་དང་ཁོ་ཚོའི་སྦྱིན་པ་གཉིས་ཀྱི་རྒྱང་རིང་ཐུང་གི་ཁྱད་པར་མི་ཤེས་པས།  ཁོ་ཚོའི་སྦྱིན་པ་དང་ང་ཚོའི་སྦྱིན་གཏོང་གི་བྱེད་ཕྱོགས་རྣམས་ཀྱང་འདྲ་མཚུངས་ཧ་ཅང་ཆེ་བས་དེའི་སྟེང་ནས་ཀྱང་སོ་སོར་འབྱེད་མི་ཐུབ་པའི་གནད་དོན་ལྷག་ཡོད་སྙམ། 

         དེ་བཞིན་ཚུལ་ཁྲིམས་དང་བཟོད་པ། བརྩོན་འགྲུས། བསམ་གཏན། ཤེས་རབ་རྣམས་ཀྱང་ནང་བ་མ་ཟད་ཕྱི་རོལ་པ་ཡང་ཡོད་སྲོལ་འདུག་པས། བོད་ཕྱི་རབས་པའི་མཁས་དབང་གསེར་རི་ལྟ་བུ་རྣམས་ཀྱིས་དོན་བྱ་བ་བཅུ་གཅིག་གི་སྒོ་ནས་ཕར་ཕྱིན་རེ་རེར་དྲུག་དྲུག་དང་བཅུ་བཅུ་ཡོད་པའི་འགྲེལ་བཤད་གསལ་བོར་བརྒྱབ་ཡོད་པ་འདིའི་སྟེང་ནས་འབྱེད་རྒྱུ་མིན་ན་སྔར་ཡོད་ལོ་རྒྱུས་བསྟན་བཅོས་རྣམས་སུ་སྤྱོད་ཕྱོགས་བརྩིས་མེད་དུ་བཏང་ཡོད་པའི་ཚུལ་དེར་བསམ་བློ་ཞིག་བཏང་ན་ཕྱི་ནང་གི་ཁྱད་པར་སྤྱོད་པའི་ཐོག་ནས་འགྲེལ་བཤད་རྒྱག་རྒྱུ་ཡོད་མེད་ལའང་མཁས་དབང་རྣམ་པས་བསམ་དགོས་པར་འདོད། དཔེའི་སྒོ་ནས་བཤད་ན། བོད་གངས་ཅན་གྱི་ཡུལ་གྲུ་འདིའི་ཐོག་ཏུ་ར་སྤྲོད་ཐུབ་པ་ནི་ནང་བའི་རྗེས་འཇུག་སྐུ་ཡོན་ཅན་བླ་སྤྲུལ་སེར་མོ་བ་ཕལ་ཆེར་གྱིས་སྦྱིན་པ་ཁས་བཤད་པ་དང་སེམས་ནས་བསམ་རྒྱུ་ཞིག་ལས་ལག་ལེན་དུ་སྟེར་གིན་མེད་པ་དང་། གཞན་ཡེ་ཤུ་དང་ཧིན་རྡུ་སོགས་ཀྱིས་སྦྱིན་པ་དངོས་སུ་ལག་ཏུ་ལེན་གིན་ཡོད་པ་འདིའི་ཐོག་ནས་ཀྱང་ནང་ཆོས་ལ་གོ་བ་ཞན་པའི་དགེ་སློབ་མི་ཉུང་བ་ཞིག་མགོ་འཐོམ་དུ་བཅུག་པར་མ་ཟད། ནང་ཆོས་ཁ་བཤད་དང་བསམ་པ་ཙམ་གྱིས་ཆོས་ཤིག་ཡིན་པའི་ལྟ་ཚུལ་ཅན་ཡང་མང་ཚོད་རེད།《ལམ་རིམ་བརྗེད་བྱང》ལས་བྱང་སྡོམ་བཟུང་ནས་ས་མཐོན་པོའི་སྦྱིན་པ་རྣམས་སྨོན་པའི་ཡུལ་དུ་བྱས། ད་ལྟ་ནས་ལག་ཏུ་ལོན་པ་རྣམས་ཀྱི་གནང་བཀག་ཤེས་པར་བྱས་ནས་ནུས་པ་དང་བསྟུན་ནས་ལག་ཏུ་བླངས་ཅེས་བསམ་པ་ཙམ་ཞིག་ཏུ་གསུངས་མེད་པ་འདི་རེད།  སྤྱིར་ནང་བའི་ཆོས་ལུགས་འདི་ནི་ནང་བསམ་པའི་ཕྱོགས་གཙོ་བོར་བཟུང་དགོས་པ་ཞིག་ཡིན་པ་དང་། རབ་བྱུང་སེར་མོ་བ་རྣམས་ལ་གཏོང་འདོད་ཀྱི་སེམས་པ་དང་བསམ་པ་ཙམ་གྱི་སྦྱིན་པར་གསུངས་བ་ཡང་། གཏོང་བའི་དངོས་པོ་མེད་པ་ལ་དགོངས་པ་ཡིན་གྱི། ད་ལྟ་སྤྱི་ཚོགས་དཔལ་འབྱོར་ཅན་གྱི་སྤྱི་ཚོགས་ཤིག་ཏུ་གྱུར་ཡོད་པས་དངོས་པོ་གཏོང་དགོས་པ་ཤུགས་སུ་གྲུབ།
 

གཉིས་པ།  ལྟ་བའི་སྒོ་ནས་གླེང་བ།
          ནང་ཆོས་ཀྱི་རྩ་བའི་ལངས་ཕྱོགས་ནི་སྐད་ཅིག་གི་འགྱུར་བ་འགྲོ་བའི་དངོས་པོའམ་ཡང་ན་གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན། དེ་ལས་གཞན་ཤེས་པའི་བར་ལ་འབྲེལ་བ་འཛུགས་རྒྱུ་དེ་ཡིན། གྲུབ་མཐའ་གཞན་པ་ཚོས་མངོན་སུམ་གྱི་ཡུལ་དེ་དག་དོན་དངོས་སུ་ཚུགས་ཐུབ་ལིང་ངེ་བ། རྫས་སུ་གྲུབ་པ། རྟག་པར་གྲུབ་ལ་འགྱུར་ལྡོག་གི་སྣང་ཚུལ་ལྡན་པའི་དངོས་པོ་སྣ་ཚོགས་སུ་འདོད་པ་གཞི་གྲུབ་སྨྲ་བའི་རིག་པ་ཅན་དང་། བྱེ་བྲག་པ་དང་དཔྱོད་པ་བ་ཚང་མས་དངོས་པོའི་རྫས་དེ་རྟག་པ་ཡིན་པས་རྟོག་པའམ་འཁྲུལ་བའི་སྣང་ངོར་དོན་སྤྱི་དང་གཅིག་མཚུངས་སུ་ཡོད་པར་འདོད། ནང་བས་དེ་འདྲའི་རྩ་བའི་ལངས་ཕྱོགས་རྣམས་གཙང་སེལ་བྱས་ཏེ་ཕྱི་རོལ་གྱི་དངོས་པོ་སྣ་ཚོགས་ཀྱང་ནང་ཤེས་པའི་བརྒྱུད་རིམ་ལྟར་འགྱུར་ལྡོག་ཅན་དང་མི་རྟག་པ། འཇིག་པ་མ་ཡིན་པའི་ཆོས་སམ་དངོས་པོ་ཞིག་མེད། ཡིན་ན་ཡང་དངོས་པོ་རྣམས་སྐད་ཅིག་སྐད་ཅིག་གིས་འཇིག་པ་ནི་ཆོས་ཉིད་དམ་ཐོག་མའི་ནང་ཆོས་ཀྱི་འདོད་ཚུལ་གཙོ་བོ་ཡིན་པས། གཞི་གྲུབ་སྨྲ་བའི་འགྲན་ཟླར་གྱུར་ཡོད་པའི་སངས་རྒྱས་ཆོས་ལུགས་ལ། ཁོ་ཚོས་ཧམ་པ་ཆེ་བའི་དོན་སྟོང་རང་ལུགས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།  ཡིན་ན་ཡང་ཕྱི་རོལ་གཞི་གྲུབ་སྨྲ་བའི་རྫས་སུ་འདོད་པའི་ལུགས་དེ་དངོས་པོ་ཐམས་ཅད་ཀྱི་རྒྱུ་རུ་བཤད་ཀིན་ཡོད་པར་མི་ཤེས་ཀྱང་། གཅེར་བུ་བས་སྲོག་དེ་ཕྱེད་བེམ་པོའམ་ལུས་པོར་མཉམ་གནས་ཀྱི་རྫས་ཤིག་ཏུ་ངོས་འཛིན་བྱེད་ལ། ལས་ཀྱི་སྒྲིབ་པ་ནི་ལུས་ཀྱི་བ་སྤུའི་ཁུང་བུ་བརྒྱུད་ནས་རྣམ་ཤེས་སུ་འཇུག་པར་ངོས་འཛིན་བྱེད་པར་མ་ཟད། རྣམ་ཤེས་ནི་དེ་འདྲའི་རྫས་སམ་དངོས་པོ་ཕྲ་མོས་ཁེངས་ཡོད་པ་དཔེར་ན་བྱེ་སྣོད་ཀྱི་ཁུག་མའི་ནང་དུ་བྱེ་མས་གང་བ་དང་མཚུངས་པར་བཤད་ཡོད། སངས་རྒྱས་ཆོས་ལུགས་པས་བདག་དང་དངོས་པོའི་རྫས་སམ་ཡང་ན་དཀོན་མཆོག་གིས་བྱེད་པ་སོགས་དོར་དེ་རྩ་བའི་ལངས་ཕྱོགས། ཕྱི་རོལ་དོན་སྟོང་དང་གཟུང་འཛིན་གཉིས་སྟོང་གི་ཤུལ་དུ་ཕྱི་རོལ་བས་རྫས་སུ་བཤད་པ་དེའི་ཚབ་བྱེད་མཁན་ཞིག་མེད་ན་འགྱུར་བ་སྣ་ཚོགས་ལྡན་པའི་དངོས་པོའི་གྲུབ་ཆའི་རྒྱུ་རྐྱེན་སྣ་ཚོགས་དང་རྒྱུན་ལྡན་གྱི་དངོས་པོ་ཐམས་ཅད་ལ་འགྲེལ་བཤད་རྒྱག་མི་ཐུབ་པར་བརྟེན་ནས།  བདག་དང་དངོས་པོ་དཀོན་མཆོག་སོགས་དོར་བའི་ཤུལ་དུ་ལས་འབྲས་ཀྱི་འབྲེལ་བས་དེའི་ཚབ་བྱས་ཡོད་པར་སྣང་། དེའི་སྟབས་ཀྱིས་ལས་འབྲས་ཀྱི་ལྟ་བའམ་འཁོར་བའི་ལྟ་བ་དེར་གཞི་བྱས་ནས་རྟེན་ཅིང་འབྲེལ་བར་འབྱུང་བའི་གནས་ལུགས་འདི་བྱུང་བ་ཡིན། 

         དེས་ན་ཕྱི་རོལ་པས་བདེན་གྲུབ་མཐའ་ཅིག་ཏུ་སྨྲ་ཡང་བདེན་གྲུབ་དེ་ཡང་རྫས་ཀྱི་རང་བཞིན་ནམ་རྟག་པའི་ངོ་བོ་ལས་བྱུང་བར་བཤད་པ་དང་། ནང་བས་གྲུབ་མཐའ་བྱེ་མདོའི་ནང་ཚན་ཞིག་གིས་ཀྱང་ཕུང་བོ་ལྔ་ཆ་དང་ཡིད་ཀྱི་རྣམ་ཤེས། སེམས་ཙམ་པས་སེམས་ཀྱི་བདག་ཉིད་ཙམ་འདོད་པ་འདི་དག  དེང་གི་ཚན་རིག་གིས་དངོས་པོ་རྣམས་ཀྱི་ཆེས་ཐོག་མ་ནི་མཚན་མེད་རྡུལ་དང་། ནང་བས་ཆེས་ཐོག་མ་ནམ་མཁའི་རྡུལ། ཕྱི་རོལ་པས་དངོས་པོ་རྣམས་ཀྱི་རྒྱུན་རྟག་པ་དང་ཡོད་པར་བཤད་པ་སོགས་ལ་གོང་གི་ཕྱི་རོལ་པས་བདེན་གྲུབ་དང་ནང་བས་ནམ་མཁའི་རྡུལ།  ཚན་རིག་གིས་མཚན་མེད་རྡུལ་ཞེས་བཤད་པ་རྣམས་ལ་ཁྱད་པར་ཆེན་པོ་ཞིག་མེད་ན་ཕྱི་ནང་གི་ཁྱད་པར་ལྟ་བའི་སྒོ་ནས་འབྱེད་པ་ལ་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྲིད་པས་བསམ་བློ་ཞིབ་མོར་གཏོང་དགོས་སོ། །གཞན་ཡང་ཉན་ཐོས་སྡེ་བས་ཐེག་པ་ཆེན་པོ་དང་ཁྱད་པར་སྔགས་ནས་ལོངས་སྐུ་རྟག་པར་བཤད་པས་འདུས་བྱས་ཐམས་ཅད་མི་རྟག་པ་དང་མི་མཐུན་པར་བཤད་པར་མ་ཟད།  བྱང་སེམས་སོ་སྐྱེ་བདེ་ནས་བདེ་བའི་རང་བཞིན་དུ་བཤད་པས། ཟག་བཅས་ཐམས་ཅད་སྡུག་བསྔལ་བར་བཤད་པ་དང་མི་མཐུན་པར་འདོད།  བདེ་གཤེགས་སྙིང་བོས་སེམས་ཅན་ཡོངས་ལ་ཁྱབ་པར་བཤད་པས་ཆོས་ཐམས་ཅད་བདག་མེད་པར་གསུངས་བ་དང་མི་མཐུན་སོགས་བཤད་པ་དང་།  ཕྱི་རོལ་པས་དངོས་པོའི་རྒྱུན་སོགས་རྟག་པར་བཤད་པའི་གནད་འགག་ཕྲ་མོ་གང་ཡིན་པའི་ཁྱད་པར་ཡང་གསལ་བོར་མ་ཤེས་ན་ཕྱི་རོལ་དང་ནང་བ་ཞེས་བཤད་པ་མ་གཏོགས།  ཕྱི་ནང་གི་ཁྱད་པར་འདི་ཡིན་ཞེས་ངོས་བཟུང་ནས་བཤད་རྒྱུར་ཡང་དཀའ་ངལ་ཞིག་ལ་ཐུག་ཡོད་པར་འདོད།  ཡང་གཅིག་བཤད་ན་ཕྱི་རོལ་བས་འཇིག་རྟེན་ཐམས་ཅད་དཀོན་མཆོག་གམ་རྫས་ཀྱིས་བསྐྲུན་པར་བཤད་པ་དང་། རང་རེས་ལས་འབྲས་བྱ་བྱེད་ཐམས་ཅད་ཀྱི་རྨང་གཞིར་གསུངས་ཡོད། དེ་ཡང་མཐར་གཏུགས་ན་ཤེས་པ་ལ་ཐུག་ཡོད་པར་མ་ཟད་དེ་ཡང་མཐར་གཏུགས་ན་རྒྱུ་ཞིག་ལ་ངོས་འཛིན་གིན་ཡོད་མེད་མི་ཤེས་ཀྱང་། གལ་ཏེ་རྒྱུ་ཞིག་ཡོད་པའི་དབང་དུ་བཏང་ན་ཕྱི་ནང་གཉིས་ཀའི་མཐར་ཐུག་གི་རྒྱུ་ཡི་རང་བཞིན་རྡུལ་ཕྲ་རབ་ལས་མ་འདས་སོ། །གྲངས་ཅན་པས་རྫས་ལ་ཡོན་ཏན་ཞེས་བརྗོད་ཡོད་མེད་མི་ཤེས་ཀྱང་། རང་རེས་ཡོན་ཏན་ཞེས་བརྗོད་སྲོལ་འདུག་པ་ལྟར་ན་རྡུལ་ཕྲ་རབ་ཀྱི་དངོས་པོ་དེ་དམིགས་བསལ་ཅན་གྱི་མཚོན་རྟགས་སུ་བྱས་པའི་སྟབས་ཀྱིས་ཡོན་ཏན་ཐམས་ཅད་རྫས་ཀྱི་ནུས་པ་ལས་མ་འདས་སོ། །དེས་ན་ཕྱི་རོལ་བས་ལྷ་ཚངས་པ་ཆེན་པོའི་བློས་མཐུ་དང་སྟོབས་ཤུགས་ཀྱིས་འཇིག་རྟེན་གྱི་བྱ་དངོས་ཡོད་དོ་ཅོག་གསར་བསྐྲུན་བྱས་པར་བཤད་པ་དང་། ནང་བས་འཇིག་རྟེན་སྣ་ཚོགས་ལས་ལས་གྲུབ་པར་གསུངས་པའི་ལྟ་བ་གཉིས་ཀ་ལ་ལས་དབང་གི་ནུས་པ་ཞུགས་ཡོད་དེ། གྲུབ་མཐའ《ཐུབ་བསྟན་ལྷུན་པོའི་མཛེས་རྒྱན》ལས། འཇིག་རྟེན་འདི་ཞིག་པའི་དུས་སུ་ཕྱོགས་ཀྱི་ཆ་མེད་པའི་ས་ཆུ་མེ་རླུང་གི་རྡུལ་ཕྲ་རབ་རྟག་པ་དག་སོ་སོར་འཁོད་པ་ལ་ནམ་ཞིག་གི་ཚེ་ལྷ་དབང་ཕྱུག་ཆེན་པོས་སྣོད་བཅུད་འབྱིན་པར་འདོད་པ་དང་སེམས་ཅན་གྱི་ལས་ཀྱི་མཐུས། དང་བོ་རྡུལ་ཕྲ་རབ་གཉིས་སྦྱར་ཞིང་མཐར་འཇིག་རྟེན་གྱི་མེས་པོ་ཚངས་པ་ཆེན་པོ་བདྨའི་མངལ་ནས་བྱུང་། ཞེས་ལས་དབང་གི་མིང་ཚིག་དངོས་སུ་བརྗོད་པ་ལ་གཞིགས་ན་དོན་དུ་ཚངས་པའི་ཡི་གེ་ཨོཾ་ཡིག་ལས་བསྐྲུན་པར་བཤད་པ་ཡང་ལས་འབྲས་ཀྱི་ནུས་པ་བཤད་ཀིན་ཡོད་པས། ཕྱི་ནང་གཉིས་ཀའི་རྩ་བའི་གྲུབ་ཆ་གཙོ་བོ་རྫས་ཀྱི་སྟེང་དུ་འབབ་ཀིན་ཡོད་པ་དང་རྫས་དེ་ཡང་མཐར་ཐུག་ནས་བཤད་ན་འགུལ་བསྐྱོད་དང་ནུས་པ་ཞིག་ལ་ངོས་འཛིན་བྱེད་ཀྱིས་ཡོད་པ་འདིའི་ཐོག་ནས་ཀྱང་སོ་སོར་འབྱེད་རྒྱུར་དཀའ་ཁག་ཆེན་པོ་ཡོད་པར་འདོད། 
 

གསུམ་པ།  ལྟ་བ་བཀར་བཏགས་བཞིའི་སྟེང་ནས་ཅུང་གླེང་བ།
         ༡ འདུས་བྱས་ཐམས་ཅད་མི་རྟག་པའི་རྒྱུ་མཚན་རང་སྡེ་གྲུབ་མཐའ་སྨྲ་བ་བཞི་མ་ཟད། ཕྱི་རོལ་བས་ཀྱང་སྐད་ཅིག་མི་རྟག་པའི་ངང་ནས་དངོས་པོ་རྣམས་རྣམ་པ་གཅིག་ནས་རྣམ་པ་གཞན་ཞིག་ཏུ་འཕོ་འགྱུར་བྱེད་པའི་བརྗོད་ཚུལ་དེ་གྲངས་ཅན་པའི་ལེགས་ཆ་ཞིག་ཏུ་མ་ཟད། དེ་ཁོ་ཚོར་མཚོན་ན་མཚན་ཉིད་རིག་པ་བ་རྣམས་ཀྱི་གཟི་བརྗིད་ཅིག་ཏུ་བསམ་ཡོད། འདུས་བྱས་མི་རྟག་པའི་ཕྱོགས་ནས་བཤད་ན།  རང་སྡེའི་གྲུབ་མཐའ་སྨྲ་བ་དང་གཞན་སྡེ་གྲངས་ཅན་པ་གཉིས་ལ་འདྲ་ས་ཧ་ཅང་མང་སྟེ། སངས་རྒྱས་པ་རྣམས་ཀྱིས་བརྗོད་དོན་གཙོ་བོ་དངོས་པོ་ཐམས་ཅད་སྐད་ཅིག་གིས་འགྱུར་བའི་མི་རྟག་བར་གསུངས་བའི་ཞོར་དུ། གྲངས་ཅན་པར་དོགས་ཟོན་བྱེད་དགོས་པའི་གནད་འགག  ཕྱི་ནང་གི་དངོས་པོ་རྣམས་གནས་པ་དང་འཇིག་པ་རྫས་དང་ཡང་ན་ནུས་པས་ཤུགས་རྐྱེན་ཐེབས་པར་འདོད་ལ། མི་འདྲ་ས་ནི་རང་སྡེ་བ་རྣམས་ཀྱིས་དངོས་པོ་བདེན་གྲུབ་རྩ་བ་ནས་ཁས་མི་ལེན་པ་དང་། དངོས་པོའི་འགྱུར་ལྡོག་ནི་སྐད་ཅིག་ནས་སྐད་ཅིག་བར་གྱི་འགྱུར་བ་ཙམ་ཡིན་པས་སྐད་ཅིག་གིས་གློག་འགྱུར་བ་ལྟར་གསུངས། འོན་ཀྱང་གྲངས་ཅན་པའི་ལུགས་ཀྱི་འགྱུར་ལྡོག་ནི་ཚགས་དམ་པའི་བརྒྱུད་རིམ་གྱི་འགྱུར་ལྡོག་ཡིན་པས་སྐད་ཅིག་གིས་འགྱུར་ན་ཡང་དེའི་རྒྱུན་རྟག་པ་ཡིན་པར་འདོད། དེའི་སྟབས་ཀྱིས་སངས་རྒྱས་པ་རྣམས་ཀྱིས་དངོས་པོ་ཐམས་ཅད་མི་རྟག་པར་གསུངས་ལ། གྲངས་ཅན་པས་རྟག་པ་ཡིན་པར་བརྗོད་པའི་རྒྱུ་མཚན་གཙོ་བོ་དངོས་པོ་རྣམས་ཀྱི་རྒྱུ་འབྲས་གནས་སྐབས་སུ་རྣམ་པ་མི་འདྲ་བར་འགྱུར་ལྡོག་བྱུང་ན་ཡང་། རྒྱུ་འབྲས་རྩ་བའི་ངོ་བོ་རྫས་ཀྱི་ནུས་པ་ལ་ཐུག་ཡོད་པར་སྣང་བས་འདུས་བྱས་མི་རྟག་ཐོག་ནས་ཀྱང་སོ་སོར་འབྱེད་རྒྱུར་ཐེ་ཚོམ་ཆེ་བར་འདོད། 

       ༢  ཟག་བཅས་ཀྱི་སྟེང་ནས་བཤད་ན་ཡང་སྤྱིར་ཟག་མེད་ཀྱི་བདེ་བ་ཞེས་པ་དེ་ནང་བའི་གང་ཟག་མཐོ་ཤོས་རྣམས་ཀྱི་དོན་དག་ཅིག་ཡིན་ལ། ཉན་ཐོས་སྡེ་བས་ཟག་བཅས་ཀྱི་བདེ་བ་ལ་ཡིད་སུན་ཏེ་བསམ་གཏན་གྱི་དགའ་བདེར་ལོངས་སྤྱོད་པ་དང་ཆབས་ཅིག་ནང་གི་དེ་ཉིད་མངོན་སུམ་དུ་རྟོགས་ནས་རང་གཅིག་བུ་ཞི་བདེའི་དོན་གཉེར་གྱི་བསམ་པས་ཐར་བ་ཐོབ་པ་དང་། གྲངས་ཅན་ཕྱི་མོ་བ་རྣམས་ཀྱིས་ཀྱང་ཟག་བཅས་ཀྱི་བདེ་བར་ཡིད་སུན་ནས་ཞི་རགས་ཀྱི་རྣམ་པ་ཅན་གྱི་བསམ་གཏན་སྒོམ་ཏེ་ཉོན་མོངས་ཕལ་ཆེར་སྤངས་ནས་ཐར་ལམ་ཐོབ་པའང་མ་གཞི་གཅིག་མཚུངས་སུ་གྱུར་ཡོད་པར་སྙམ། 
དེའི་སྐོར་རང་སྡེའི་གྲུབ་མཐའ་འོག་མ་ཙམ་མ་ཟད།ཐལ་རང་གཉིས་ཀའི་འདོད་ཚུལ་ཡང་གཅིག་མཚུངས་ཤིག་མ་ཡིན་ཏེ།འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་ཀྱིས་ཉན་རང་འཕགས་པ་དང་བྱང་སེམས་འཕགས་པ་གཉིས་ཀའི་སྟོང་ཉིད་རྟོགས་པ་འདྲ་འདྲ་ཡིན་པར་གསུངས་བ་དང་། སློབ་དཔོན་ཆེན་པོ་སེང་གེ་བཟང་བོའི་རྗེས་འབྲང་དང་བཅས་པས་ཉན་རང་གིས་ཕྱོགས་གཅིག་གི་སྟོང་བ་མ་གཏོགས་མཁྱེན་མེད་ཚུལ་གསུངས་ཡོད། ཡང་གཞན་སྡེ་ཁ་ཅིག་གིས་ད་ལྟ་རང་ལ་དངོས་སུ་སྣང་བའི་མིའི་འགྲོ་བ་འདི་ཙམ་མ་གཏོགས།  ཁམས་གོང་མའི་ལྷ་ལ་སོགས་པ་དང་དབང་བོའི་མངོན་སུམ་གྱི་ཡུལ་ལས་འདས་པ་རྣམས་མེད་པར་བཤད། དེ་བཞིན་ནང་བའི་གྲུབ་མཐའ་བཞིའི་ནང་གི་བྱེ་སྨྲ་བས་ངེས་ལེགས་ཀྱི་ཡོན་ཏན་མཐར་ཐུག་པ་ཕལ་མོ་ཆེ་བློར་མ་ཤོང་བའམ་ཡང་ན་མ་ཤེས་པ་གང་ཡིན་ཡང་སྣང་ཚོད་ཙམ་གཙོ་བོར་བྱས་ཏེ་བསམ་གྱིས་མི་ཁྱབ་པའི་གནས་གཞན་མེད་པར་བཤད་པའང་འདྲ་བས་ཁྱད་འབྱེད་པར་དཀའ་བར་འདོད།  མདོར་ན་ཕྱི་ནང་གི་ཁྱད་པར་མཐར་གཏུགས་ན་ཉོན་མོངས་རྩ་བ་ནས་སྤངས་མ་སྤང་གི་ཐོག་ནས་འཇོག་དགོས་པ་ཞིག་སྣང་ཡང་། ཉོན་མོངས་རྩ་བ་ནས་སྤང་དགོས་ན་རྩ་བ་དེ་བག་ཆགས་ལ་ཐུག་ཡོད་པས། ཉོན་མོངས་ཀྱི་བག་ཆགས་དེ་ཉོན་མོངས་ལ་ངོས་འཛིན་གིན་ཡོད་མེད་ལའང་འདང་རྒྱུག་རྒྱུ་གལ་ཆེ་སྙམ།

       ༣   ཆོས་ཐམས་ཅད་བདག་མེད་པ་གོང་དུ་སོང་ཟིན། དཔལ་ལྡན་ཟླ་བས། ཁོ་བོ་ཅག་ནི་ལས་དང་བྱེད་པ་པོ་དང་འབྲས་བུ་ལ་སོགས་པ་མེད་དོ་ཞེས་སྨྲ་བ་མིན་ཏེ། འོ་ན་ཅི་ཞེ་ན་འདི་དག་རང་བཞིན་མེད་དོ་ཞེས་རྣམ་པར་འཇོག་པ་ཡིན་ནོ། ། ཞེས་གསུངས་འདི་ལེགས་ཏེ། ཕྱི་ནང་གི་གྲུབ་མཐའ་གཉིས་པོའི་ཐུན་མོང་གི་ཁ་ཕྱོགས་སའི་ཆེས་མཐར་ཐུག་དང་ཆེས་ཕྲ་ཤོས་ནི་རྡུལ་ཕྲ་རབ་ལ་དཔྱད་པ་གཏོང་རྒྱུ་དེ་ཡིན་ལ། དེ་འདྲའི་རྡུལ་ཕྲ་རབ་ལ་ལྟོས་བཅས་ཡོན་ཏན་དང་ལྟོས་མེད་རྫས་ཀྱི་དངོས་པོར་གྲུབ་ཡོད་པས། གྲུབ་མཐའ་གཉིས་ཀས་ཡོན་ཏན་དང་རྫས་ཞེས་འབོད་པ་དེའི་དོན་ནི་ངོ་བོ་འབའ་ཞིག་གི་ཆ་རྡུལ་ཕྲ་མོའམ་ཡང་ན་འགྲུབ་བྱེད་ཀྱི་ནུས་པ་ལ་བཤད་ཚུལ་ཡང་འདྲ་བར་སྣང་ངོ། །དེ་ཡང་བདེན་གྲུབ་སྨྲ་བའི་གཙོ་བོ་དཔྱོད་པ་བ་ཡིན་ལ་ཁོས་འོད་མདངས་ཡུལ་ལ་ཕོག་ནས་ཡུལ་དེས་རྣམ་པར་བཟུང་བ་དང་། འོད་དེ་སླར་ཡང་བདག་གི་རྣམ་ཤེས་སུ་འཇུག་པར་འདོད། དེས་ན་འོད་དེ་དང་ཡུལ། བདག་གི་རྣམ་ཤེས་དེ་དག་ཚང་མ་རང་བཞིན་གཅིག་པའི་རྫས་ཤིག་ཡིན་པས།  ཁོ་ཚོས་བདེན་གྲུབ་སྨྲ་བའི་བསམ་བློའི་འཛིན་སྟངས་ལ་འགོག་རྐྱེན་གང་ཡང་མེད་པར་འདོད་ཡོད། ང་ཚོས་ཀྱང་མཐའ་ཡས་པའི་ཆགས་ཞེན་གྱིས་ཉོན་ཡིད་དང་དེས་ཀུན་གཞིའི་རྣམ་ཤེས་བསྐྱེད་པར་གསུངས་བ་ལ་གཞིག་ན། ཆགས་ཞེན་གྱི་ཡུལ་དེར་ཆགས་པར་བྱེད་པའི་ཉོན་ཡིད་དང་ཀུན་གཞིའི་རྣམ་ཤེས་སོགས་ཀྱི་བརྒྱུད་རིམ་ཡང་གྲུབ་སྡེ་གཅིག་གམ་ཡང་ན་རྫས་ཀྱི་ངོ་བོར་སོང་ཡོད་པར་སྣང་བས་ཁྱད་འབྱེད་པ་ལ་དཀའ་ཁག་མི་ཉུང་བ་ཞིག་ལ་ཐུག་ཡོད་པར་འདོད། 

        ༤  མྱ་ངན་ལས་འདས་པའི་སྐོར་ལ་ཡང་། སྐྱེས་པོ་རྣམས་ཀྱི་བློ་ལ་འཆར་བའམ་ཡིད་སྨོན་བྱེད་ས་ནི་ཐར་བ་ཡིན་ལ་མཐར་ཐུག་གི་ཞི་བའི་རྣམ་པ་ཅན་ཞིག་ཀྱང་རེད། ཐར་བ་མངོན་དུ་བྱེད་དགོས་ན་དགེ་བ་དང་སྡིག་པའམ་སྒྲིབ་པ་དང་དག་པ་གཉིས་སུ་དབྱེ་ཡོད། ཐར་བ་འཐོབ་བྱེད་ཀྱི་རྒྱུ་གཙོ་བོ་དགེ་བ་དང་དག་པའི་ཆ་ལ་གསུངས་བ་དང་། དེའི་འགོག་རྐྱེན་སྡིག་པ་དང་མ་དག་པའི་ཆ་ལ་བཤད། སྐྱེ་བོ་ཕལ་བའི་ཚེ་སྲོག་ནི་དེ་ལས་ལྡོག་ཏེ་མི་རྟག་པ་དང་། ཟག་བཅས་སྡུག་བསྔལ་གྱི་ཁྲོད་དུ་གནས་པར་བཤད། ལས་ཀྱི་སྒྲིབ་པའམ་སྡིག་པ་དག་པར་བྱེད་པའི་ཐབས་ནི་ལས་ལམ་བཅུ་བོའི་ལམ་དེའི་སྒོ་འགོག་དགོས་པ་དང་། དེ་དག་པའི་ཆེས་མཐོ་ཤོས་ནི་སེམས་ཀྱི་སྒྲིབ་པ་ཡོད་ཚད་དག་ནས་ཐར་བ་འཐོབ་པར་གསུངས། དེར་བརྟེན་གཅེར་བུ་བས་ཀྱང་ལས་འབྲས་རྫས་སུ་གྲུབ་པར་འདོད་ལ་དེ་གཞལ་བྱ་རྟོག་གེའི་ཚིག་དོན་མཐའ་དག་གི་དེ་ཉིད་ཇི་བཞིན་རྟོགས་ན་སེམས་ཀྱི་སྒྲིབ་པ་དག་ནས་ཐར་བ་འཐོབ་པར་བཤད་པ་གཉིས་ཀྱང་འདྲ་ས་ཧ་ཅང་མང་བས་མཐར་གཏུགས་ན་བདག་འཛིན་གྱི་སྟེང་དུ་འབབ་ཀིན་ཡོད་པར་སྣང་། དུང་དཀར་ཚང་གི《གྲུབ་མཐའི་རྣམ་བཤད》ལས་མཐར་གཏུགས་ན་ཕྱི་རོལ་ཚངས་པ་བའི་ནང་གསེས་བརྡ་སྤྲོད་པ་ཐམས་ཅད་བདག་ཉིད་སྨྲ་བ་ཡིས་ཡི་གེ་ཨོཾ་ཡིག་ཟེར་བ་དེས་བསྐྲུན་པ་དང་དེ་ལ་དང་བོ་སྐྱེ་ཡས་མེད་པ། ཐ་མ་འཇིགས་ཡས་མེད་པ། ཕྱོགས་དང་མཚམས་ཀྱི་དབྱེ་བ་མེད་པ། འདས་དང་མ་འོངས་ད་ལྟ་གསུམ་གྱི་དབྱེ་བ་མེད་པ། ཕྱི་ནང་གི་ཡུལ་མཐའ་དག་ལ་ཁྱབ་པ། ཚངས་པ་ཡི་གེ་ཨོཾ་དེའི་ངོ་བོ་མ་ཤེས་པའི་རིང་ལ་འགྲོ་བ་ཐམས་ཅད་སྡུག་བསྔལ་སྣ་ཚོགས་མྱང་དགོས་པ་དང་། ཨོཾ་ཡིག་གི་བདེན་དོན་གསལ་བོར་རྟོགས་ན་ཐར་བ་ཐོབ་པར་བཤད།  དེ་བཞིན་ནང་ཆོས་ཀྱི་གསུངས་སྟངས་གཙོ་བོ་ཡང་བདག་མེད་པའི་དོན་མངོན་སུམ་དུ་མ་རྟོགས་བར་དུ་འཁོར་བར་བཅིངས་པ་དང་དེ་ཉིད་མངོན་སུམ་དུ་མཁྱེན་པ་ལ་ཐར་བར་གསུངས་ལ། བདག་དང་ཆོས་ཀྱི་རང་བཞིན་དེ་ཡང་ཕྱི་ནང་ན་མེད་པ། དུས་གསུམ་གང་དུའང་མི་གཏོགས་པའི་ཚུལ་སྣ་ཚོགས་ཤིག་གསུངས་བའི་མཐར་ལས་འབྲས་ཀྱི་བྱ་བྱེད་ཐམས་ཅད་བསྟན་ཡོད་པ་དེ། ཕྱི་རོལ་བའི་ཚངས་པ་དང་ཡི་གེ་ཨོཾ་དེའི་ཚབ་ཏུ་ནང་བས་ལས་འབྲས་བཞག་པ་ཞིག་ཨེ་ཡིན་སྙམ་ཡང་། འོན་ཀྱང་ནང་བའི་ལས་འབྲས་དང་ཕྱི་རོལ་བའི་ཨོཾ་ལས་བསྐྱེད་པར་བཤད་པའི་འབྱུང་རྩ་དང་ཚད་གཞི《རྩ་ཤེས》ལས་གསུངས་བ་ལྟར་རང་བཞིན་ཡོད་མེད་འཚོལ་བ་ཡིན་གྱི།ཡོད་མེད་ཙམ་འཚོལ་བ་མིན་ཞེས་གསུངས་བའི་ཁྱད་པར་གང་ཡིན་པ་ལ་གསལ་ཐག་མ་ཆོད་བར་དུ་ཕྱི་ནང་གི་ཁྱད་པར་འབྱེད་རྒྱུ་ལ་དཀའ་ལས་མི་ཉུང་བ་ཞིག་ཡོད་པར་འདོད་དོ། །
 

བཞི་བ།  སྐྱབས་འགྲོའི་སྒོ་ནས་མཇུག་བསྡུ་བ།
           ཕྱི་ནང་གཉིས་ཀའི་མཐར་ཐུག་གི་སྐྱབས་གནས་ངོས་འཛིན་ཚུལ་ལ། ཐེག་དམན་གྱིས་སངས་རྒྱས་ལ་རྒྱུ་སྐྱབས་སུ་བཟུང་སྟེ་རང་ཉིད་འཁོར་བའི་འཇིགས་པ་ལས་བསྐྱབ་ཏུ་གསོལ་ཞེས་སངས་རྒྱས་ལ་ཕར་གསོལ་བ་འདེབས་པ་དང་། ཕྱི་རོལ་བས་ཀྱང་དབང་ཕྱུག་སོགས་ལ་ཕར་གསོལ་བ་བཏབ་སྟེ་ཁོ་ཚོར་དབང་ཕྱུག་གིས་ཐར་བའི་གོ་འཕང་སྟེར་རྒྱུར་རེ་བ་ནན་ཏན་བྱེད་པའང་ཕྱོགས་འདྲ་རེད།  དེས་ན་ཕྱི་རོལ་བས་དབང་ཕྱུག་དང་ཚངས་པ་ལ་ངོས་འཛིན་བྱེད་པ་དང་། ནང་བས་དཀོན་མཆོག་གསུམ་ལ་ངོས་འཛིན་བྱེད་དོ། །དེས་ན་ནང་བ་ལ་སྐྱབས་གནས་གསུམ་དང་ཕྱི་རོལ་བ་ལ་སྐྱབས་གཅིག་ཏུ་བཤད་ཡོད་ན་ཡང་། སྐྱབས་སྟོན་པ་དང་སྐྱབས་ངེས་ཆོས། སྐྱབས་སྒྲུབ་པའི་རྗེས་འཇུག་སློབ་མའང་འདྲ་པར་མ་ཟད། ཕྱི་ནང་གཉིས་ཀས་སྟོན་པ་གཟུགས་ཕུང་ལ་ངོས་འཛིན་པའང་འདྲ་འདྲ་ཡིན་ཏེ། ནང་བས་གཟུགས་ཕུང་མ་ཟད་སྤངས་རྟོགས་མཐར་སོན་པའི་འགོག་བདེན་མཐར་ཐུག་གི་བདག་ཉིད་ཅན་དེའི་ཡོན་ཏན་ལ་གསུངས་གིན་ཡོད་པ་རེད། ཡིན་ན་ཡང་ཕྱི་རོལ་བའི་སྟོན་པ་དེས་ཁོ་ཚོའི་ལུགས་ཀྱི་རྟོག་གེའི་ཚིག་དོན་མཐའ་དག་གི་དོན་མ་ལུས་པར་ཁོང་དུ་ཆུད་དེ་ཚད་མཐོན་པོའི་དབང་ཕྱུག་སོགས་ཀྱི་གོ་འཕང་ངམ་གོ་ས་ཐོབ་པ་ཡང་གཟུགས་ཕུང་ཁོ་ན་མ་ཡིན་པར་དེའི་རྒྱུད་ཀྱི་ཡོན་ཏན་ལ་ངོས་བཟུང་ཡོད་པར་སྣང་། དེ་ལྟར་མིན་ན་དབང་ཕྱུག་སོགས་བཅོས་མིན་ལྟོས་མིན་གྱི་དངོས་པོ་ཞིག་ལ་སྐྱབས་སུ་འགྲོ་དགོས་ན་ཁོ་ཚོས་གཞལ་བྱ་རྟོག་གེའི་ཚིག་དོན་མཐའ་དག་སྦྱང་དགོས་དོན་མེད་པར་མ་ཟད། དབང་ཕྱུག་སོགས་ཀྱིས་ཀྱང་ལམ་དེ་ཉམས་སུ་ལེན་པ་བོ་རྣམས་ལ་ཐུགས་དགྱེས་དགོས་དོན་མེད་པ་ཞིག་ཏུ་ཆགས་ཡོད།  ཡང་གཅིག་བཤད་ན་ཕྱི་རོལ་བས་བདག་དང་ཚངས་པའི་ངོ་བོར་གཅིག་ཡིན་པར་བཤད་པ་དང་ང་ཚོས་ཀྱང་བདེ་གཤེགས་སྙིང་བོའི་ཁམས་སེམས་ཅན་ཐམས་ཅད་ལ་ཁྱབ་ཡོད་པའི་གསུངས་སྟངས་ཀྱང་གཅིག་ཏུ་སེམས་པས་ཁྱད་པར་འབྱེད་རྒྱུར་ཧ་ཅང་དཀའ་བར་འདོད།

        མདོར་ན་ཕྱི་ནང་གི་ཁྱད་པར་མི་འདྲ་ས་གཙོ་བོ《དུང་དཀར་གྲུབ་མཐའི་རྣམ་བཤད》ལས། ནང་བ་སངས་རྒྱས་པ་ཡིན་མིན་གྱི་ཚད་གཞི་ནི། དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་མི་ལེན་གྱི་སྒོ་ནས་བཞག་པ་ཡིན་ཞེས་པ་ལྟར་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་ཞིང་དེ་ལ་དད་པ་དང་མོས་པ་ལམ་ལ་སློབ་པ་རྣམས་ལ་ནང་བ་དང་། དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འཛིན་ཅིང་དེ་ལས་གཞན་ཚངས་པ་དང་དབང་ཕྱུག་སོགས་ལ་དད་པ་དང་མོས་པ་དེའི་ལམ་ལ་བསྟེན་པའི་གང་ཟག་རྣམས་ལ་ཕྱི་རོལ་པར་ངོས་བཟུང་ན་ནོར་ས་དང་འཆུག་ས་གང་ཡང་མེད་པས་ཁྱད་པར་ཡང་འདིའི་སྟེང་ནས་འབྱེད་དགོས་སོ། །ཡིན་ནའང་ཁྱབ་འཇུག་གི་འཇུག་པ་བཅུའི་ནང་གི་སངས་རྒྱས་ཤཱཀྱ་ཐུབ་ཏུ་སྤྲུལ་ཞེས་བཤད་པ་དེ་བདེན་ན་ཁྱབ་འཇུག་སྐྱབས་སུ་བསྟེན་པའི་ཕྱི་རོལ་པ་དེ་ཚོའང་ཕྱི་ནང་གང་དུ་གཏོགས་ཡོད་མེད་སོགས་ལའང་བསམ་བློ་མང་ཙམ་གཏོང་དགོས་པར་འདོད། 

                        རྩོམ་སྒྲིག་པ། མྱི་གསར་བ།

          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease