བོད་ཀྱི་ཤེས་ཡོན་པ་ནི་བོད་ཀྱི་བླ་རྡུང་མཁན་དེ་ཡིན་མི་འོས།

    རྩོམ་པ་པོ། གསར་བརྗེ་བ།


བོད་ཀྱི་ཤེས་ཡོན་པ་ནི་བོད་ཀྱི་བླ་རྡུང་མཁན་དེ་ཡིན་མི་འོས།

 
               
          གསར་བརྗེ་བ།  རྫ་ཆུ་ཁ། 

དང་པོ།  དམ་པའི་རིག་གཞུང་དམར་གསོད་གཏོང་མཁན་གྱི་ལག་དམར་དུ་འགྱུར་མི་རུང་།
 
        ལོ་རྒྱུས་ཀྱི་དེབ་ཐེར་རེ་རེ་ནི་ཤེས་རིག་དབྱེ་འབྱེད་ཀྱི་རྡོ་རིང་རེ་རེ་ཡིན་པས། འུ་ཚོས་ལོ་རྒྱུས་ཀྱི་དེབ་ཐེར་རེ་རེར་ཕྱིར་རྟོག་བྱས་ཏེ་བལྟས་ན།འགྲོ་བ་མིའི་རིགས་ནི“ཡ་ཐོག་བློ་རྟུལ་གྱི་དུས་རབས་དང་། ཀླ་ཀློ་མུན་ནག་གི་དུས་རབས། ད་ལྟའི་ཤེས་རིག་གི་དུས་རབས”ཏེ། མངར་སྐྱུར་ཁ་གསུམ་གྱི་དུས་རབས་ཀྱི་མཆེད་ཁུངས་མང་དུ་བརྒྱུད་ནས། འཛམ་གླིང་སྐྱེ་ཁོངས་ཀྱི་རེའུ་མིག་ཏུ་ཚུད་པའི་སྐོར་ནི་འཛམ་གླིང་རིག་གནས་པའི་དྲན་ངོགས་སུ་གསལ་བཞིན་པ་དེ་རེད། དམིགས་སུ། ལོ་ངོ་སུམ་སྟོང་ནས་བཞི་སྟོང་ལ་ཐུག་པའི་ལོ་རྒྱུས་ལྡན་པའི་བོད་ཀྱི་མི་རིགས་དང་བོད་ཀྱི་ཤེས་རིག་དར་ཚུལ་གྱི་འགྱུར་ལྡོག་ལ་སྔོག་འདོན་བྱས་ནའང་། བོད་ཀྱི་མི་རིགས་དར་ཚུལ་གྱི་རིམ་པ་ནི།“རང་བྱུང་གི་བཏུང་བ་སྤྱོད་པའི་དུས་སྐབས་ཀྱི་རིམ་པ་དང་། བཟའ་བཏུང་ཐོན་སྒྲུབ་ཀྱི་དུས་སྐབས།ཞིང་ལས་གསར་བརྗེ་ནས་བཟོ་ལས་ལག་རྩལ་གྱི་དུས་སྐབས། དེ་ནས་ད་ལྟའི་བརྡ་འཕྲིན་རིག་གནས་ཀྱི་དུས་སྐབས”ཏེ། སྐྱིད་ལ་སྡུག་པའི་འཇིག་རྟེན་གྱི་རིམ་པ་མང་པོའི་སོ་ཁ་ནས་བརྒྱུད་དེ་ཐོན་འོང་བའི་ཚུལ་ནི་ཁུངས་ལུང་གིས་ཕྱུག་པའི་རིག་གནས་དེབ་ཐེར་གྱི་ལོ་རྒྱུས་གཞན་དག་ཏུ་འཁོད་པ་ལྟར་ལགས། དེ་ལས། བོད་པའི་ཤེས་རིག་འཕེལ་འགྲིབ་ཀྱི་ལོ་རྒྱུས་ལའང་། སངས་ཆོས་བོད་དུ་དར་བའི་ཡར་སྔོན་གྱི་ཤེས་རིག་འཕེལ་འགྲིབ་ཀྱི་ལོ་རྒྱུས་དང་།སངས་ཆོས་བོད་དུ་དར་ཕྱིན་གྱི་ཤེས་རིག་འཕེལ་འགྲིབ་ཀྱི་ལོ་རྒྱུས་ཏེ། རིགས་ཚན་ཆེན་པོ་གཉིས་སུ་བགོ་ཆོག་ལ། བོད་བརྒྱུད་ནང་བསྟན་གྱི་ཡར་སྔོན་གྱི་བོད་པའི་ཤེས་རིག་གི་ཁྲོད་དུ། ངག་ཐོག་གི་ཤེས་རིག་ཙམ་ལས། ཡིག་ཐོག་གི་ཤེས་རིག་མེད་པར་བགྲོ་མཁན་དང་། ངག་ཐོག་ཡིག་ཐོག་གཉིས་ཆར་གྱི་ཤེས་རིག་ཡོད་པར་འདོད་མཁན་ཏེ་གཉིས་སུ་དམིགས་ནའང་། འདི་ནི་བཙན་པོ་སྲོང་བཙན་གྱི་ཡར་སྔོན་གྱི་དུས་སུ་བོད་པའི་སྤྱི་ཚོགས་ལ་ཡིག་གཟུགས་ཡོད་མེད་ཀྱི་གནའ་བོའི་རྩོད་རྙིང་དེ་ལགས་པས། འདིའི་ཐད་ནས་ལོ་ངོ་བརྒྱ་སྟོང་མང་པོ་ནས་ད་ལྟར་མ་ཐུག་གི་བར་དུ། བོད་པའི་རིག་གཞུང་གི་ཁྲོད་ནས་གནའ་དེང་རིག་གནས་པའི་སྡེ་ཁག་གིས་བརྡར་ཤ་བཅད་ནའང་། ཁྱོན་ནས་ཐག་ཆོད་མེད་ལ། མ་འོངས་པར་ཡང་ཐག་ཆོད་པར་མི་འགྱུར་བར་སེམས།

     དེ་ལྟ་ནའང་། འུ་ཚོས་མ་ཤེས་ཐབས་མེད་ཅིག་བདོག་པ་ནི།“རང་རེའི་ཁྱིམ་མཚེས་ཀྱི་རྒྱལ་ཁབ་ཆེན་པོ་རྒྱ་གར་དང་རྒྱ་ནག་དག་ལ་ལོ་ངོ་བཞི་སྟོང་དང་ལྔ་སྟོང་གི་རིག་གནས་དར་བའི་ལོ་རྒྱུས་འདུག་ཅེས་ཧང་སང་བ་དང་། འཛམ་གླིང་དཀྱིལ་ཤར་གྱི་མི་རིགས་ཆེན་པོ་ཡ་ཧུ་དཱ་པ་ལ་ལོ་ངོ་བཞི་སྟོང་ལྷག་གི་ཤེས་རིག་དར་བའི་ལོ་རྒྱུས་འདུག”ཅེས། རང་རེས་མི་རིགས་གཞན་པའི་རིག་གནས་ཁོ་ནར་མཆིལ་མ་མི་ལྡང་བར་འུ་ཚོའི་མི་རིགས་འདི་ལའང་ལོ་ངོ་བཞི་སྟོང་ལྷག་གི་ཤེས་རིག་དཔལ་ཡོན་དར་བའི་ལོ་རྒྱུས་ཡོད་པ་ནི། དངོས་ཁམས་རིག་པ་དང་།གནའ་རྫས་བརྟག་དཔྱད་རིག་པའི་ཞིབ་འཇུག་འཚོལ་དཔྱོད་ཀྱི་གྲུབ་དོན་དུ་རྙེད་ཡོད་པས། རྩ་བ་བཅད་ནས་ཡལ་གར་འཇུ་བའི་ཅོལ་ཆུང་གི་སྐྱེས་རབས་དེ་མ་འཁྲབ་རོགས་ཞུ།

       བོད་ཀྱི་ལོ་རྒྱུས་སྨྲ་བ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་ལགས་ཀྱིས་གསུངས་པ་ནང་བཞིན། བོད་པའི་ཤེས་རིག་གི་ལོ་རྒྱུས་ཁྲོད་དུ། སངས་ཆོས་དར་བའི་ཤུགས་རྐྱེན་དེས། བོད་པའི་ཤེས་རིག་གི་ངོ་བོ་དང་བྱེད་ལས་སོགས་ལ་ཕྱོགས་གང་ཅིའི་ཐད་ནས་ཕུན་སུམ་ཚོགས་པའི་གནས་སུ་བཏང་ཡོད་དེ། གལ་ཏེ། བོད་པའི་སྤྱི་ཚོགས་སུ་སངས་རྒྱས་ཆོས་ལུགས་དར་མེད་པའི་དབང་དུ་བཏང་ན། དེ་རིང་གི་བོད་པའི་ཤེས་རིག་གི་གནས་བབ་ནི་གང་འདྲ་ཞིག་གི་ངོ་གདོང་དུ་ལུས་ཡོད་མེད་དེ་འདྲི་རྟགས་གལ་ཆེན་ཞིག་གི་ཚད་དུ་སླེབས་ཡོད་ངེས་ཏེ། སངས་ཆོས་བོད་དུ་དར་ཕྱིན་ཆད་དུ་བོད་པའི་ཤེས་རིག་གི་གཞུང་ལམ་ཡང་ཕལ་ཆེར་ནང་བསྟན་ཤེས་རིག་དང་ངོ་བོར་དབྱེར་མེད་དུ་འདྲེས་ནས་ཡོད། དེ་ལྟར། འོད་སྟོང་འབར་བའི་བོད་པའི་ཤེས་རིག་གི་གཞུང་ལམ་ནང་ནས་ང་ཚོས་ག་ལེར་མཇལ་ཡོང་ན། ཤེས་རིག་ནི་ཐོག་མར་འགྲོ་མིས་དཀའ་སྤྱད་སྡུག་གསུམ་གྱིས་འགོ་བརྩམས་ཤིང་། མཐར་ཡང་འགྲོ་བ་མིའི་རིགས་ཀྱིས་མཇུག་བསྡུ་དགོས་པས། བོད་པའི་ཤེས་རིག་དར་རྒུད་ཀྱི་འཕེལ་འགྲིབ་འདིའི་འོག་ན། འགྲོ་མིས་བརྐོས་པའི་ཁྲག་གི་རྒྱ་མཚོ་ཡོད་ཆོག་ལ། འགྲོ་མིས་བཞག་པའི་གསེར་གྱི་རི་རབ་དེ་ལས་ཀྱང་ཡོད་ཆོག་པས། འུ་ཚོས་རང་རེའི་ཤེས་རིག་འཕེལ་འགྲིབ་ཀྱི་གཞུང་རྟའི་ནང་དུ། ཡབ་ཆེན་མེས་པོ་ཚོས་དཀའ་ཁག་གི་རིམ་པ་གང་ཞོག་གདོང་དུ་གཏད་མིན་དང་།མེས་པོ་ཚོས། བོད་པའི་ཤེས་རིག་གི་ཆེད་དུ་རྔུལ་ཆུ་དང་ཁྲག་ཐིགས་གང་ཞིག་གཏོར་ཡོད་མེད་ཀྱི་ཐད་ལ་བསམ་གཞིག་གཏོང་འོས་ཏེ། འུ་ཚོ་ནི་དྲིན་ལ་དྲིན་ལན་འཇལ་ཤེས་མཁན་གྱི་མི་རིགས་ཆོས་ལྡན་ཞིག་གི་ཁྱབ་ཁོངས་སུ་གཏོགས་པས་སོ།།
 
        དེ་ལྟར་བཤད་ན། རིག་གནས་པའི་སྡེ་ཁག་ཅེས་པའི་རིགས་ཚན་དམིགས་བསལ་བ་དེའང་འདི་ལས་མཆེད་པ་ཡིན་ཤས་ཆེ་སྟེ། བོད་མིའི་སྤྱི་དོན་ལ་སེམས་ཁུར་བྱེད་མཁན་དང་། ཤེས་རིག་གཞུང་འགྲོས་ཀྱི་མྱུར་ལམ་ལ་སྐུལ་ལྕག་བཞུ་མཁན་གྱི་ལྷ་ཆོས་པ་དང་མི་ཆོས་པ་ཡི་བདག་སྒྲ་སྙད་སའི་ཚོགས་སྤྱི་དར་བ་ནས། ས་སྒང་གི་བྲང་གཞུང་འདིར། དོན་དང་དོན་མིན་གྱི་སྒོ་གླེགས་ཕྱེ་བའི་སེྡེ་ཁག་ཅིག་དཔའ་སྤོབས་ཀྱིས་བསྒྲོན་པ་ཡིན་ཏེ།མཁས་པ་བྱོན་མ་མྱོང་སའི་གླིང་ག་ནི་མུན་ནག་གི་གླིང་ག་ཡིན་པའི་བཤད་སྟངས་དེ་བདེན་ན། མཁས་པ་བྱོན་མྱོང་སའི་མི་རིགས་ནི་འོད་དཀར་གྱིས་ཕྱུག་པའི་མི་རིགས་དེ་ཅི་ལ་མིན་ཨང་།

        གནའ་བོའི་བོད་པའི་སྤྱི་ཚོགས་ཀྱིས། ངོམ་དུ་རི་བའི་ཤེས་ཡོན་པའི་ཁྱུ་ཚོགས་སྐྱེད་སྲིང་བྱས་པ་ནི་དངོས་གནས་ཧང་སང་བ་ཞིག་ཡིན་ཏེ། དེ་རིང་ཁ་སང་གི་རང་རེའི་འཁོར་ཡུག་འདིས།མགོ་འཁྱོངས་ལ་མ་འཁྱོང་བའི་རིག་གནས་པའི་དཔུང་ཚོགས་ཤིག་སྐྱེད་སྲིང་བྱས་པ་དང་གཏན་ནས་མི་འདྲ་ཨང་།

        དེའང་ལོས་ཡིན་ཏེ། ཐུབ་བསྟན་ཆོས་ལུགས་ཀྱིས་བོད་ཀྱི་མི་རིགས་དབང་མ་བསྒྱུར་བའི་ཡར་སྔོན་གྱི་བོད་པའི་སྤྱི་ཚོགས་ཀྱི་ཤེས་ཡོན་པའི་གནས་བབ་ལ་བལྟས་ནའང་། མཁས་མཛངས་གཉིས་ལྡན་གྱི་རྒྱལ་བློན་ཚར་དུ་མངར་བ་བྱུང་ཞིང་། ཕྱིས་ཀྱི་སྤྱི་ལོ་༦༡༧ཏེ་སྲོང་བཙན་འཁྲུངས་ཚུན་ཆད་ཀྱི་བོད་བརྒྱུད་ནང་བསྟན་གྱི་དུས་སྐབས་ལ་བསམ་མནོ་འཁོར་ནའང་། གནམ་གྱིས་ས་བཀབ་པ་ལྟ་བུའི་གཞན་དྲང་མི་འཇོག་པའི་ཆོས་རྒྱུད་བཞིའི་དམ་པའི་སྐྱེས་བུ་བྱོན་པའི་གྲངས་ཚད་ནི་རྒྱུ་སྐར་གྱི་གྲངས་དང་མཉམ་ཞེས་བཤད་ནའང་ཐལ་དུ་མི་ཆེ་སྟེ། དེ་ལྟར་ན། མི་རིགས་ཤིག་ལ་སྐྱེས་བུ་རེ་འགའ་འབྱུང་མི་སྲིད་པའི་དེང་གི་སྡོམ་ཚིག་དག་ཡོངས་སུ་མོག་པོར་བྱས་ཡོད།

         དེ་ལྟར་ཡིན་ཙ་ན། མི་ལོ་བརྒྱ་ཕྲག་དང་བརྒྱ་ཕྲག་མང་པོའི་ཡར་སྔོན་གྱི་རླབས་ཆེན་གྱི་སྐྱེས་བུ་དམ་པ་ཚོའི་སྐུ་ཚེའི་མྱོང་བར་གཞིག་ན། བསྟན་དང་འགྲོ་བའི་ཆེད་དུ་སྐུ་ཚེ་ཧྲིལ་བོ་འདས་པའི་ཁོང་ཚོའི་བཞུད་ལམ་རིང་མོ་ལ།“ཨ་ཆེན་གངས་རྒྱབ་ཏུ་བསྡད་དེ་སྟོང་གསུམ་གྱི་འཇིག་རྟེན་ལ་ཚད་འཇལ་བྱེད”པའི་ང་ཚོས་སྡོམ་ཚིག་རྒྱག་མི་སྤོབས་ནའང་། འོབས་ཙམ་མམ་གཞོག་ཙམ་གླེང་ན། འཇིག་རྟེན་པའི་རིག་གནས་ཀྱི་ངོས་ཟུར་ནས།མི་རིགས་འགན་འཁྲིའི་འདུ་ཤེས་ཀྱི་ཚོར་བ་དྲག་ཏུ་འཕྱུར་མཁན་གྱི་རིགས་ཀྱི་ཤེས་ཡོན་པ་དང་། ཆོས་ལུགས་རིག་གནས་ཀྱི་ངོས་ཟུར་ནས། ཆོས་ཀྱི་འདུ་ཤེས་དྲག་ཏུ་འཕྱུར་མཁན་གྱི་ཆོས་ཀྱི་ཤེས་ཡོན་པ་སྟེ། གཉིས་སུ་དགར་ཆོག་ལ། དེ་གཉིས་གང་ཡིན་ཡང་། རིག་གཞུང་ཞིག་གི་འདས་མ་ད་གསུམ་གྱི་དར་རྒུད་ལ་འབྲེལ་བ་ཤིན་ཏུ་ཟབ་པས། མི་རིགས་ཤིག་གིས་གཅེས་སུ་འོས་པའི་ཚབ་མཚོན་གྱི་མི་སྣ་ཆེན་པོ་གཉིས་ཡིན། 

       སྐྱེས་བུ་དམ་པ་ཚོ་དེ་ལྟར་ཤིན་ཏུ་གལ་ཆེ་དོན་ཡང་། ཁོང་ཚོའི་ཐུགས་རྒྱུད་ཀྱི་བློ་གྲོས་དང་ཤེས་རབ་གལ་ཆེ་བའི་མཚོན་རྟགས་ཡིན་ཏེ། གདོད་མའི་ནང་བསྟན་ཤེས་རིག་གི་གླེགས་བམ་ཁྲོད་དུ། ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་གཙིགས་སུ་བཟུང་བའི་རིན་ཐང་ལྟ་བ་དང་། སྟོན་པ་བཀའ་དྲིན་ཅན་གྱིས།གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཞེས་གསུངས་པའང་། ཤེས་རབ་གཙིགས་སུ་བཟུང་བའི་རྣམ་འགྱུར་ཡིན། ཤེས་རབ་ཅི་ཙམ་གལ་ཆེན་ཡིན་པ་དེས། ཤེས་རབ་ཅན་གྱི་སྐྱེས་བུ་དག་དེ་ལྟར་གལ་ཆེན་ཡིན་པ་གོ་ཐུབ་སྟེ། བྱ་དངོས་གང་ཞིག་ཡིན་ཡང་དེ་ཉིད་བེད་སྤྱོད་གཏོང་ཤེས་མཁན་ཡོད་པ་དེས།བྱ་དངོས་དེའི་དགེ་མཚན་ད་གཟོད་མངོན་ཡོང་བས་སོ།།

        དེ་ལྟར་བཤད་ན། རླབས་ཆེན་གྱི་སྐྱེས་བུ་དམ་པ་ཚོ་ནི་དུས་ཀྱི་མཐར་ཡང་འོད་དཀར་གྱིས་འཚེར་བའི་གསེར་གྱི་པོ་ཏི་རེ་རེ་ཡིན་ཆོག་ནའང་། ལོ་ངོ་བརྒྱ་སྟོང་ནས་དེ་རིང་ལ་ཐུག་ཀྱང་།ད་དུང་ཡང་འུ་ཚོས་སྐྱེས་བུ་དམ་པ་དག་སྐྱེས་བུ་དམ་པར་ལྟ་བའི་ཁ་མིག་དོག་པོ་འདི་གསེད་བཀྲོལ་ཐུབ་མེད་པའི་ནག་ཐིག་འདིས་ནི། རང་རེའི་འཁོར་ཡུག་གི་སྟོང་ཆ་ཤིན་ཏུ་ཆེན་པོ་ཞིག་བཤམ་སྟོན་བྱས་ཡོད་ཚུལ་ནི་ཁོ་བོས་བྲིས་རྩོམ་གཞན་དག་གི་ནང་དུ་བྲིས་ཚར་བ་ནང་བཞིན་ཡིན།

        མདོར་ན། བོད་མིའི་རིགས་ཀྱི་ཤེས་རིག་འཕེལ་འགྱུར་གྱི་ལོ་རྒྱུས་རིང་མོའི་་ནང་དུ་ག་ལེར་མཇལ་དུས། འུ་ཚོས་མཐོང་དགོས་ཤིང་མཐོང་རྒྱུ་ཉག་གཅིག་བདོག་པ་ནི་མེས་དབོན་ཚོའི་ཤེས་རབ་ཀྱི་བློ་ཁོག་དང་དཀའ་སྡུག་གི་རྔུལ་ཆུ་དེ་ལགས་ཏེ།  དཔེར་ན། རླབས་ཆེ་བའི་སངས་རྒྱས་ཆོས་ལུགས་ཀྱི་ལོ་ངོ་ཉིས་སྟོང་ལྔ་བརྒྱ་ལྷག་གི་འཕེལ་རིམ་གཅིག་པོའི་ངོས་ཐད་ནས་བཤད་ནའང་། འུ་ཚོས་མཐོང་འོས་པ་ནི། རིག་པའི་གཞུང་ལུགས་གང་ཞིག་ཡིན་ནའང་།དེ་ཉིད་མེས་དབོན་ཚོས་འུ་ཚོར་བསྐྱུར་བའི་ཐོབ་ཐང་གཙང་མའི་ལེགས་སྐྱེས་ཡིན་པའི་ངོས་ཟིན་དེ་ལོས་ཡིན་སྙམ།

       དེ་ལྟར་བཤད་ཚེ། རིག་གནས་ཀྱི་དཔལ་ཡོན་དུ་འབོད་པའི་བརྒྱ་ལོ་ཉེར་གཅིག་པའི་དུས་རབས་འདིར། འུ་ཚོ་རིགས་མཐུན་སྤུན་ཟླའི་ཚོགས་ཀྱིས་ཀྱང་། རང་རེའི་མི་རིགས་འདི་རིག་གནས་སྣ་མང་ཅན་གྱི་མི་རིགས་ཤིག་ཏུ་བསྒྱུར་མ་ཐུབ་ནའང་། རིག་གཞུང་རླག་མཁན་གྱི་གཏེ་བོར་མི་འགྱུར་བའི་ཆོད་སེམས་སྙིང་ལ་བཅངས་འོས་ཏེ། དེ་ལྟར་མིན་ཚེ། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་མི་རིགས་འདི་ཉིད་ཆོས་དཔལ་རིག་གསུམ་གང་ཡང་མི་མངའ་བའི་མུན་ནག་གི་གྲོང་ཁྱེར་ཞིག་ཏུ་འགྱུར་རྒྱུར་ཐག་མི་རིང་བ་ཡིན་པས། གནད་དོན་འདིའི་ཐད་དུ་བོད་ཀྱི་ཤེས་ཡོན་པར་རློམ་མཁན་ཚོས་བསམ་གཞིག་གཏོང་འོས་ཏེ། འུ་ཚོའི་འཁོར་ཡུག་ན་དངོས་དང་བརྒྱུད་པའི་ལམ་ནས་རིག་གཞུང་རླག་མཁན་གྱི་གཏེ་བོ་ཤིན་ཏུ་མོད་པས་ཨང་།
         མ་གཞི་རིག་གནས་དར་བའི་ལུང་པ་ཞིག་ཡིན་པའི་ངོས་ནས།“རིག་གནས་དགག་བཞག་གི་བཞུགས་གྲལ་སྟོང་བར་ལུས”པའི་ཤེས་རྨོངས་པའི་རྣམ་ཐར་འཁྲབ་མི་རུང་ནའང་།རིག་གནས་གཏོར་བཤིག་གི་ངོ་བོ་དང་། རིག་གནས་དགག་བཞག་གི་ངོ་བོ་གཉིས་ཡེ་ནས་མི་འདྲ་བའི་རྩ་དོན་དེ་ཅིས་ཀྱང་ཤེས་ལོས་དགོས་སྙམ། བོད་པའི་ཤེས་རིག་གི་འཁོར་ཡུག་འདི་རུ། དོགས་སློང་དང་དགག་སྒྲུབ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་འདིས། བོད་ཀྱི་མི་རིགས་ཀྱིས་ཁ་གྲག་ཤེས་མཁན་གྱི་མི་སྣ་སྐྱེད་སྲིང་བྱས་ཡོད་པ་མཚོན་པ་ཡིན་ཏེ། གདོད་མའི་བོད་ཀྱི་ཤེས་རིག་གི་སྤྱི་ཚོགས་སུ། ཕལ་ཆེར་རིགས་ལམ་དང་དགག་སྒྲུབ་ཀྱི་ལམ་ཆེན་བརྒྱུད་མ་མྱོང་བའི་མཁས་པ་ཞིག་གཞལ་ཡང་རྙེད་པར་དཀའ་བའི་ཚོད་ཡིན།

         དེ་ལྟ་ནའང་། ཡིད་ཕམ་པ་ཞིག་ལ། གནས་ལུགས་དང་རྒྱུ་མཚན་གང་ཡང་མེད་པར་རིག་གནས་དམར་གསོད་ཀྱི་འདུ་ཤེས་འཛིན་སྟངས་ཀྱི་ལྟ་བ་ཞིག་དར་དང་དར་བཞིན་པ་འདིས་ནི། བོད་པའི་རིག་གཞུང་གི་རྒྱུན་ཐག་རིང་མོ་རང་རེའི་འཁོར་ཡུག་འདི་ལས་ཁ་གཞན་དུ་བསྐོར་བ་ཡིན་པས། གནད་དོན་འདིའི་ཐད་ནས་བོད་ཀྱི་ཤེས་ཡོན་པའི་ཚོགས་ཀྱིས་བསམ་གཞིག་གཏོང་དགོས་པར་སེམས་སོ། །
 

གཉིས་པ།  མེས་པོའི་སྐད་ཡིག་རླག་མཁན་གྱི་གཏེ་བོར་འགྱུར་མི་རུང་།
 
       བོད་ཀྱི་ཤེས་རིག་དཔལ་ཡོན་གྱི་ལོ་རྒྱུས་ཀྱི་འགོ་ཁུངས་ཇི་ཙམ་རིང་བ་དེས། བོད་ཀྱི་སྐད་ཡིག་གི་རྒྱུན་ཐག་དེ་ལས་ཀྱང་རིང་བ་མཚོན་ཐུབ་པས། ཤེས་དཔལ་བདེན་འཚོལ་གྱི་རིག་གནས་པའི་སྡེ་ཚོགས་ཀྱི་འགན་འཁྲི་བདག་གིར་འཆེ་བ་ཞིག་ཡིན་ཚེ། གླེང་ཕྱོགས་མི་འདྲ་བའི་གྲུ་ཟུར་རེ་རེ་ནས་ཉམས་ཉེས་ཐེབས་བཞིན་པའི་དེ་རིང་གི་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ག་ཙམ་གནས་ཐུབ་མིན་གྱི་ཐད་ལ་འདང་རྒྱག་དགོས་ཏེ། སྐད་ཡིག་རིག་གནས་ཀྱི་སྐྱེ་གནས་འཕེལ་གསུམ་ནི་མི་རིགས་ཀྱི་སྐྱེ་གནས་འཕེལ་གསུམ་ཡིན་ན། སྐད་ཡིག་རིག་གནས་ཀྱི་སྟོབས་ཤུགས་ནི་མི་རིགས་འཕེལ་རྒྱས་ཀྱི་རྩ་བའི་སྒུལ་ཤུགས་སུ་གྲུབ་ཡོད་པར་སེམས།
 
        གྲྭ་གྲོང་གི་གྲལ་རིམ་མེད་པའི་བོད་ཀྱི་རིག་གནས་པའི་སྤྱི་སྒང་ནས་བལྟས་ན། བོད་བརྒྱུད་ནང་བསྟན་འཛམ་གླིང་ནང་བསྟན་ལ་བསྒྱུར་རྒྱུའི་རླབས་ཆེན་གྱི་ཐུགས་བཀོད་མངའ་བའི་ཆོས་དཔོན་དང་། བོད་ཀྱི་རིག་གཞུང་རྒྱ་ཡི་ཡིག་རིགས་སུ་སྒྱུར་བཞིན་པའི་སྟོབས་པོ་ཆེའི་དགོངས་བཞེད་བདོག་པའི་མི་སྣ་མང་ནའང་། ཁ་ནང་དུ་བསྐོར་ནས་བསམ་ན། ད་ལྟའི་ཆར། ལང་མ་གོག་ཏུ་གནས་པའི་ཡང་སྙིང་གི་མི་རིགས་འདི་གར་སེམས་ཁྲལ་བྱེད་མཁན་གྱི་མི་སྣ་ཤིན་ཏུ་ཉུང་བའི་ཚོད་ལགས། ལོ་རྒྱུས་གཞན་དག་ཏུ། རང་རྒྱལ་གྱི་མི་རིགས་མང་པོའི་གཅིག་གྱུར་གྱི་ཁྱིམ་ཚང་ལྟ་བུར་ཆགས་པའི་བོད་ཀྱི་མི་རིགས་འདིའི་ཐུན་མིན་གྱི་ཁྱད་ཆོས་ཤིག་ཏུ།  “ལས་ལ་བརྩོན་ཞིང་དཔའ་མཛངས་ལྡན་པ། ཤེས་རབ་ཀྱི་འཆར་སྒོ་ཡངས་པ། བྱམས་དང་སྙིང་རྗེས་ཕྱུག་པ་”ཞེས་བགྲངས་འདུག་མོད། དེ་ནི་ཤར་ནུབ་མི་རིགས་མང་པོའི་ཐུན་མོང་གི་ཁྱད་ཆོས་ཤིག་ཡིན་པ་ལས། རང་རྒྱལ་གྱི་མི་རིགས་འདི་གཅིག་པུའི་ཁྱད་ཆོས་ཤིག་ནི་གང་ན་ལགས་ཏེ། ཐུན་མིན་གྱི་ཁྱད་ཆོས་ཞེས་པའི་ཚིག་དོན་འདི་ནི་རང་རྐྱ་ཐུབ་པའི་ཐ་སྙད་ཅིག་ཏུ་འཁུམས་ན། མི་རིགས་རང་རང་གི་ཁྱད་ཆོས་ནི་མི་རིགས་རང་རང་གི་སྐད་ཡིག་རིག་གནས་ཀྱི་སྟེང་ནས་འབྱེད་དགོས་པ་འདྲ། དེ་ལྟར་ན། བོད་ཀྱི་ཚེ་སྲོག་གི་ཤིང་རྟ་ཆེན་པོ་ནི་བོད་ཀྱི་སྐད་ཡིག་རིག་གནས་འདི་ཉིད་ཡིན་པའི་འདུ་ཤེས་ཀྱི་སྟེང་ནས།ངས་མིག་སྔུན་གྱི་རང་རེའི་སྐད་ཡིག་གི་གནས་བབ་ལ་སེམས་ཁུར་ཡོད་པའི་བཟོ་ལྟ་ཞིག་བསྟན་ན་འདོད་བྱུང་།
 
         གདོད་མའི་བོད་ཀྱི་འཁོར་ཡུག་ཏུ་སྐད་ཡིག་དང་རིག་གཞུང་ཕུན་སུམ་ཚོགས་པ་ཡོད་པའི་རྩ་དོན་གྱིས། དེ་རིང་གི་མི་རིགས་འདིའང་རིག་གཞུང་སྣ་མང་ཅན་གྱི་མི་རིགས་ཤིག་ཡིན་པར་བློས་དཔག་ཐུབ་ནའང་། གདོད་མའི་དུས་སུ་མེས་དབོན་ཚོས་རིག་གཞུང་སྐད་ཡིག་དང་བཅས་པ་ཡུན་རིང་བསྐྱངས་པའི་འཕྲིན་ལས་ཀྱིས། དེ་རིང་གི་དུས་སུ་མིས་དཀའ་ལས་རྒྱག་མི་དགོས་པར་དྲི་མི་ཉམས་པའི་ངང་ནས་རིག་གནས་འདི་དག་རྟག་བརྟན་ཐེར་ཟུག་གིས་བཞུགས་པར་འདོད་ཚེ། དེ་ནི་བསམ་ཡུལ་ལས་འདས་པའི་ཉེན་ཁ་ཞིག་དང་། ཡང་ན། མི་རིགས་ལོ་རྒྱུས་ཀྱིས་ང་ཚོར་སྤྲད་པའི་དཀྱོགས་མཚམས་ཆེན་པོ་ཞིག་ཀྱང་ཡིན་པར་ངེས།
 
          དེ་རིང་གི་བོད་ཀྱི་ན་གཞོན་ཚོས། རིག་གནས་ནི་འཚོ་བ་དང་དཔལ་འབྱོར་གྱི་ཆེད་དུ་བསླབས་པར་འུ་ཚོ་དེ་ཙམ་ཧང་སང་དགོས་དོན་མེད་ནའང་། བོད་ཀྱི་སྐད་ཡིག་རིག་གཞུང་གིས་འཚོ་བ་སྒྲུབ་ཐུབ་ཀྱིན་མི་འདུག་སྙམ་པའི་ནད་ཡམས་འདིས་ནི། བོད་ཀྱི་སྐད་ཡིག་དང་བོད་ཀྱི་མིའི་བར་ཐག་གི་བཞུར་རྒྱུན་ཧ་ཅང་རིང་བ་མཚོན་པ་མིན་ནམ་གྲང་། “རིག་གནས་ཀྱིས་མི་ལ་ཞབས་ཞུ་སྒྲུབ་དགོས་ཀྱི། མི་རིག་གནས་ཀྱི་བྲན་གཡོག་ཏུ་འགྱུར་མི་རུང་”བའི་གཞིའི་རྩའི་རྩ་དོན་ནི་འུ་ཚོ་ཚང་མར་མཁོ་ངེས་ཅན་གྱི་རྩ་དོན་ཡིན་ནའང་། རྩ་དོན་འདིའི་རྒྱབ་ལྗོངས་ཀྱི་ཁ་གཏད་སའི་རིག་གནས་ཡིན་ན་རྒྱལ་ཁབ་གཞན་ཞིག་གི་རིག་གནས་ཡིན་དགོས་སྙམ་པའི་འདུ་ཤེས་མཁྲེགས་པོ་དེས། འུ་ཚོའི་སྐད་ཡིག་རིག་གནས་ཀྱི་ཚེ་སྲོག་ཆུང་ཆུང་དེ་ད་ནི་རང་རེའི་འཁོར་ཡུག་དང་ཁ་འབྲལ་བར་དེ་ཙམ་དུས་ཚོད་མི་རིང་བའི་སྔོན་བརྡ་མཚོན་པ་ལོས་ཡིན་སྙམ། 
 
          རྫོང་སར་མཁྱེན་བརྩེས་གསུང་ཞིག་ཏུ།  “ལོ་ཉི་ཤུའི་མཇུག་ལ་བོད་སྐད་ཡིག་ཉམས་འགྲོ་”ཞེས་གསུངས་པར། སེང་རྡོར་སོགས་བོད་ཀྱི་རྩོམ་པ་པོའི་གྲས་ཀྱིས། མ་ཐའང་། བོད་ཡིག་འཇིག་པར་ལོ་བརྒྱ་འདུག་ཅེས་ལྡོག་ཕྱོགས་ནས་ལུང་བསྟན་བརྒྱབ་མོད། དེ་རིང་གི་རང་རེའི་མི་རིགས་འདིའི་གནས་བབ་ལ་བསམ་གཞིག་བགྱིས་ན། མཁྱེན་བརྩེའི་གསུང་ཐོར་བུ་དེ་ལ་རྒྱུ་མཚན་ངེས་ཅན་ཞིག་འདུག་སྟེ། འཁོར་ཡུག་གི་གནོན་ཤུགས། བོད་མི་རང་རང་གི་སེམས་ཁམས་ཀྱི་འདོད་མོས། དཔལ་འབྱོར་གྱི་བསླུ་བྲིད་སོགས་སྒྱུ་འཕྲུལ་གྱི་རྩེད་རིགས་མང་པོ་མང་པོ་ཞིག་ལ་བརྟགས་ཤིང་དཔྱད་ན། ད་ནི་དངོས་གནས་མི་ལོ་ཉི་ཤུའི་མཇུག་ལ་བོད་སྐད་ཡིག་གིས་ང་ཚོར་གྱེས་བརྡ་ཕུལ་རན་པ་མིན་ནམ་གྲང་།
 
            དུས་ནི་མི་འགྱུར་མི་ནི་འགྱུར་བར་བྱེད་”ཅེས་པ་ལྟར། བལྟས་བལྟས་རིག་རིག་ལ། བོད་ཀྱི་མི་རིགས་ནི་ཉེན་ཚབ་ཆེ་བའི་དཀྱོགས་མཚམས་ཆེན་པོ་ཞིག་ལ་འཕྲད་དེ་ཡོད་ནའང་། བོད་ཡིག་ལས་རྒྱ་ཡིག་གཙོ་ཆེ་ཞིང་། བོད་སྐད་ལས་རྒྱ་སྐད་གཙོ་ཆེ་བའི་དུས་ཚོད་འདིར། ད་ནི་ཉམ་ཆུང་བའི་བོད་སྐད་ཡིག་གིས་འུ་ཚོ་དུས་ཚོད་ག་ཙམ་ཞིག་ལ་བསྒུག་ཐུབ་མིན་ཤོད་དཀའ་སྟེ། འུ་ཚོའི་འཁོར་ཡུག་ན། རང་གི་ཁ་ཕོར་དང་རྐུབ་སྟེགས་ཤོར་དུ་དོག་མཁན་གྱི་མི་སྣ་ཇི་ཙམ་མང་བ་དེས། བོད་ཀྱི་སྐད་ཡིག་གི་བཞུར་རྒྱུན་ཧ་ཅང་ཇེ་ཆུང་དུ་འགྲོ་བཞིན་ཡོད་པ་ཚོར། འཛམ་གླིང་ཕྱོགས་བཞིའི་རྒྱལ་ཁབ་ཀྱི་སྐད་ཡིག་སྣ་མང་དང་། རིག་གནས་སྣ་མང་ཤེས་དགོས་པ་བདེན་ནའང་། ཕ་སྐད་མ་ཡིག་བརྗེད་ནས་གཞན་སྐད་ལ་འཇུག་པ་ནི། འགན་འཁྲི་དང་རྩ་བ་བོར་བའི་སྣང་ཚུལ་ཞིག་ཏུ་གྲུབ་པས། རང་རེའི་ཉེ་འཁོར་ན་ལོ་ཉི་ཤུའི་མཇུག་ནས་བོད་སྐད་ཡིག་ཉམས་འགྲོ་བར་སེམས་ཁྲལ་དང་དོ་སྣང་བགྱི་མཁན་ག་ཙམ་མཆིས།
 
             ཉེ་སྔོན་ཞིག་ལ། ངས། བོད་སྐད་ཡིག་ལ་བྱས་རྗེས་བླ་ན་མཐོ་བའི་མཁས་པའི་དབང་ཕྱུག་ཚུལ་ཁྲིམས་བློ་གྲོས་ལགས་ཀྱིས་འཆད་ཁྲིད་གནང་བའི་ལུག་རྫི་རྒན་པོའི་ཀི་སྒྲ་མགོ་ནས་མཇུག་བར་ཚར་གཅིག་ཉན་ཞིང་། མཐའ་མཇུག་གི་ཚོར་སྣང་ཞིག་གིས། མི་ལོ་ཉི་ཤུའི་རིང་ལ་བོད་སྐད་ཡིག་གི་རིག་གནས་ཀྱི་ཆེད་དུ་རྒྱུག་རྒྱུག་འདུར་འདུར་བྱས་པའི་མི་སྣ་ཞིག་གི་ཉམས་མྱོང་དང་ཕྱག་ལས་མཐོང་བྱུང་ལ། བོད་ཀྱི་མ་འོངས་པའི་ཆེད་དུ། ཤ་ཐང་ཐང་གིས་འབད་བརྩོན་བྱེད་ཀྱིན་པའི་མཁན་ཆེན་ཞིག་གི་རང་རྣམ་མཇལ་བྱུང་། མཚམས་འདིར་བསླེབས་དུས། རྫོང་སར་མཁྱེན་བརྩེས་“ཚུལ་ཁྲིམས་བློ་གྲོས་ནི་ང་ཚོའི་རེ་བ་ཡིན་”ཞེས་གསུངས་པའི་ཡིག་འབྲུ་དག་ཀྱང་ཡིད་ཀྱི་སྒོ་མོར་སིམས་སོང་ཨང་། 
 
         རང་རེས། ཤིན་ཏུ་སྙིང་ཉེ་བའི་མི་རབས་འདིའི་འགན་འཁྲིར་བསམས་ནས། བོད་སྐད་ཡིག་གི་སྣེ་ཁྲིད་པ་རྣལ་མ་དག་གཅེས་པའི་སྲོག་ཏུ་བལྟས་ཏེ། རིགས་ཞེན་གྱི་འདུ་ཤེས་དང་འཇོན་ཐང་གི་ནུས་པ་ཡོད་ཚད་ཁ་གཅིག་ལ་བསྐོར་ནས་འགྲོ་ཐུབ་ན། བོད་མི་རིགས་འདི་འོད་སྟོང་ལྡན་པའི་མི་རིགས་རླབས་ཆེན་ཞིག་ཏུ་འགྱུར་བའི་བདེན་དཔང་ནི། ཆོས་ཉིད་དང་གནས་ལུགས་ཀྱིས་འུ་ཚོར་སྤྲད་པའི་གཏན་དུ་རྙིང་རྒྱུ་མེད་པའི་བདེན་དཔང་དེ་ལགས་པས།དུས་ཀྱི་གཡུལ་གྲོང་དུ་ལུས་པའི་ལོ་རྒྱུས་ཀྱི་འགག་འཕྲང་འདི་ནས། དཔའ་སྤོབས་དང་ཤེས་འཇོན་གཉིས་འཛོམས་ཀྱིས་བགྲོད་པར་འདོད་ཚེ། འདུ་ཤེས་གོང་བུ་གཅིག་སྒྲིལ་གྱི་ལམ་ཁ་གཙང་མ་འདི་ནས་འུ་ཚོ་བགྲོད་ཐུབ་དགོས་ཀྱི། གཞན་དུ་ན། ཡུན་རིང་མི་འགོར་བའི་དུས་ཚོད་ཀྱི་མཐའ་གཞུག་ཅིག་ནས། བོད་སྐད་ཡིག་གིས་ང་ཚོ་ཤུལ་དུ་བསྐྱུར་བའི་ཡིད་སྐྱོའི་གནས་ཚུལ་གྱི་གསར་འགྱུར་ཞིག་གིས། འཛམ་གླིང་གི་མི་རིགས་མང་པོར་ཁེ་མཚར་གྱི་དངོས་བྱུང་གཏམ་རྒྱུད་གཞན་ཞིག་ཀྱང་མི་འཆད་པའི་ངེས་པ་མི་འདུག་སྙམ།
 
       བརྒྱ་བཤད་སྟོང་གི་རྩ་བ་ནི། བརྒྱ་ལོ་ཉེར་གཅིག་པའི་དེ་རིང་གི་དུས་ཚོད་འདི། ང་རྒྱལ་ཁྱོད་ཕམ་བརྩད་པའི་དུས་ཚོད་རེད་མི་འདུག་ལ། ཡག་ས་བཟང་ས་རྐྱང་རྐྱང་ནས་གླེང་སྟེ། ལོ་རྒྱུས་ཀྱིས་འགན་འཁུར་མི་ཐུབ་པའི་ནག་ཉེས་དག་སྦ་གསང་བྱེད་པའི་དུས་ཚོད་རེད་མི་འདུག་སྟེ།  “ཉམས་རྒུད་ཁྲི་ཕྲག་ལས་མི་རིགས་ཉམས་པ་བཟོད་པར་དཀའ་”ན། རྒུད་པ་སྟོང་གི་རྩ་བ་ནི། གང་དུ་ཉམ་ཐག་ཅིང་ཉག་ཕྲ་བའི་ཉེན་ཚབ་ཀྱི་སྟོང་ཆ་ཡོད་ཚད་ལ་སེམས་ཁྲལ་མེད་པའི་རྣམ་པ་དང་། འོས་འགན་མེད་པའི་བཟོ་ལྟ་ཉག་ཅིག་དེ་ཡིན་པས། འཚོ་གནས་ལ་སྙིང་པོ་མེད་པའི་ལྟ་བ་དང་། རང་སྣང་རླུང་ལ་སྐུར་བྱེད་ཀྱི་རྩོམ་ཉོག་ཐར་ཐོར་རེས་རང་མགོ་མི་གཡོག་པར། ཁ་ཚ་དགོས་གཏུག་དང་ཁ་ཡོད་ལག་ཡོད་ཀྱི་བྱ་འགུལ་རེས། མི་རིགས་སྐད་ཡིག་གི་རིག་གནས་ལ་ཞབས་འདེགས་བསྒྲུབ་རྒྱུ་དེ། ཁྱོད་དང་ང་ལ་དེ་རིང་གི་མི་རིགས་འདིས་སྤྲད་པའི་གཡོལ་དུ་མེད་པའི་འོས་འགན་ཡིན་ཞིང་། མི་རིགས་སྐད་ཡིག་གི་ཆེད་དུ་ཚེ་སྲོག་བཏང་བའི་རླབས་ཆེན་གྱི་མེས་དབོན་དམ་པ་ཚོས་བཞག་པའི་ཞལ་ཆེམས་ཀྱང་ཡིན་ནོ།   


ཞེས་པ་འདིའང་བོད་གངས་ཅན་གྱི་གྲྭ་བཙུན་ངག་རིགས་སྨྲ་བར་སྒྲོ་བཏགས་པ་གསར་བརྗེ་བའམ་ཡོངས་གྲགས་སུ་གླང་ཡག་པདྨ་བདུད་འདུལ་དུ་འབོད་པ་དེས་བྱང་ཉི་མ་རྫ་ཆུ་ཁ་ནས་བྲིས་པའོ། ། ངས་ཅན་གྱི་གྲྭ་བཙུན་ངག་རིགས་སྨྲ་བར་སྒྲོ་བཏགས་པ་གསར་བརྗེ་བའམ་ཡོངས་གྲགས་སུ་གླང་ཡག་པདྨ་བདུད་འདུལ་དུ་འབོད་པ་དེས་བྱང་ཉི་མ་རྫ་ཆུ་ཁ་ནས་བྲིས་པའོ། །
                           རྩོམ་སྒྲིག་པ། མྱི་གསར་བ།
          མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease