མགར་སྟོང་བཙན།

    མགར་གློག་མིག་གིས་བརྩམས།


མགར་སྟོང་བཙན།

          
          མགར་གློག་མིག་གིས་བརྩམས།

 

དེ་ཡང་དེབ་ཐེར་རླངས་ཀྱི་པོ་ཏི་བསེ་རུ་①ལས་ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་འདྲ། ཡབ་མེས་ཀྱི་ཆེ་དགེ་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་འདྲ་ཞེས་གསུངས་པར་ལྟར་འདིར་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རྒྱལ་ཐོག་ཞེ་གཉིས་པ་ཁྲི་དར་མ་འུ་དུམ་བཙན་པོའི་བར་རིམ་པར་བྱོན་པའི་རྒྱལ་པོ་དེ་དག་གི་ཁྲོད་ནས་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ཆེས་རླབས་ཆེན་གྱི་མི་སྣ། བོད་ཁམས་གཅིག་གྱུར་གྱི་རྒྱལ་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྟེ་བོད་རྒྱལ་སོ་གསུམ་པ་དེའི་བློན་ཆེན་བཞི་ཡི་ནང་གི་ཆོས་སྲིད་ལུགས་གཉིས་ལ་ཤུགས་རྐྱེན་ཆེ་ཞིང་བཙན་པོའི་རྒྱལ་ཁབ་ཀྱི་མངའ་ཐང་ཕྱི་ནས་ཕྱིར་བསྐྱེད་པ་དང་ཆབ་སྲིད་དམག་དོན་ཁྲིམས་ལུགས་ཕྱི་འབྲེལ་བཅས་ལ་མཛད་རྗེས་བླ་ལྷག་ཏུ་ཆེ་བའི་བློན་པོ་མགར་སྟོང་བཙན་གྱི་ལོ་རྒྱུས་ཅུང་ཙམ་སྨྲས་ན།

ཁོང་གི་སྐུ་ཡི་འཁྲུངས་ཡུལ་ནི་སྟོད་ལུང་རམ་པ་②ནས་ཡིན་ཞིང་འཁྲུངས་ལོ་མི་གསལ་མོད།ད་ལྟའི་ཆ་ཡང་གནས་དེར་མགར་གྱི་ཕོ་བྲང་ཆགས་པའི་ཡུལ་ཡིན་ཟེར་བའི་རྗེས་ཤུལ་མཐོང་ལམ་དུ་ཡོད།བློན་ཆེན་མགར་སྟོང་བཙན་ནི་ལྷན་སྐྱེས་ཀྱི་རིག་པ་རྣོ་ཞིང་ཆབ་སྲིད་དང་དམག་དོན་ལ་མཁས་པས་རྒྱལ་པོ་སྲོང་བཙན་སྒམ་པོས་བཀའ་མངགས་ལྟར་ས་ཕག(༦༣༩)ལོར་བལ་ཡུལ་དུ་སོང་ནས་བལ་བཟའ་ཁྲི་བཙུན་③གདན་དྲངས་པ་འདིས་ཀྱང་བོད་ལ་ནང་པའི་རིག་གནས་དར་བར་མ་ཟད། ཕྱོགས་མཚུངས་སུ་རྡོ་ཤིང་རྐོས་མའི་ལག་རྩལ་ལ་སོགས་པའི་བལ་ཡུལ་གྱི་གནའ་བོའི་སྔོན་ཐོན་གྱི་བཟོ་བཀོད་སྒྱུ་རྩལ་ཡང་དར་ཁྱབ་བྱུང་། ཕྱིས་སུ་ལྕགས་གླང་(༦༤༡)ལོར་རྒྱ་ནག་ནས་རྒྱ་བཟའ་ཀོང་ཇོ་གདན་དྲངས་པའི་སྐབས་སུའང་མགར་སྟོང་བཙན་སྐུ་ངོ་མ་ཕེབས་པ་ཡིན་ལ་དམངས་ཁྲོད་དུའང་འདིའི་སྐབས་སུ་མཐའ་བཞིའི་རྒྱལ་ཁབ་དག་གི་ཕོ་ཉ་དག་ཀྱང་ཀོང་ཇོ་སློང་དུ་བསླེབས་ཡོད་སྟབས། རྒྱ་རྒྱལ་གྱིས་བློན་པོ་དེ་རྣམས་རིག་རྩལ་འདྲ་མིན་ཅི་རིགས་འགྲན་དུ་བཅུག་པས་མགར་སྟོང་བཙན་ནི་རྒྱལ་ཁབ་གཞན་གྱི་བློན་པོ་དག་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པས་བྱེད་སྒོ་མཐའ་དག་ཐོགས་མེད་དུ་བསྒྲུབས་ཐུབ་པས་ཀོང་ཇོ་བཙུན་མོར་མི་སྟེར་རང་སྟེར་ལྟ་བུར་ཐུག་སྟེ་སྟེར་དགོས་བྱུང་པ་རེད་ཅེས་བཤད་སྲོལ་འདུག ཏུན་ཧང་བྲག་ཕུག་ནས་ཐོན་པའི་སྲོང་བཙན་གྱི་ལོ་རྒྱུས་དབུ་ཆ་རལ་གྱི་སྐྱོན་དུ་གྱུར་པའི་གཤམ་ནས། “བཙན་མོ་མུན་ཆང་ཀོང་ཀེ་ཅོ། མགར་སྟོང་རྩན་ཡུལ་བཟུང་གིས་སྤྱན་དྲངས་ཏེ་བོད་ཡུལ་དུ་གཤེགས་སོ།།”ཞེས་ཀྱང་འབྱུང་ངོ་།། གནས་ཚུལ་ཞིབ་རྒྱས་ལོ་རྒྱུས་ཡིག་ཚང་ཁག་ལས་གསལ། 

སྲོང་བཙན་དགུང་གྲངས་བཅུ་གསུམ་ཐོག་བཙན་པོའི་ཁྲི་ལ་འཁོད་ཅིང༌། བློན་ཆེན་མྱང་པོ་རྗེ་ཞང་སྣང་དང༌། ཁྱུང་པོ་སྤུང་སད་ཟུ་ཙེ། མགར་སྟོང་བཙན་དབས་དབྱི་ཚབ་ལ་སོགས་པ་རྣམས་ཀྱིས་དེའི་སྐབས་བཙན་པོར་རམ་འདེགས་ཀྱིས་ཆབ་སྲིད་བསྐྱངས་ཤིང༌། དེ་ནས་ཁྱུང་པོ་སྤུང་ཟད་ཟུ་ཙེས་བློན་ཆེན་གྱི་གོ་གནས་བཟུང་བ་དང་སྟབས་བསྟུན་བཙན་པོ་བཀྲོང་རྩིས་ཀྱི་ལྐོག་ཇུས་ངན་པ་དེ་མགར་གྱི་རྣམ་དཔྱོད་ཀྱིས་གསང་བ་དེ་ཤེས་ཏེ། སྲོང་བཙན་གྱི་བླ་སྲོག་སྐྱབས་པ་དེའི་སྲོང་བཙན་གྱིས་ཁོང་ལ་བསུབ་ཏུ་མེད་པའི་ཡིད་ཆེས་ཤིག་ཐོབ་སྟེ་ཕྱིས་སུ་སྲོང་བཙན་གྱི་བཀའ་ཡི་དགུང་བློན་ཆེ་ཤོས་དེ་ཆགས།  དེ་ནས་ལྕགས་ཁྱི་(༦༥༠)ལོ་སྲོང་བཙན་དགུང་གྲངས་སོ་བཞིའི་ཐོག་གྲོངས།བཙན་པོ་འདས་ལོ་དེར་མང་སྲོང་མང་བཙན་རྒྱལ་ཁྲིར་འཁོད་རུང་སྐུ་ན་ཕྲ་བས་བོད་ཆེན་པོའི་ཆབ་དཔལ་རིག་གསུམ་སོགས་བྱ་བཞག་མཐའ་དག་བློན་མགར་སྟོང་བཙན་གྱིས་གཙོ་འགན་བཞེས་ཏེ་ལྕགས་ཁྱི་ལོ(༦༥༠)ལོ་དང་ལྕགས་ཕག་ལོ་(༦༥༡)ཆུ་བྱི་ལོ(༦༥༢)་ཆུ་གླང་ལོར་(༦༥༣)ཤིང་སྟག་ལོ་(༦༥༤)ཤིང་ཡོས་ལོ་(༦༥༥)མེ་འབྲུག་ལོ་(༦༥༦)མེ་སྦྲུལ་ལོ་(༦༥༧)ལ་སོགས་ནས་མེ་ཡོས(༦༦༧)ལོའི་བར་ལོ་ངོ་ཧྲིལ་པོ་བཅོ་བརྒྱད་ཀྱི་རིང་གློ་བོའི་ཡུལ་དང་རྩང་ཧྱང་བོད་ཀྱི་ཆབ་འོག་ཏུ་བཅུག་པ་དང་གཡུག་ཅེས་པའི་ཡུལ་དུ་ཤ་ཁྲལ་འཇལ་བའི་སྲོལ་ཐོག་མར་བཙུགས་ཤིང་རྒོད་གཡུང་དབྱེ་བ་བཀར་ཏེ་ཁྱིམ་གྲངས་བརྩི་བའི་སྲོལ་བཙུགས། ད་དུང་རྒྱལ་ཕྲན་འ་ཞ་དང་ཞང་ཞུང་གཉིས་ཀྱི་འཁོས་ཀ་མཛད་ཅིང༌། སྐུ་ཚེའི་སྨད་ལ་འ་ཞའི་ཡུལ་དུ་སྔ་རྗེས་བསྡོམས་ལོ་དྲུག་དང་གྲུ་གུའི་ཡུལ་དུ་ལོ་གཅིག་བཅས་མཐའ་སྲུང་བློན་ཆེན་གྱི་ལས་འགན་ཁུར་བ་ལ་སོགས་པའི་བོད་ཀྱི་ཆབ་སྲིད་བསྐྱངས་ཤིང་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་ཕྲན་ཁག་ལ་ཞི་དྲག་གཉིས་ཀྱི་ཐོག་ནས་འབྲེལ་ལམ་ཟམ་མི་ཆད་པར་བཙུགས། ཤིང་ཡོས་(༦༦༦)ལོར་རིམས་ནད་ཕོག་པས་རྐྱེན་བྱས་ཏེ། མེ་ཡོས་(༦༦༧)ལོར་རིས་པུ་ས་ཆར་སྐུ་གྲོངས། ཤུལ་དུ་ལུས་པའི་པའི་ཁོང་ལ་སྲས་བཞི་ཡོད་པ་ནི་མགར་བཙན་སྙ་ལྡོམ་བུ་དང༌།མགར་ཁྲི་འབྲིང་བཙན་བྲོད། མགར་བློན་ཟི་མདོ་ཡེ། མགར་འབལ་བློན་ནམ་མགར་བཙན་གཉན་སྲུང་སྟོན་བཅས་སོ།།

མཆན།

①རླངས་ཀྱི་པོ་ཏི་བསེ་རུ་རྒྱས་པ།  ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།

②ས་གནས་འདི་ནི་ད་ལྟའི་ཆར་ལྷ་ས་སྟོད་ལུང་བདེ་ཆེན་རྫོང་བདེ་ཆེན་ཡུལ་ཤོག་གི་མངའ་ཁོངས་སུ་བཏོགས་པ་རེད་འདུག

③འདི་ལ་མིང་གི་རྣམ་གྲངས་ཁ་ཤས་འདུག་སྟེ་དེབ་ཐེར་ལ་ལའི་ནང་དུ་ལྷ་གཅིག་ཁྲི་བཙུན་དང་བལ་མོ་བཟའ་ཞེས་འཁོད་འདུག་ལ་ནཻ་པ་ལའི་ལོ་རྒྱུས་ཞེས་པ་དེའི་ནང་པུ་ལི་ཁུ་ཐི་ཞེས་བྲིས་འདུག
                                 རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease