ཕྱིར་མི་ཡོང་བ་དག་བཀླགས་རྗེས།

    རྩོམ་པ་པོ། སྒྲེ་བོ།


ཙོང་ཁ་ཚེ་བརྟན་རྒྱལ་གྱི་ཉེ་བྲིས་སྙན་ཐུང་((ཕྱིར་མི་ཡོང་བ་དག))ཅེས་པ་ཀློག་ཞོར་རྒུན་ཆང་འཐུང་།

                 __ སྒྲེ་བོ།

ཕྱིར་མི་ཡོང་བ་དག


   
 

ཐག་རིང་འདྲ་འདྲ།
ཕྱར་མི་ཡོང་བ་དག

སྙིང་ཉེ་ཟེར་བ།
ཤབ་ཤུབ་ཅིག
ནོར་བུ་འབོད་པ།
ཤབ་ཤུབ་ཅིག

ཐག་རིང་འདྲ་འདྲ།
ཕྱར་མི་ཡོང་དག
ཡང་ཡང་དྲན་པར་འཛུལ་དོན།
སེམས་ཁྲེལ་ཞིག

            2019/11/15-17སེ་ནེ།       


     ཕྱིར་མི་ཡོང་དག་ཅེས་པའི་སྙན་ཐུང་འདི་ནི།  གཞུང་རིང་བའི་བསམ་གཞིགས་ཤིག་དང་གཏོས་ཆེ་བའི་བློས་བསླངས་ཤིག   རྩོམ་འགྲོས་ཐུང་ངུ་ཞིག་དང་སྐད་ཆ་རྩེག་རིམ་ཞིག་གིས་གཤམ་སྟོན་བྱས་རེད་ཡོད་པ་རེད་དོ།།   དེ་ལྟར་ན།  ཐོག་མར་ཕྲན་གྱིས་གོང་དུ་བརྗོད་པའི་སྐད་ཆ་རྩེག་རིམ་ཞེས་པ་དང་འབྲེལ་ནས་ཨེན་ཙམ་གླེང་དགོས་སོ།།

    རྩོམ་སྐད་ནི་མ་གཞི་ནས་སྐད་ཆའི་རྩལ་ཞིག་རེད་ལ་རྩལ་གྱི་ནང་ནས་མཛེས་རྩལ་ཞིག་རེད།  མཛེས་པ་དང་རྩལ།  ཡང་ན་རྩལ་དང་མཛེས་པ་མཉམ་སྡེབ་བྱས་ཡོང་ན་དེའི་ངོ་བོ་སྒྱུ་རྩལ་རིགས་ཤིག་ལ་འགྱུར་འགྲོ་བས།  སྐད་ཆ་རྩེག་རིམ་བྱ་བ་འདི་འདྲ་ཞིག་ལ་ཟེར་རོ།།  གཞན་ནི་སྙན་ཐུང་འདི་སྐད་ཆ་རྩེག་རིམ་གྱིས་གྲུབ་ཡོད་པ་རེད།  ཡང་སྐད་ཆ་རྩེག་རིམ་དང་དབྱངས་འགྲོས་གཉིས་ནི་བརྩམས་ཆོས་ཤིག་གཞིར་བཞག་སྟེ་གླེང་ན་ཕལ་ཆེར་གཅིག་ཏུ་འཇུག་ཀྱང་གྲང་མོད།   སྐབས་བབ་ལ་མཚོན་ན་སྔ་མ་དེ་སྤྱད་པར་ཕྲན་ལ་འཚམ་པོ་འདུག  འོན་ཏེ།  འདི་ནི་རྩོམ་གཞུང་སྤྱིའི་གཏན་འབེབ་བམ་རིག་ལམ་རགས་པ་ཞིག་ཀྱང་རེད་མོད།   ཡང་མཚམས་རེར་སྤྱིའི་འགྲོ་སྟངས་བྱེ་བྲག་ཏུ་སྦྱར་ན་བླངས་ན་ཡང་ཆོག་པས་ན།   ཁོང་གི་སྙན་ངག་གི་གྲུབ་ལམ་གཙོ་བོ་སྐད་ཆའི་འགྲོས་རིམ་ནི་ཐོག་མར་དབྱེ་ཞིབ་འདི་འདྲ་བྱས་ཀྱང་འཐུས་སོ།།

    དེ་ནས་སྙན་ངག་ནི་སྐད་བརྡའི་སྒྲིག་གཞི་དང་གཞི་ནས་འགལ་དུ་མེད་པ་ཞིག་རེད་སྙམ།  དེ་ནི་སྙན་ངག་ལ་ཅིས་ཀྱང་ཚང་དགོས་པའི་མ་མཐའི་ཆ་རྐྱེན་རེད་འདུག་ཀྱང་།  སྙན་ངག་གིས་སྐད་བརྡའི་གྲིམ་ལྷོད་དང་རྐྱོང་སྐུམ་ལ་གསོན་ཤུགས་ནི་གསར་གཏོད་ཀྱི་ཚུལ་དུ་སྐུལ་འདེད་དགོས་པ་ནི་སྙོན་དུ་མེད་པ་ཞིག་རེད།   དེ་བས་ནུབ་ཀྱི་སྙན་ངག་གླེང་སློང་རེ་རེ་ན།  སྙན་ངག་པ་སུ་ཞིག་ཐོག་མ་ནས་ཕ་སྐད་དང་དེ་ལས་ཀྱང་ཡུལ་སྐད་ལ་གཉུག་འདྲིས་དང་དེ་དང་དེ་འབྲེལ་གྱི་བག་ཆགས་ལ་ཡང་གཉུག་འཐིམ་དུ་དགོས་པ་ཉག་ཅིག་གླེང་ངོ་།། དེ་ལ་ཡང་ཤིན་ཏུ་འཐད་དོ།།  ཡིན་ཙ་ན།  ཁོང་གི་སྙན་ཐུང་འདི་ལ་དེའི་དགེ་མཚན་ཟེར་ན་རེད།  ཁྱད་ཆོས་ཟེར་ན་རེད།  གང་ལྟར་དེ་དག་ཚང་ཡོད་པ་རེད་དོ།

   དེ་འབྲེལ་གྱི་དྲན་འཆར་འདི་ཡང་བྲི་བར་བྱ་བ་ལ་ཐོག་མར་སྙན་ངག་གི་ཁམས་འདྲ་བོ་སྙན་ངག་གི་ཁ་བྱང་རང་སྟེང་ནས་དཔོག་ཐུབ་པ་ཞིག་རེད།  སྔར་ཡང་གླེང་མྱོང་བ་བཞིན་གྱེས་བྲལ་ནི་འུ་ཅག་ཀུན་ལ་ཆེས་རྒྱུས་མངའ་ཡོད་པ་ཞིག་རེད་དོ།།  གྱེས་བྲལ་ནི་འུ་ཅག་གི་བརྩེ་བའི་ཟབ་ཚད་དང་།   འཚོ་བའི་རིན་ཐང་རེད་ཨང་།  དེ་ལ་བརྟན་ནས་བློས་མི་ཐོངས་པ་སྐོར་ཞིར་འདུ་ཤེས་གཞན་ཞིག་བརྒྱུད་ནས་བློས་སུ་གཏོང་དགོས་པ་རེད།   འདུ་ཤེས་གཞན་དེ་ནི་ཆོས་ཀྱི་བསླབ་བྱ་དང་དེའི་རྒྱུན་ཤེས་ཉི་ཚེ་བ་རེད་པས་ཆོས་ཀྱི་བསླབ་འགའ་ཞིག་ནི་སྒྱུ་རྩལ་ལས་བྱུང་བ་རེད་འདུག  དེའི་སྐོར་ལ་གནའ་བོའི་ངྒི་རི་སིའི་བྱུང་རབས་སོགས་སུ་མང་པོ་ལྟ་རྒྱུ་རེད་པ་དེ་ག་རེད། 

    སྐབས་ཀྱི་སྙན་ཐུང་འདིའི་རྒྱབ་ལྗོངས་ཀྱི་རྒྱབ་ལྗོངས་དངོས་གནས་ནི་གྱེས་བྲལ་བྱ་བ་རེད།   ཤིན་ཏུ་ལྷག་མ་དང་རབ་ཏུ་ཆག་རོར་གྱུར་བའི་ཞེན་ཆགས་ཀྱི་རྟིང་མ་ཞིག་གིས།  གྱེས་བྲལ་གྱི་སྟོང་ཁམས་ལ་ཚོར་ཤུགས་ཤོར་སྟངས་ཤིག་རེད།  གནས་བབ་འདིའི་དོན་དངོས་གང་ཡིན་ནི་ཕྲན་ལ་ཆ་རྒྱུས་མེད་མོད།   ཀློག་པ་པོ་ཞིག་གི་ངོས་ཐད་ནས་སྙམ་ན་གྱེས་བྲལ་ནི་སུས་ཀྱང་བཟོད་དཀའ་བ་ཞིག་ཡིན་པ་རེད།  དེ་ལས་ཀྱང་ཚོར་བ་སྐྱེན་པའི་སྙན་ངག་པ་ཞིག་ལ་མཚོན་ན་ལྷག་ཏུ་དཀའ་བ་ཨ་ཅང་ཅང་རེད།  ཡིན་ཡང་།  སྙན་ངག་པ་ལ་ལས་དེའི་ཚུལ་ནི་བྱུང་རིམ་ཧྲིལ་བོ་ཞིག་བྲི་སྲིད།  ཡང་འགའ་ཡིས་དེའི་བབ་ནི་དྲན་གདུང་དང་འགྱོད་གདུང་འབའ་ཞིག་བྲི་ངེས།  དེ་ཡང་རུང་ངོ་།།  ཚུལ་དེ་བཞིན་སྙན་ངག་པ་ཁོང་གིས་ཀྱང་དེའི་སྐོར་ཟུར་ཙམ་གྱིས་བྲིས་པ་དེ་རེད། 

     དེ་ནས་འཕྲོས་དོན་ཞིག་སྟེ།  སྙན་ངག་ཅེས་པ་ནི་ཀ་དག་ནས་སྐད་ཆས་སྐད་ཆ་ཤོད་སྟངས་ཤིག་རེད་པས་དེ་ལ་ཐ་སྙད་དང་བརྡ་ཆད་འདྲ་ཆགས་པོའི་མཆོད་རྟེན་དགོས་པ་མ་རེད།  ཤིན་ཏུ་གཙང་དག་དང་ཆོས་ཉིད་ཀྱི་སྒྱུ་རིས་ལ་ཉེ་བར་བཅར་བ་དེ་ཙམ་གྱིས་འཐུས་པ་རེད།  འདི་ནི་སྐབས་དོན་གྱི་ཕྲན་གྱིས་སྙན་ངག་ལ་འཆང་བའི་ལྟ་ཚུལ་ཙམ་པོ་བ་ཡིན་པ་བྱས་སོ།།  དེའི་ཐད་ནས་དེ་ལྟར་མྱོང་རོལ་བྱས་ཏེ་ཡོང་ན་སྙན་ཐུང་འདི་ལ་དམིགས་བསལ་གྱི་ཚོར་བ་ཞིག་མཆིས།   མིག་ཟུམ་རེ་སྟངས་རེ་ཡིས་ཡིད་ལ་མི་ཞིག་གི་ངོ་གདོང་ན་མཆི་མ་འཐོར་བཞིན་ཡོད་པ་གཟུགས་སུ་མངོན་འཆར་ཡོང་ངོ་།།  གསལ་ལ་མི་གསལ་བའི་འབོད་སྒྲ་ཞིག་ཀྱང་གྲག་གིན་འདུག  ཏག་ཏག་དེ་ནི་སྙན་ཐུང་འདིའི་སྙིང་འཛེར་དུ་བརྡབས་པའི་”ཤབ་ཤུབ”ཅེས་པའི་བརྡ་ཆད་དང་གཅིག་མཚུངས་རེད་འདུག 

      ཞིབ་ཀྱིས་བརྗོད་ན་སྙན་ཐུང་འདི་ཐོག་མར་བཀླགས་དུས་དེ་ཙམ་ཚོར་བར་སིམ་འཛུལ་མི་བྱེད་པའམ།  ཚོར་ཤུགས་བསྐྱེད་སྟོབས་དེ་ཙམ་མ་མཆིས་མོད།  ཐེངས་འགར་བཀླགས་རྗེས་ཡིད་སེམས་ལ་སྨེང་བ་རིགས་ཤིག་བསྐྱལ་ཡོང་།  ནུས་པ་དེ་འདྲ་དེ་སྙན་ཐུང་འདིའི་གཏིང་གཏིང་ཞིག་ན་ཡོད་དོ།།   ཤིན་ཏུ་ལྷོད་པ།  བར་སྟོང་ཅན།  ཟུར་ངོས་གཅིག་ཅན་གྱི་སྐད་ཆའི་བབ་རིམ་ལས།  རྩལ་ཤུགས་དེ་འདྲ་ཡང་རྦབ་ཆུའི་ཟོལ་གྱིས་སྣེ་གཅིག་ནས་ཡིད་ལ་བྱོས་བྱུང་ངོ་།།  དེ་བས་ཁོང་གི་སྙན་ངག་དག་གི་ནང་ན་དུངས་བརྗོད་ཀྱི་ཞད་ཐིམ་པ།  སྐྱོ་ཡུས་ཀྱི་སླད་ཤོར་བ།   ཡིད་ཆད་ཀྱི་རྨས་ཕོག་པ།  དྲན་གདུང་ཡང་མག་མོག་འཐིབ་པའི་སྤྱི་གཤིས་ཤིག་རྨང་ནས་ཁྱབ་ཅིང་བརྡལ་ཡོད་པས།  ཕྲན་ལ་རྒྱུན་དུ་སྡུག་བསྔལ་གྱི་བདེ་སྐྱིད་འབའ་ཞིག་འདྲེན་པར་བྱེད་དོ།།
                       16/01/20
                              རྩོམ་སྒྲིག་པ། མྱི་གསར་བ།


           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

Signature is customized by Netease