བུད་མེད་ཀྱི་ལོ་ཟླའི་འཕེལ་རིམ།

    རྩོམ་པ་པོ། ཉི་ཚེ།


བུད་མེད་ཀྱི་ལོ་ཟླའི་འཕེལ་རིམ།

                  
                                 
  ཉི་ཚེ།  
  
       སེམས་ཚོར་དྲི་མ་དག་པའི་མེ་ལོང་སྔོན་པོ་ཞིག་འབྲི། འདིར་ཤེས་ཚོད་ཞིག་བདེན་ལུགས་སུ་དྲངས་བ་ཡིན་ན།  ལོ་རྒྱུས་ཀྱི་འབྱུང་འགྱུར་ཁྲོད་གང་ཟག་མང་པོ་ཞིག་གི་བྲང་ཁར་ཡུན་རིང་འབྱར་བའི་སྟོན་དུས་ཀྱི་བ་མོ་ལྟ་བུ་དེ་དུས་རབས་ཉི་ཤུ་པ་ནས་མགོ་བསླང་བའི་ཕོ་མོ་འདྲ་མཉམ་ཞེས་པའི་རྩོད་གླེང་དེ་ཡིན་པ་རེད།  དེ་ལ་དོན་དངོས་ནས་བསམ་བློ་བཏང་བ་ཡིན་ན་དུས་འདི་ཙམ་ཞིག་ལ་ད་དུང་ཡང་མ་རྫོགས་པར་ཀོ་མཉེད་བྱེད་པ་བཞིན་འཕུར་འཕུར་གཏོང་བ་ཅུང་མི་ལེགས་པ་རེད་སྙམ། དེ་འདྲའི་འུར་ཞོག་བྱེད་མཁན་ཡང་ཚད་གྲུབ་ལུང་རིགས་རལ་གྲིའི་རྣོ་ཁར་འཛེམ་བག་འཆོར་བའི་བསམ་བློར་རེག་མཉེད་དབེན་པའི་མི་བུ་འགའ་རེ་ཡིན་པ་ལས། སྤྱི་ཚོགས་ཀྱི་གྲུ་ཟུར་སོ་སོ་ན་རང་ནུས་ཀྱིས་གཞུང་སྒེར་གང་རུང་གི་ལས་དོན་གྱི་རྡོག་ཁྲེས་ཁུར་ཡོད་པའི་མཁས་པ་ཤེས་ལྡན་ཚོ་མ་ཡིན། དེ་ཚོར་འདྲ་མཉམ་གྱི་རིན་ཐང་ཡང་རང་རྒྱུད་ལ་ངང་ངམ་ཤུགས་ཀྱིས་ལྡན་ཡོད་པ་རེད། དེ་ནི་གླེང་དབེན་བརྗོད་སྙིང་ཀྱི་སྟོང་བ་ཞིག་ཡིན་པ་བློ་ལྡན་རྣམས་ཀྱིས་དཔྱད་པས་ཆོད། མ་གཞི་ནས་རྒོད་པོ་གཡག་སྣ་ཁུ་ཚུར་གྱིས་ནི་བྱ་བའི་ཕུགས་དང་སྙིང་བོ་འཇུ་ཐུབ་ཀི་མེད། གཙོ་བོ་རང་ཉིད་སྒམ་བརླིང་ལྡན་པའི་སྒོ་ནས་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དཔའ་མི་ཞུམ་པར་རང་ཉིད་ཀྱིས་རང་ཉིད་རིན་ཐང་ཅན་ཏུ་བསྒྱུར་བ་ཡིན་ན་ད་གཟོད་གཞན་གྱིས་འདྲ་མཉས་ཀྱི་ལྟ་བ་འཛིན་པ་ལས། གཞན་ཕ་རོལ་པོས་བཅའ་དངོས་བཞིན་སྤྲད་འོང་དགོས་པ་ཞིག་མ་ཡིན། ངག་འགྲིལ་ཚིག་རྐྱང་ཙམ་དང་ཕྱི་ཚུལ་བཅོས་མ་ཙམ་ཞིག་གིས་འོང་མི་འདུག། སྐྱེས་པ་དང་བུད་མེད་སུ་ལའང་རང་གི་ཐུན་མོང་མ་ཡིན་པའི་ནུས་པའམ་བྱེད་ནུས་རེ་ཡོད་ཕྱིར་རང་གི་ནུས་པ་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཕྱིར་འདོན་བྱེད་ཐུབ་ན་ཡག་པོ་འདུག། ལུང་དང་རིགས་པའི་རྒྱབ་རི་བརྟན་ཞིང་མི་ཚེའི་རིན་ཐང་དོན་དང་ལྡན་པ་ཞིག་འཁྱོལ་ཐུབ་ན་ད་གཟོད་ངང་གིས་རང་སྟེང་ལ་ལུས་ཀྱི་བ་སྤུ་རྒྱས་པ་བཞིན་འོང་གི་རེད། དེ་ན་དེ་ནི་སེམས་ཚོར་བྱེད་དགོས་པའི་གཞི་མ་ཡིན་པ་ཤེས་པར་འཚལ།
          སྤྱིར་ཐོབ་ཐང་འདྲ་མཉམ་ཡིན་ཟེར་ན་དེ་གཏན་ནས་ཡིན་པ་མ་རེད་དཔེར་ན་དགེ་རྒན་ཞིག་ཡིན་ན་དགེ་རྒན་གྱི་ཐོབ་ཐང་དང་སློབ་མ་ཞིག་ཡིན་ན་སློབ་མའི་ཐོབ་ཐང་ཡོད་པ་རེད། དེ་བཞིན་རབ་བྱུང་བ་ལ་རབ་བྱུང་བའི་ཐོབ་ཐང་དང་ལས་ཀ་ཁྱིམ་པ་ཕོ་མོ་ལ་ཁྱིམ་པ་ཕོ་མོའི་ཐོབ་ཐང་དང་ལས་ཀ་ཡོད་པ་རེད། དེ་འདྲ་བྱེད་པ་ལ་འགྲོ་ལུགས་ཟེར་བ་ལས་གཞན་གང་ཡང་ཟེར་བ་མ་རེད། ཚེ་སྲོག་དང་རིན་ཐང་འདྲ་མཉམ་ཡིན། ལས་ཀའི་ཡང་ལྕི་དང་ལུས་ཀྱི་ཆགས་གཞི་ཙམ་ཐ་དད་དུ་སྣང་བ་ལས་ལྷག་གི་དམིགས་བསལ་བ་ཞིག་ཡོད་པ་མིན། དཔེར་ན་སྔོན་གྱི་དུས་རབས་གཉིས་པའི་སྐབས་རྒྱལ་པོ་མུ་ཁྲི་བཙན་པོ་ནས་རིམ་བཞིན་རྒྱལ་རབས་དུ་མའི་རིང་ལ་མ་རུས་བུ་ལ་འདོགས་པའི་སྲོལ་ཡོད་པ་ལས་བུད་མེད་ཚོ་ཅུང་རྩ་ཆེན་པོ་ཡིན་པ་ཤེས་ཐུབ་པ་རེད། ཡང་ཡུལ་ལྷ་དང་གཞི་བདག་ལ་སོགས་པ་མོ་ལྷ་ཡིན་པར་འདོད་པའི་བསམ་བློ་ཞིག་སེམས་ངོར་ཡུན་རིང་འབྱར་ནས་ཡོད་པ་ལས་གསལ་ཁ་ཆོད་པ་ཤེས་ཐུབ། འོན་ཀྱང་རིམ་བཞིན་མིའི་རྣམ་རྟོག་གི་བློ་ཁ་འགྱུར་ནས་ལྷ་རྣམས་ལས་ཕོ་ལྷ་མཐུ་སྟོབས་ཆེ་བ་དང་མོ་ལྷ་མཐུ་སྟོབས་ཞན་པ་རྒྱུ་མཚན་དུ་བྱས་ནས་བུད་མེད་ཕལ་བར་འདོད་པ་སོགས་བྱུང་། དེ་ནས་བུད་མེད་ཀྱི་ལས་དབང་ལ་གོད་ཆགས་ཐོག་མར་བྱུང་བ་རེད། སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ཇག་དང་དམག་ལ་འགྲོ་བའི་དཔུང་སྡེར་བུད་མེད་རྣམས་ཀྱིས་དགྲ་མགོ་མི་འཁྱོལ་པའམ་མི་ནུས་པ་སོགས་ལས་སྐྱེས་པ་ལས་དམན་པར་སྨྲ་བར་བྱུང་།བུད་མེད་ཀྱི་ནང་དུའང་རྣམ་དཔྱོད་ཀྱི་བློ་རིག་བཀྲ་བ་ཤེས་རབ་ཅན་ཡོད་ནའང་། སྐབས་དེའི་སྤྱི་ཚོགས་ཀྱི་ཤེས་རིག་གི་ཚད་དམན་པ་དང་བསམ་བློའི་ཚ་རྡུལ་གྱི་ནུས་ཤུགས་ཅུང་ཙམ་ཞན་པའི་དབང་གིས་མཆོག་དམན་གྱི་ཧེ་བག་ཡང་ཕྱི་གཟུགས་ཀྱི་དབང་པོའི་ནུས་སྟོབས་ལས་ཕྱེ་བ་ཡིན་པ་རེད། དེ་ལྟར་ཕྱིའི་འཁོར་ཡུག་གྱི་དབང་གིས་བུད་མེད་ཀྱི་འཚོ་བའི་ངོ་གདོང་ལ་ནག་ནོག་གི་དྲི་མས་ཟིན་པ་དང་། གཞན་གྱི་ཁ་ཚོན་གྱི་སྡུག་གཡོའི་འོག་ནས་རིམ་བཞིན་བག་ལ་ཞ་བར་གྱུར། སློབ་སྦྱོང་གི་ཁེ་དབང་ཡང་རྩད་ནས་མེད་པས་རང་གི་བསམ་བློའི་མཚོ་རླབས་གཡོ་བར་སྐལ་བ་མ་བྱུང་བས་རིག་པའི་འཕྲུལ་རྩལ་མཁྲེག་པོར་གྱུར་དེ་བྱ་བའི་ཆ་ལ་རྨོངས་པ། ཤེས་རབ་ཀྱི་དཔྱད་པ་རྟུལ་བས་རྣམ་རྟོག་གི་བློ་དོན་བགྲང་འདས་ཞིག་གྱོང་བོར་ལུས་པ་དང་འགྲོ་འདུག་སྤྱོད་གསུམ་ལའང་ཁག་པོ་བྱུང་བ་རེད། ལྷ་མཇལ་བག་ཟོན་དང་བསང་མཆོད་སོགས་མི་ཆོག་པ། ཐ་ན་དཔེ་ཆ་དང་པོ་ཏི་སོགས་ལ་རག་པའམ་ཐུག་པ་ཙམ་བྱུང་ཚེ་མནོས་གྲུབས་སུ་འགྲོ་བར་སྨྲ་བ་སྟེ་རིག་གནས་སློབ་པའི་ཁེ་དབང་ལ་བཀག་རྒྱ་ཆེན་པོ་བྱུང་བ་རེད། རིགས་རུས་མཐོ་དམན་ལ་ཁྱད་པར་ཅུང་ཙམ་ཡོད་ཀྱང་ཧ་ཅང་གུ་དོག་པོ་ཡིན་པ་རེད།

       གྱ་འཛོམས་མཐའ་དང་གཏམ་བརྗོད་དབང་ཆ་སོགས་ཀྱི་ཁེ་དབང་དམན་པ་ནི་སྤྱི་ཚོགས་ཀྱི་འཚོ་བའི་ཤུགས་རྐྱེན་ལས་བྱུང་བ་ཡིན་པ་རེད། སྲོང་བཙན་གྱིས་མི་ཆོས་གཙང་མ་བཅུ་དྲུག་ལས་བུད་མེད་ཀྱི་ཁ་ལ་མི་ཉན་པ་དང་ཆགས་མེད་ལས་བུད་མེད་མི་སྐྱེས་རིགས་ནི་བཟང་བོ་སྐྱེས་སོགས་ཡང་གཙོ་བོ་དུས་རབས་ཀྱི་དབང་དུ་བྱེད་པ་རེད། བུད་མེད་ཡང་མེད་དུ་མི་རུང་སྟེ་དགེ་ཆོས་ཀྱིས་ཀྱང་རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང༌།། རྒྱལ་པོའི་རྒྱལ་ཐབས་སྤྲང་པོའི་འཚོ་ཐབས་སོགས།། ཆེ་ཆུང་བྱ་བ་གང་དང་གང་ལ་ཡང༌།། མེད་དུ་མི་རུང་བ་ནི་བུད་མེད་ཡིན།། གསུངས་དོན་སོགས་གནད་དང་ཐུག་འདུག་པ་རེད། བུད་མེད་མང་ཆེ་བར་གཞན་གྱིས་སྨྲ་ལྕེ་ལས་ཚེམ་པའི་ཐལ་མདོག་གི་ཕྱི་ལྭ་དེ་ཕུད་པའི་སྤོབས་པ་མེད་པས། རྙིང་ཞེན་གྱི་འཁོར་ཡུག་དེའི་ར་བ་ནས་བུད་མེད་ཀྱི་ལས་དབང་ལ་ངོས་མི་ཟིན་པའི་ཆམ་ནད་ཅིག་ཕོག་སོང་བ་རེད། ཐ་ན་རང་གི་མི་ཚེ་གང་བོའི་མདུན་ལམ་ལ་རྒྱང་ལྟ་ཙམ་ཡང་མི་ནུས་པས། བུད་མེད་ཀྱི་བརྩེ་དུང་གི་རང་དབང་ལ་གཤོག་སྒྲོ་ཆད་པའི་བྱིའུ་བཞིན་རང་དབང་རྩད་ནས་སྒྲིབ་སོང་བ་དང་ཕྱི་རྐྱེན་གྱི་དབང་གིས་ཉི་ནུབ་ཀྱི་མཚམས་སྤྲིན་བཞིན་ལས་དབང་ལ་གཡོ་སྐྱོམས་ཤུགས་ཆེན་བྱུང་བ་དེ་རེད། གལ་དེ་བུད་མེད་ཀྱིས་གནས་ཡུལ་མ་རྙེད་པའམ་གནས་ལ་མ་བྱིན་པ་ཡིན་ན་ཚེ་གང་གཞན་གྱི་གཡོག་ཏུ་མངགས་པ་རེད། དེ་ལས་ཀྱང་སྐྱི་གཡའ་བ་ཞིག་ལ་འཚོ་བའི་འཆར་ཁ་ཞན་ཚེ་རང་གི་བུ་མོ་སྨད་འཚོང་གི་བྱ་བར་རྫོངས་པ་སོགས་བུད་མེད་ལ་རང་གི་ཕ་མ་ཡིན་ཡང་ཞེ་འདང་ཆུང་བ་རེད། དེ་ན་གནས་ལ་སོང་ཐུབ་པ་ཡིན་ཙང་བདེ་སྐྱིད་ལ་རོལ་ཐུབ་པ་ཨེ་རེད་ཟེར་ན་དེ་ཡང་དེ་ལས་ལྡོག་སྟེ་གནས་འགྲོ་མའི་ལས་ལ་བདེ་བ་མེད་ཟེར་བ་བཞིན་མི་རྫོགས་པའི་སྡུག་བསྔལ་དང་གཉའ་ནོན་གནས་ཡུལ་ནས་ཁུར་དགོས་པའི་སྲོལ་ངན་ཞིག་ཡོད་པ་རེད། སྔོན་གྱི་དུས་ན་བཟའ་ཚང་ནང་བུད་མེད་དབང་ཆ་ཆེ་བ་དངའཚོ་བ་ཡང་སྐྱེས་པ་ལས་ལྡབ་འགྱུར་གྱིས་སྟབས་བདེ་དང་དགྱེས་སྤྲོ་ཡོད་པ་ཡིན་པའི་དུས་ཤིག་ཤར་མྱོང་། དུས་ཀྱི་འགྱུར་བ་དང་བསྟུན་ནས་སྤྱི་ཚོགས་ཀྱི་འཚོ་བའི་ཁ་ཕྱོགས་ལ་འགྱུར་བ་ཆེན་པོ་བྱུང་བས། དཔེར་ན་གནས་སོང་ཞིག་ཡིན་ཚར་ན་རང་གི་ཁྱོ་ག་ལས་སྐྱེས་པ་གཞན་གྱི་གདོང་ཙམ་ལའང་ལྟ་མི་རིག་པ་དང་ཕྱི་ལ་འགྲོ་སྐབས་མགོ་དཀྲིས་འཐེན་ཏེ་མགོ་དུད་ཙམ་བྱེད་ནས་ལྷན་སྐྱེས་ཀྱི་སྐྲ་ལོ་དང་ལྷོད་ཤ་ཆགས་པའི་བཞིན་མདངས་ཀྱང་གཞན་ལ་སྟོན་རུང་མེད་པ་འགྲོ་དགོས་འུ་རེད། མགོ་དཀྲིས་འཐེན་པའི་སྲོལ་དེའི་ཤུལ་ཙམ་ད་ལྟ་ད་དུང་ཀན་སུའི་ཡུལ་ན་ཕྱོགས་ཙམ་ཡོད་པ་རེད། གལ་ཏེ་ཕྱི་ནས་སྐྱེས་པ་གཞན་ལ་འབྲེལ་འདྲིས་བྱེད་པའམ་ཡང་ན་དེ་ལས་ཚབས་ཆེ་བ་སྐྱེས་པ་གཞན་དང་ཉལ་ཚེ་སྡུག་ཡུན་རིང་བའི་གཅར་སྡུང་དྲགས་པོ་བྱེད་པ་དང་ལ་ལས་སྲོག་ཆད་ཡང་གཅོད་པ་རེད།རང་དབང་དང་འདྲ་མཉམ་གྱི་དབུགས་ཐག་ཕྲ་བའི་དུས་དེ་ལ།ལྟ་བའི་མིག་དང་ཉན་པའི་རྣ་བས་མི་བཟོད་པའི་ཁྲིམས་ཆད་དམྱལ་བ་ས་ཁར་བུད་པ་ལྟ་བུ་ཞིག་བྱེད་པ་རེད། དེ་ལས་ལྡོག་པ་ཞིག་ལ་སྐྱེས་པས་ཕྱི་ནས་བུད་མེད་བཙལ་ཆོག་པ་མ་ཟད་སྐྱེས་པ་གཅིག་གིས་ཆུང་མ་འགའ་རེ་ལེན་སྲོལ་ཡོད་པ་རེད། གལ་ཏེ་རང་གི་ཁྱོ་ག་ཤི་ནས་རང་གཅིག་པུར་ལྷག་ན་ཡང་གཞན་དང་འགྲོགས་མི་རིག་པ་དང་གལ་དེ་གཞན་དང་འགྲོགས་ན་ཁྱོ་ཀའི་སྤུན་དང་ཕ་ཡིས་བུ་ཚབ་བྱེད་ནས་མནའ་མར་ཁྲིམས་ཆད་གོང་ལྟར་བྱེད་པ་རེད། ཁྱོ་ག་ཤི་བའི་བུད་མེད་ལ་འཚོ་བ་འཁྱོལ་བར་དཀའ་ཁག་ཆེ་ཚེ་གཞན་དམིག་བསལ་ཅི་ཡང་མེད་པར་ཤིན་ཏུ་མ་རུང་བའི་ལས་དང་ཐ་ཤལ་ཨུ་ཐུག་གི་བྱ་བ་སྨད་འཚོང་གི་ལས་ལ་འཇུག་དགོས་བ་རེད། 

       ཡིན་ཡང་སྔ་ཕྱིའི་བརྒྱུད་རིམ་ལ་གཞིག་ན། ད་ནི་གསེར་འགྱུར་བུམ་པའི་སྣང་བ་ཞིག་ཤུགས་ཀྱིས་ཤར་སྲིད། འགྲོ་འདུག་རྟ་ཁ་རང་ལག། མ་གཞི་འཇིག་རྟེན་འཁོར་བའི་མུན་རིམ་ནས་བདེ་སྐྱིད་ཞིག་འཐོབ་པ་ཧ་ཅང་དཀའ་བ་རེད། དགོས་སུ་འགྲོ་བ་མིའི་འདོད་སེམས་ཚིམ་དཀའ་བ་རེད། དེ་ཕྱིར་འཛད་པ་མེད་པའི་བློས་གླེང་ཁག་པོ་དེའི་ཆུ་རྔ་གཤོང་ས་ཞིག་དུ་སྐོར། སྔོན་ལས་ལྡོག་པའི་ལས་ཀྱི་འཚོ་བའི་དཔྱིད་མགོར་ཉི་གཞོན་གསར་བའི་དྲོད་འཇམ་ཞིག་ཤར་ཡོད་ཕྱིར། ཕྱི་ནང་གི་འགལ་རྐྱེན་ཅི་ཡང་མེད་ལ། རང་མོས་ཀྱིས་རང་གི་མི་ཚེའི་མདུན་ལམ་འདེམ་པར་ཆགས་འཇིག་མེད་ལ་སློབ་སྦྱོང་གི་སྐལ་བ་ལ་བཀག་འགོག་མེད་པ་མ་ཟད་ད་དུང་རྒྱབ་སྐྱོར་བླ་ལྷག་ཡོད་པ། རང་ཉིད་རང་གི་ལམ་ལོག་ཏུ་བརྫངས་བ་མིན་ན་བཙན་གྱིས་རྒོལ་བ་ནི་མེད། བག་འགྲོ་ཞིག་ཡིན་ན་རང་གི་འདོད་པ་ལྟར་འགྲོ་བ་ལས་གཞན་སུས་ཀྱང་དབང་གིས་དེད་འགྲོ་བ་མེད་པ་རེད། ཕ་མའི་ཐུགས་དགོངས་མཐུན་དང་མི་མཐུན་ཇི་རིག་ལ་ལྟ་བའི་ཤུགས་ཆུང་བ་རང་སྒེར་གྱིས་གདམ་ག་བྱེད་ཆོག་པ། འཚོ་བའི་གོམས་འགྲོས་དང་བརྩེ་དུང་གི་རང་དབང་སྐྱེས་པ་དང་འདྲ་མཉམ་ཡིན་པ་ལས་ལོ་རྒྱུས་ཀྱིས་བསྟད་པའི་ལུགས་སྲོལ་སྒ་ཆག་ཏེ་ཕོག་ཚར་བ་རེད་ཅེས་བཤད་ཀྱང་མི་ཆོག་པ་མེད། ཆུང་ས་ནས་ཁྱིམ་ཚང་ཞིག་ཡིན་ན་ཡང་མང་ཤོས་ཀྱི་དབང་ཆ་བུད་མེད་ཀྱི་དབང་ཁོ་ནར་འགྲོ་བ་སོགས་འདྲ་མཉམ་གྱི་སྒྲོམ་གཞི་ཞིག་ཆགས་དང་ཆགས་ཡོད་པ་རེད། ཁམས་ཕྱོགས་ཀྱི་སློབ་གྲྭ་འགའ་རེས་སྤྲོ་ཚོགས་ཆེ་མ་ཆུང་གསུམ་ཅི་དང་ཅི་སྤེལ་ཀྱང་དེའི་སྟེང་བུད་མེད་ཚོ་སྐྱེས་པ་དང་མཉམ་ཏུ་བསང་མཆོད་ལ་འགྲོ་བ་སོགས་ལས་བུད་མེད་དམན་པ་ཞིག་ཏུ་བཞག་མེད་པ་ཤེས་ཐུབ། ཨ་མའི་བུ་ལ་འཇོན་ཐང་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་བཞིན་རང་ལ་རིན་ཐང་ཡོད་ན་སྤྱི་ཚོགས་ཀྱིས་འཁོར་ཡུག་ཧ་ཅང་རང་དབང་ཡིན་པ་རེད། ད་དུང་ཡང་ཨུ་ཚུགས་ཀྱིས་འདྲ་མཉམ་ཟེར་ནས་འུད་བཤད་རྐྱང་རྐྱང་ལ་གཡེང་ནས་ཡོད་པ་དག་ལ་མཚན་མ་བརྗེ་སྲོལ་ཞིག་འཇོག་དགོས་པ་ལས་གཞན་འདྲ་མཉམ་མིན་པ་ཞིག་ཡོད་པ་མ་རེད། ཡང་མང་པོ་ཞིག་ལ་ཐལ་དྲགས་པའི་འགྲོ་ཚུལ་ཞིག་ཆགས་བཞིན་ཡོད་པ་ནི་ཆང་དུད་སོགས་ལ་ལོངས་སུ་སྤྱོད་པ་དབྱེན་དང་ཕྲ་མར་སྦྱོར་བ་མི་ཤི་རྟ་འགྱེལ་གྱི་འཁྲུག་ཆ་སློང་བ་ཧ་ཅང་གཏུམ་དྲག་གི་ལས་སུ་འཇུག་པ་དེ་རེད། རང་ཉིད་ལ་འགན་འཁྲིའི་འདུ་ཤེས་མེད་པ།  ཁྱི་ལྟོགས་དང་གློ་བ་འཕྲད་པ་བཞིན་ཏུ་བྱ་བའི་ཆ་ལ་བསམ་གཞིག་མེད་པར་ཅི་བྱུང་དུ་རླུང་སྒོར་འཕུད་རྒྱག་བྱེད་པ་སོགས་ནི་ཡི་མ་རེངས་པའི་ཤ་ཐོག་མེ་སྟག་ཡོར་བའི་ཚོར་འཐུ་ཞིག་ཡིན། མཛངས་མའི་ཡོན་ཏན་བརྒྱད་ཀྱིས་ཕུང་བའི་བུད་མེད་དེ་དག་ནི་སྤྱི་ཚོགས་འཕོང་བྱེད་ལས་མ་འདས་པའོ།
         2019/12/15ཉིན་དབང་ཅིན་རྒྱ་མཚོའི་ཁ་ནས་སྦྱར།

                                  རྩོམ་སྒྲིག་པ། མྱི་གསར་བ།
           མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

Signature is customized by Netease