རྟོག་གེ་བའི་རང་ལམ་མདོར་བསྟན།

    རྩོམ་པ་པོ། དྲང་ཤེད།


རྟོག་གེ་བའི་རང་ལམ་མདོར་བསྟན། 

 
                           
དྲང་ཤེད།

བདག་གི་འདྲེན་པ་མཆོག་གི་ཞལ་ནས“གང་ཟག་ལ་མི་རྟོན།  ཆོས་ལ་རྟོན”ཞེས་སྤོབས་པའི་གདེང་གི་ང་རོ་ཡང་ཡང་བསྩལ་ཡོད།   བསམས་ཤིང་བསམས་ན།  གསུང་འདི་རིགས་ཀྱིས་ཅི་འདྲའི་རིགས་པའི་སྒོ་ཆེན་མོ་ཞིག་ཕྱེ་འདུག་ལ།  རྣམ་དཔྱོད་ཀྱི་ལྟེ་བ་གྲུ་བཞི་ཞིག་བསྐྲུན་འདུག   ཤེས་རབ་ཀྱི་གདན་ཆ་མཐོན་པོ་ཞིག་བཏིང་འདུག་ལ།  སྒལ་ཚིགས་ཀྱི་གཞུང་རྟ་དྲང་མོ་ཞིག་བསླངས་འདུག    བདེན་དོན་རྣལ་མར་འཇུ་བའི་བསམ་བློའི་ཉེར་བསྡོགས་འཐུས་སྒོ་ཚང་བ་ཞིག་ཀྱང་བསྟན་འདུག 

བདག་གིས་འདིར་ཉེ་བའི་མི་དག་ལ་གོ་བདེའི་ངག་ལམ་ནས།  སྐབས་སུ་བབ་ལ།  གནད་ཐོག་ལ་འཛེར་བའི་གསུང་དེར་འགྲེལ་ཞིག་བསྐྱོན་ན། “ལུང་ལ་མི་རྟོན།  རིགས་པ་ལ་རྟོན།  ཡིག་ཆ་ལ་མི་རྟོན།  གནས་ལུགས་ལ་རྟོན།   ངག་རྒྱུན་ལ་མི་རྟོན།   དངོས་ཡོད་ལ་རྟོན།   དག་སྣང་ལ་མི་རྟོན།  རྟོག་དཔྱོད་ལ་རྟོན།  དད་པ་ལ་མི་རྟོན།   ཤེས་རབ་ལ་རྟོན”འགྲེལ་འདིས་རྨད་དུ་བྱུང་བའི་གསུང་དེའི་བཞེད་སྙིང་བརྡ་དོན་གསལ་བོར་འཕྲོད་དེ།  ལག་ཐོག་ལ་ཐོབ་ཅིག་གུ 

བསམ་བློའི་སྙིང་སྟོབས་དེ་གདན་ལ་བཞག་སྟེ།  རིགས་པ་འཚོལ་བའི་རྩ་དོན་ལས་མདོར་བསྡུས་གློད་ན།  དོགས་སློང་ནི་སྒལ་ཚིགས་ཀྱི་གཞུང་རྟ་ཡིན་ལ།    བསམ་གཞིག་ནི་ཚེ་སྲོག་གི་སྐྱ་ཡ་ཡིན།  བདེན་པ་ནི་ཕུགས་ཀྱི་བསྙེག་བྱ་ཡིན་ལ།  ཤེས་རབ་ནི་སྐྱབས་ཀྱི་མཐར་ཐུག་ཡིན།  གཟུར་གནས་ནི་དཔྱོད་པའི་ལྟེ་བ་ཡིན་ལ།  རང་རྟོག་ནི་རྣམ་ཤེས་ཀྱི་ངར་ཤེད་དང་།  རང་རྟོན་ནི་ཚེ་སྲོག་གི་ཆོས་ཉིད་ཀྱིས་བསྩལ་བའི་བདག་ཉིད་ཀྱི་སྤོབས་པ་ཡིན།  མ་ཟད།   འདི་ཐམས་ཅད་རང་ཉིད་ལྟེ་བར་བཟུང་།  རང་བློ་གཞི་རྩར་བཏིང་ནས་གྲུབ་དགོས་ལ།  རང་རྐྱ་ཕེར་དགོས།      སྟོབས་ཤུགས་སྨིན་དགོས་ལ།  རྒྱལ་ཁ་ཡང་འཐོབ་དགོས།  གཞན་འདི་ཐམས་ཅད་གཡར་མས་མི་རུང་ལ། བྲིས་མ་དང་དཔར་མས་མི་ཆོག   བསྐྱར་ཟློས་དང་བཅོས་མ་ནི།   དེ་བས་ཀྱང་མཆིལ་མའི་ཐལ་བ་བཞིན་འདོར་བྱ་ཁོ་ནར་དམིགས།

དེའི་ཕྱིར་རང་རྟོག་ལ་གོམས་ཤིང་།  རང་གཤིས་ལ་བཀུར།  རང་བློའི་སྣེ་ཐག་ལ་འཇུས་ཏེ།  རང་ལམ་ཤེད་ཀྱིས་འཚོལ།  གཉུག་གཤིས་ལ་ཐོགས་པའི་སྨྲ་ལྕེ་བདག་གིར་འཛིན།  ཅི་མཛད་དག་སྣང་ལ་རྟོག་དཔྱོད་ཀྱིས་འཐབ་ཅིང་།  གནའ་སྲོལ་ཧྲིལ་འཛིན་ལ་རིགས་པས་རྒོལ།   བདག་ཉིད་བདག་གི་མགོན་དུ་གྲུབ་པའི་ཚེ་སྲོག་གི་ཆོས་ཉིད་གཅེས་པར་སྐྱོང་།  གནས་ལུགས་ཏིལ་ཙམ་མ་མཐོང་།   རྒྱུ་མཚན་སྣེ་གཅིག་མི་ཤོད་ཀྱང་།  དུང་ཞེན་འཐུག་པོ་ཞིག་གི་བཟི་སྨན་ཕོག་སྟེ།  ཡོད་ཚད་བསམ་བློའི་ཚད་ཤིང་གཅིག་གི་འོག་ལ་འཛུད་པའི་སྒེར་གཅོད་དང་།  ཧམ་སེམས་དེ་ལྟ་བུ་ལ་ནི།  མཆིལ་མའི་ཐལ་བ་གཏོར་ཏེ།  རྒྱང་དུ་བསྐྲད་ལ།  རྒྱང་གིས་བཀྱེད།  ཆོལ་ཁ་དང་ལུང་ཚན།   ཆོས་ལུགས་དང་གྲུབ་མཐའ།  ཡིག་ཆ་དང་ལུང་ཚིག་སོགས་རིས་ཆད་དུང་ཞེན་གྱི་སྒྲོག་ཐག་རྩད་ནས་བཅད་དེ།  རྟོག་གེ་བ་གཅེར་བུ་ཞིག་གི་རིགས་པའི་ལམ་འདེད།

སྤྱིར་བཏང་ནས།  ཇི་ཙམ་ལྐོག་གྱུར་གྱི་གནས་སུ་འཕྲད་པ་ན།  དེ་ཙམ་ཐེ་ཚོམ་དང་བསམ་གཞིག་གི་ཀློང་དུ་འགྲོ་བ་ནི། རང་སྟེང་ནས་སྒེར་ཐུབ་ཀྱི་རྣམ་དཔྱོད་སད་པའི་ཉེར་བསྡོགས་དང་པོ་ཡིན།  ཇི་ཙམ་ལྐོག་གྱུར་བཤད་ན།  དེ་ཙམ་ཡིད་ཆེས་ཤིང་།   དད་པའི་འཁུན་བུ་འབྱིན་ཡོང་བ་ནི།   རང་བློ་སྒྲོག་ཏུ་བཅུག་ཅིང་།  རྣམ་དཔྱོད་ཀྱི་རྩ་བ་བཅད་དེ།  བླུན་ནག་གི་གཡང་དུ་འཕྱན་པའི་ལྟས་ཡིན།  ཤེས་བྱའི་ཐང་ཆེན་འདི་ནས།   རིག་པའི་དོ་ར་འདི་ནས།  ལྷེམ་མེར་གྱི་རྣམ་ཤེས་ཕྲ་མོ་འདི།   ཚེ་སྲོག་ཆུང་ཆུང་འདི།   ཐེ་ཚོམ་ཁྲི་ཕྲག་དང་།  བསམ་གཞིག་འབུམ་འགྱུར་གྱི་ཀློང་དུ་ལྷུང་བ་ནི།  ཅི་འདྲའི་འོས་ཤིང་རྒྱུན་ལྡན་ཞིག་སྟེ།   མུ་མེད་པའི་སྣ་ཚོགས་ཤེས་བྱའི་ཐང་ཆེན་འདིར།  ཕལ་བའི་ཚེ་སྲོག་ཆུང་ཆུང་འདིས་ཇི་ཙམ་ལྷུས་ཐིངས།  མཐའ་རྒྱ་ག་ཙམ་ཆོད།  དངོས་ནས་ཉམ་ཆུང་ཞིང་།  ཤེད་ཕྲ་བ་ལ་ཨང་།

དེའི་ཕྱིར་མཐའ་ཡས་པའི་ཤེས་བྱའི་ཟུར་ཀ་འདི་ནས།  མཐོང་རྒྱ་ཐུང་ལ།  བློ་ཚད་ཞན་པའི་ཚེ་སྲོག་འདིས།  གང་ལ་ཡང་དོགས་སློང་རེས་སྣེ་དྲངས་ཏེ།  བསམ་གཞིག་གི་གྲུ་ལ་བསྡད་དེ།  ཤེས་བྱའི་རྫིང་ཆེན་པོར་རིམ་བགྲོད་བྱ་དགོས་པ་ལས།   དང་ཐོག་ནས་གཞན་གྱི་ངག་རྗེས་ཁོ་ནར་རྒྱུག་ཅིང་།   ཚིག་སྙན་གཅིག་པུར་འཇུས་ཏེ།   ཅི་མཛད་དག་སྣང་གིས་འཁྱེར་མདོག་དང་།  གང་བྱུང་བདེན་པར་ཐེག་ཁུལ་ལ་ཧུར་ཐག་བགྱིད་པ་ནི།   ཚེ་སྲོག་གི་ཆོས་ཉིད་དང་འགལ་བའི་རྨོངས་སྒྱེ་ནག་པོ་མགོ་བོར་གྱོན་ཏེ།  རང་བློ་མཐའ་འཁོབ་ཀྱི་དོང་དུ་བཅུག་པ་རང་ངོ་།

དོགས་སློང་གི་སྣེ་ཐག་འདི་ཁོ་ནས།   ད་གཟོད་རྣམ་དཔྱོད་ཀྱི་གཤོག་པ་ཐོགས།  ཤེས་རབ་མིག་གིས་ཤེས་བྱའི་མཐོངས་ཆེན་པོར་ལྟ་བའི་གླགས་དང་སྐབས་རྙེད།   འདི་ཁོ་ནས་གཟུར་གནས་ཀྱི་མི་གཤིས་འཇགས་ཐུབ་ལ།  སྒེར་ཚུགས་ཀྱི་བློ་རིག་རྙེད་ཐུབ།  རྣམ་དཔྱོད་ཀྱིས་རང་རྐྱ་ཡང་ཕེར་ཐུབ། ཚད་འདི་ནས་བལྟས་ན།   རང་ཉིད་ལ་རང་གི་རྣམ་དཔྱོད་ཅིག་གསོ་བསྐྲུན་དང་།  ཤེས་རབ་ཅིག་གི་རྟོགས་པ་རང་སྟེང་ནས་སད་ཐབས་སུ་གཞོལ་བས་ནི།  དངོས་གནས་རང་གི་ཚེ་སྲོག་གི་ཆོས་ཉིད་ལ་འགན་བླངས་བ་ཡིན  དེ་བས།  ཤེས་བྱའི་གནས་ཕྲ་རགས་གང་ལའང་།  དོགས་སློང་གིས་སྣེ་དྲངས་ཏེ་འཇུག་པ་ནི།  རང་སྟེང་ནས་སྒེར་ཚུགས་ཐུཔ་པའི་རྣམ་དཔྱོད་དང་།    ཤེས་རབ་རྣལ་མའི་རྟོགས་པ་གཏིང་ནས་སད་པའི་མཐུན་རྐྱེན་དང་པོ་ཡིན།   གཞན་གང་ལའང་རྟོག་པ་མེད་ཅིང་།   དཔྱོད་པ་དོར་ཏེ། དག་སྣང་ཆེན་པོ་དང་།   དད་པ་འཐུག་པོས་ཤེས་བྱར་འཇུག་པ།   ཡང་ན་གཞན་གྱི་སྒྲོས་དང་འགལ་གྱིས་དོགས་པའི་སེམས་ཁྲལ་ལྕི་མོའི་འོག་རབ་འབྱམས་ཤེས་བྱའི་དཀྱིལ་འཁོར་བསླབ་པའི་ངལ་བ་བགྱིས་ཀྱང་།  རང་སྟེང་ནས་རྣམ་དཔྱོད་ཤེས་རབ་སད་པའི་སྐབས་མེད་ཅིང་།  གནས་མེད་དོ།།  འདི་ལྟར་ན་མཁས་དབང་དགེ་ཆོས་ཀྱིས“གཞན་གྱིས་སྒྲོས་དང་འགལ་གྱིས་དོགས་པའི་ཞུམ་པ་ཆེར་བྱས་ཚེ།  ཤེས་རབ་འཕེལ་བའི་གོ་བ་ཡང་མི་སྐྱེད”ཅེས་གདམས་པའི་ལེགས་བཤད་ཀྱི་དགོངས་དོན་ལྷག་ཏུ་གསལ། 

མདོར་ན།  རིགས་ཤེས་གཅེར་བུ་ལ་འཁྲེང་བའི་རྟོག་གེ་བ་ཞིག་གིས།   ལོ་ངོ་སྟོང་ལ་འཇགས་ཤིང་མཁྲེགས་པའི་གོམས་སྲོལ་འཐུག་རུང་གཅིག་ཏུ་མི་སྟུན།   བརྒྱ་ཁ་གཅིག་གྲག་གིས་བདེན་པར་བསྟོད་པའི་མཐུན་སྣང་གི་སྐད་མཐོ་ཡང་བརྩི་ངེས་མེད།   བླ་མ་ཡི་དམ།   དཔའ་བོ་མཁའ་འགྲོ།  ཆོས་སྐྱོང་སྲུང་མ་སོགས་ལྐོག་གྱུར་དགུ་རྩེག་གི་མུན་ནག་ཏུ་ལག་སྙོབ་ནམ་ཡང་མི་གཏུབ།  གང་ན་མངོན་སུམ་གྱི་དཔང་མཆིས།  གནས་ལུགས་ཀྱི་སྲོག་ཡོད།   སུ་ལ་གཏན་ཚིགས་ཀྱི་རྩལ་བདོག   རིགས་པ་རྗེན་པར་བཤམ་རྒྱུ་ཡོད་ཕྱིན།   དེར་རྒྱུག   དེ་བཀུར།   དེ་ལ་ཡིད་རྟོན། དེ་ཡིས་ཅི་ཡང་འཐུས།  འདི་ནི་རིགས་པའི་རྗེས་འདེད་ཀྱི་སྐྱེ་བོའི་གཤིས་ཡིན།  རྟིང་མའི་གྲུབ་དོན་ལ།  བདག་ནི་རྣམ་ཀུན་ཏུ།   བློ་ཐག་རྦད་ཆོད་དང་།  ཁ་ཞེ་གཉིས་མེད་ཀྱིས།   རང་ཉིད་ཀྱི་རྣམ་དཔྱོད་དང་།   འདུ་ཤེས་ཀྱི་གཞུག་དེད་ནས་འགྲོ།   འདི་ནི་བདག་གི་རང་གཤིས་མངོན་སྟངས་དང་། མི་ཚེ་སྤྱོད་སྟངས།   ཕྱིར་མི་ལྡོག་པའི་རང་ལམ་ཤིག་ཀྱང་ཡིན་ཞེས་སྨྲས་ཆོག  དེ་བས།   བདག་གི་བར་སྣང་འདི་ཇི་ཙམ་དོག་ཀྱང་།   འཕུར་དགོས། བདག་གི་རྐང་ལམ་འདི་ཅི་འདྲའི་རྩུབ་ཀྱང་།  འགྲོ་དགོས།  རང་ཉིད་ལ་བདོག་པའི་དོགས་སློང་གི་བློ་རིག་འདི་ཅིས་ཀྱང་རྒྱུན་སྐྱོང་ལ།  རང་སེམས་ལ་འཇགས་པའི་བསམ་གཞིག་གི་སྤོབས་པ་འདི་དང་།   རང་དཔྱོད་ཀྱི་སྙིང་སྟོབས་འདི་གཞར་ཡང་དབུགས་ཀྱི་རྒྱུན་ཐག་ལ་བཏགས་ཏེ།   ཚེ་ཡི་ཁ་ལོ་བར་རྟོན་ཞིང་བཀུར་བར་བགྱིའོ།། 
                              2018 4   17 རེབ་གོང་དུ། 

                                   རྩོམ་སྒྲིག་པ། འཕགས་མི