ལོ་གསར་རྙིང་མཚམས་ཀྱི་སྙིང་གཏམ།

    རྩོམ་པ་པོ། ཆོས་དབྱིངས་རྒྱ་མཚོ།


ལོ་གསར་རྙིང་མཚམས་ཀྱི་སྙིང་གཏམ།


           ཆོས་དབྱིངས་རྒྱ་མཚོ། དཀར་མཛེས།

གླེང་སློང་བ།
རེད།  ད་ནི་ཡང་བསྐྱར་ལོ་གསར་རྙིང་གཉིས་ཀྱི་མཚམས་ཏེ།  ལོ་རྙིང་པ་ཕར་ལ་སྐྱེལ་ཅིང་ལོ་གསར་པ་ཚུར་ལ་བསུ་བའི་དུས་ཁྱད་པར་ཅན་ཞིག་ལ་སླེབས་པ་རེད།  འོ་ན།  ང་ཚོས་ཇི་ལྟར་སྐྱེལ་མ་དང་ཇི་ལྟར་བསུ་མ་བྱེད་དགོས་སམ།  ང་ཚོས་ཕན་ཚུན་བར་བཀྲ་ཤིས་པའི་ཁ་གཡང་བོས་ཤིང་དོན་འགྲུབ་པའི་སྨོན་ལམ་བཏབ་པ་ཙམ་གྱིས་ཆོག་གམ།  ཡང་ན་རྟེན་འབྲེལ་མཚོན་བྱེད་དུ་གླུ་དབྱངས་ལེན་པ་དང་དགའ་སྤྲོ་མཚོན་བྱེད་དུ་ཞབས་བྲོ་འཁྲབ་པ་ཙམ་གྱིས་ཆོག་གམ།  ངས་བལྟས་ན་དེ་ནི་རྩ་བ་དོར་ནས་ཡལ་ག་འཇུས་པ་ལྟ་བུ་ཡིན་པས།  དེ་ཙམ་གྱིས་རྩ་བ་ནས་འགྲིག་མི་འདུག་སྙམ།
 
མ་གཞི།  ལོ་ཟླ་རེས་སུ་འཁོར་བའི་དུས་ཚོད་ནི་ནམ་ཡང་ཚེག་སྒྲ་དང་བཅས་ཏེ་བཞུད་འགྲོ་བས།  དེ་སྐྱེལ་དགོས་པ་དང་བསུ་དགོས་པ་ཞིག་ལར་ནས་མ་ཡིན་མོད།  འོན་ཀྱང།  ང་ཚོར་ལོ་གསར་རྙིང་གཉིས་ཀྱི་མཚམས་ན་སུས་ཀྱང་མ་བཅོལ་ཡང་རང་ཤུགས་ཀྱིས་སྒྲུབ་དགོས་པའི་ལས་ཀ་ཞིག་ཡོད་པ་ནི།  ལོ་རྙིང་པ་ལ་ཕྱོགས་སྡོམ་དང་ལོ་གསར་པ་ལ་འཆར་གཞི་འཐེན་པ་དེ་ཡིན།  དེ་ནི་ལོ་རྙིང་པ་ཕར་ལ་སྐྱེལ་སྟངས་དང་ལོ་གསར་པ་ཚུར་ལ་བསུ་ཚུལ་ཞིག་ཡིན་པར་འདོད།  དེས་ན་ལོ་རྙིང་ལ་ཕྱོགས་སྡོམ་དང་ལོ་གསར་ལ་འཆར་གཞི་ག་འདྲ་དགོས་སམ་ཞེ་ན།
 

༡༽ ལོ་རྙིང་པ་ཕར་ལ་སྐྱེལ།
འདས་པའི་ལོ་ངོ་གཅིག་གམ་ཡང་ན་འདས་ཟིན་པའི་ལོ་ཟླ་ཐམས་ཅད་ལ་ཕྱོགས་སྡོམ་བྱེད་པ་ཤིན་ཏུ་གལ་ཆེ་སྙམ།  མི་ཞིག་ནར་སོན་པའི་གོ་རིམ་ཁྲོད་དུ་ལེགས་ཉེས་ཀྱི་བྱ་བ་མང་པོ་སྒྲུབ་སྲིད་ལ།  ཡིན་མིན་གྱི་དོན་དག་མང་པོར་འཕྲད་སྲིད་པས།  དེ་དག་སོ་སོར་དབྱེ་ཞིབ་དང་ཕྱོགས་སྡོམ་བྱེད་རྒྱུ་ནི་མ་འོངས་པའི་ལམ་ཁ་སྔར་ལས་ཡངས་བའི་ཆེད་དུའམ།  མདུན་སྐྱོད་དང་ཡར་ཐོན་གྱི་རྩ་བ་བརྟན་ཅིང་རྒྱལ་ཁ་དང་ལེགས་འགྲུབ་ཀྱི་རྨང་གཞི་འདིང་བའི་ཆེད་དུ་ཡིན།
 
དེའི་རྐྱེན་གྱིས།  ང་ཚོས་འདས་ཟིན་པའི་ལོ་ཟླའི་ཁྲོད་དུ་བྱ་བ་ལེགས་ཉེས་གང་ཞིག་བསྒྲུབས་པ་དང་།  ལེགས་པའི་ཆ་སྟེ་མ་འོངས་པར་རྒྱུན་འཁྱོངས་བྱེད་དགོས་པ་གང་དང་།  ཉེས་པའི་ཆ་སྟེ་འབྱུང་འགྱུར་གྱི་དུས་སུ་རྨང་ནས་འདོར་དགོས་པའམ་ཡོ་བསྲང་བྱེད་དགོས་པ་གང་ཡིན་པ་སོགས་ལ་བསམ་བློ་བཏང་སྟེ་ཕྱོགས་སྡོམ་བྱ་འོས་ལ།  བྱེ་བྲག་གི་དོན་སྟེ་འཚོ་བ་དང་སློབ་སྦྱོང་།  ལས་དོན་དང་དགེ་སྒྲུབ་སྡིག་སྤོང་སོགས་རེ་རེའི་སྟེང་ལ་ཕྱོགས་སྡོམ་བྱེད་དགོས་སོ།།
 

༢༽ ལོ་གསར་པ་ཚུར་ལ་བསུ། 
དེ་བཞིན་དུ།  གནམ་ལོ་གསར་ཚེས་ཀྱི་ལོ་མགོ་འདིར་སླེབས་དུས།  མ་འོངས་པའི་ལོ་གཅིག་གམ་ཡང་ན་མ་འོངས་འབྱུང་འགྱུར་གྱི་ལོ་ཟླ་རིང་མོར་འཆར་གཞི་འཐེན་པའང་གལ་ཆེ་སྟེ།  འཇིག་རྟེན་འཁོར་བའི་ནང་དུ་བྱ་བ་བཟང་ངན་གང་ལའང་འཕྲད་སྲིད་ལ།  སྐྱིད་སྡུག་གཉིས་ཀར་གདོང་གཏད་དགོས་པས།  ནམ་ཞིག་བཟོད་དཀའ་བའི་སྡུག་བསྔལ་ཞིག་གམ་ཡང་ན་དོན་རྐྱེན་ངན་པ་གང་རུང་ལ་འཕྲད་ཚེ།  ཇི་ལྟར་གདོང་གཏད་དགོས་པའམ་ཇི་ལྟར་ཐག་གཅོད་བྱེད་དགོས་པ་སོགས་ལ་འཆར་གཞི་འཐེན་དགོས་ཤིང་།  དེ་དག་སོ་སོ་ལ་དུས་ད་ལྟ་ནས་ཇི་ལྟར་གྲ་སྒྲིག་དང་སྟ་གོན་བྱེད་དགོས་པའམ།  ཇི་ལྟ་བུའི་སེམས་ཁམས་ཤིག་སྦྱོང་བརྡར་བྱེད་དགོས་པ་སོགས་ལ་བསམ་བློ་གཏང་དགོས།
 
བྱེ་བྲག་ཏུ་བརྗོད་ན།  མ་འོངས་པར་རང་ཉིད་ཀྱིས་འཚོ་བ་དང་སློབ་སྦྱོང་།  ལས་དོན་སོགས་རེ་རེའི་ཐད་ལ་ཇི་ལྟར་འབད་རྒྱུ་ཡིན།  དཔེར་ན།  སློབ་སྦྱོང་ལྟ་བུ་ལ་མཚོན་ན་དཔེ་ཀློག་ཇི་ལྟར་བྱེད་རྒྱུ་ཡིན།  ལོ་གཅིག་གི་ནང་དུ་དཔེ་ཆ་ཅི་ཙམ་ཀློག་རྒྱུ་ཡིན།  རྩོམ་ཡིག་ག་ཚོད་འབྲི་རྒྱུ་ཡིན་སོགས་དོན་དག་བྱེ་བྲག་པ་རེ་རེ་ལའང་འཆར་གཞི་འཐེན་དགོས་ཏེ།  དེ་ནི་ཡར་ཐོན་དང་འཕེལ་རྒྱས་ཀྱི་རྩ་བ་ཡིན་པར་འདོད།  ཁྱད་པར་དུ་མི་ཞིག་གི་མི་ཚེའི་ཁྲོད་དུ་སློབ་སྦྱོང་ནི་ཆེས་གལ་ཆེའི་དོན་དག་ཉག་གཅིག་ཡིན་པས།  དེའི་ཆེད་དུ་དུས་ཚོད་ག་ཙམ་འཕུད་རྒྱུ་དང་དཀའ་ལས་ག་ཙམ་མྱོང་རྒྱུ་སོགས་ལ་མནོ་བསམ་བཞེས་དགོས་སོ།།
 

མཇུག་བསྡུ་བ།
མདོར་ན།  མི་སྒེར་བ་དང་ཚོགས་སྤྱི་གང་ཞིག་ཡིན་རུང་།  འདས་སོང་ལ་ཕྱོགས་སྡོམ་དང་མ་འོངས་ལ་འཆར་གཞི་འཐེན་ནས་ད་ལྟ་ཉིད་དུ་འབད་བརྩོན་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བས།  ལོ་གསར་རྙིང་གཉིས་ཀྱི་མཚམས་འདིར་ཡང་།  ང་ཚོས་ལོ་རྙིང་པར་ཕྱོགས་སྡོམ་བྱེད་པ་དང་ལོ་གསར་པར་འཆར་གཞི་འཐེན་པ་ནི་སྐབས་སུ་བབ་པའི་དོན་དག་ཉག་གཅིག་ཡིན་ནོ།།
བོད་རབ་བྱུང་བཅུ་བདུན་པའི་ས་མོ་ཕག་གི་ལོའི་ལོ་སར་ཚེས་གཅིག་ལ་གཙང་ཞོགས་སྤྲིན་དུ་འབོད་པ་དེས་གྲོགས་པོར་ཚོར་སྙིང་གཏམ་ཞིག་གམ་བགྲོ་གླེང་ཞིག་གི་ཚུལ་དུས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག


                            རྩོམ་སྒྲིག་པ། མྱི་གསར་བ།