ཞི་གནས་ཇི་ལྟར་སྒོམ་དགོས་སམ།

    བེའུ་རུ་འཇམ་དབྱངས་མདོ་སྔགས་ཀྱིས་བརྕམས།


ཞི་གནས་ཇི་ལྟར་སྒོམ་དགོས་སམ།

                          བེའུ་རུ་འཇམ་དབྱངས་མདོ་སྔགས།



བླ་མ་དང་ཆོས་ལ་ཡིད་ཆེས་པའི་དད་པ། ཆོས་དོན་གཉེར་གྱི་འདུན་པ། ཆོས་བྱེད་འདོད་ཀྱི་སྤྲོ་བ་དང་ལྡན་པས། ཅ་ཅོ་དང་འདུ་འཛི་དབེན་པའི་གནས་སུ་ལུས་རྣམ་སྣང་ཆོས་བདུན་གྱིས་སྟན་བདེ་བར་བཞུགས་ཏེ། སྐྱབས་གསོལ་སོགས་སྔོན་དུ་གཏང་། བློ་ལྡོག་རྣམ་བཞིས་རྒྱུད་ལེགས་པར་སྦྱངས་ནས།

ཞི་གནས་ཀྱི་རྟེན་མེ་ཏོག་སྔོན་པོ་ལྟ་བུ་ལ་ཡིད་གཏད་དེ། ཐོག་མར་རིག་པ་གྲིམ་གྱིས་བསྒྲིམ། ཧ་ཅང་བསྒྲིམ་དྲག་ན་དབུགས་སྟོད་དུ་ཧྭགས་པ་སོགས་ཀྱི་སྐྱོན་འབྱུང་སྲིད་པས། བར་དུ་ཅུང་ཟད་གློད་དེ་གདམས་ངག་གི་དམིགས་པ་མི་བརྗེད་པའི་དྲན་པ་དང་། བྱིང་རྒོད་རྨུགས་གསུམ་གྱི་སྐྱོན་ལ་བྱ་ར་བྱེད་པའི་ཤེས་བཞིན་དང་ལྡན་པར་བྱེད་དགོས། 
གལ་སྲིད་བྱིང་རྒོད་ཀྱི་སྐྱོན་བྱུང་ན། བྱིང་ན་དམ་པའི་ཡོན་ཏན་དྲན་ཏེ་ཆོས་ལ་སྤྲོ་བ་བསྐྱེད་ལ། རྒོད་ན་འཁོར་བའི་སྐྱོན་དྲན་ཏེ་སེམས་དམིགས་རྟེན་གྱི་ཐོག་ཏུ་རྩེ་གཅིག་ཏུ་གནས་པར་བྱ།
བྱིང་རྒོད་ཞི་བའི་ཚེ་ན་ཐ་མ་སེམས་རང་གི་སོ་བཟུང་བ་སྟེ། དམིགས་རྟེན་དེ་ཉིད་ཀྱི་ཐོག་ཏུ་སེམས་འབོལ་ལེ། ཤིག་གེ གསལ་ལེ། ཧྲིག་གེར་རིག་པ་རྩེ་གཅིག་ཏུ་གནས་པར་བྱ། དེ་ལྟ་བུའི་ཞི་གནས་ཀྱི་དམིགས་པ་དེ་ཉིད་རྒྱུན་འཁྱོང་བྱས་ཏེ་སྒོམ་ན་འབྲས་བུ་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་སྟེ། ལུས་ཤིང་བལ་ལྟར་ཡང་བ་དང་། སེམས་གཏོང་འགྲོ་བཞག་གསུམ་ལ་རང་དབང་ཐོབ་པར་གདོན་མི་ཟ་ཞིང་། དེ་ལྟ་བུའི་ཞི་གནས་ཀྱི་གནད་ལེགས་པར་སྒོམ་ཤེས་ན་ཉེས་པ་ལྔ་སེལ་བ་དང་། སྤོང་བའི་འདུ་བྱེད་བརྒྱད་ཚང་བ་ཡིན་ནོ། །

ཉེས་པ་ལྔ་སེལ་བ་དང་། སྤོང་བའི་འདུ་བྱེད་བརྒྱད་མ་ཚང་ན་ཞི་གནས་ཀྱི་དོན་མེད་པས། ཞི་གནས་ཀྱི་སྐབས་ཉེས་པ་ལྔ་སེལ་བ་དང་། སྤོང་བའི་འདུ་བྱེད་བརྒྱད་ཚང་དགོས་ལ། དེ་གང་ཞེ་ན།
ཉེས་པ་ལྔ་ནི། 
མདོ་སྡེ་རྒྱན་ལས།  ལེ་ལོ་དང་ནི་གདམས་ངག་རྣམས། ། བརྗེད་དང་བྱིང་དང་རྒོད་པ་དང་། ། འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། ཞེས་གསུངས་པ་ལྟར་ཞི་གནས་བསྒོམ་པ་ལ་མི་སྤྲོ་བའི་ལེ་ལོ།  སྤྲོ་འང་གདམས་ངག་གི་གནད་དམིགས་པ་བརྗེད་ནས་མི་གསལ་བ།    དེ་མ་བརྗེད་ཀྱང་སྒོམ་པའི་ཚེ་བྱིང་བའམ་རྒོད་པའི་སྐྱོན་དུ་ཤོར་བ་དང་།  བྱིང་རྒོད་ཀྱི་སྐྱོན་དུ་ཤོར་བའི་ཚེ་དེ་སྤོང་བའི་གཉེན་པོ་འདུ་མི་བྱེད་པ།  བྱིང་རྒོད་ཞི་བའི་ཚེ།  རྩ་བའི་དམིགས་རྟེན་གྱི་ཐོག་ཏུ་བློ་མི་གཏད་པར།  བྱིང་རྒོད་ཞི་བའི་གཉེན་པོ་ལ་འདུ་བྱེད་པ་སྟེ། ལྔ་ནི་ཞི་གནས་ཀྱི་སྐབས་ངེས་པར་དུ་འདོར་དགོས།

སྤོང་བའི་འདུ་བྱེད་བརྒྱད་ནི།
བླ་མ་དང་ཆོས་ལ་ཡིད་ཆེས་པའི་དད་པ། ཆོས་དོན་གཉེར་གྱི་འདུན་པ། ཆོས་བྱེད་འདོད་ཀྱི་སྤྲོ་བ། འབྲས་བུ་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་ལ་འབད་པ་སྟེ། ཞི་གནས་བསྒོམ་པ་ལ་མི་སྤྲོ་བའི་ལེ་ལོའི་གཉེན་པོ་བཞི། གདམས་ངག་གི་དམིགས་པ་མི་བརྗེད་པའི་དྲན་པ་དང་། བྱིང་རྒོད་ཀྱི་སྐྱོན་བྱུང་མ་བྱུང་བྱ་ར་བྱེད་པའི་ཤེས་བཞིན་དང་། བྱིང་རྒོད་ངོས་ཟིན་ནས་དེ་སྤོང་བའི་གཉེན་པོ་ནི་སེམས་པ་སྟེ། བྱིང་ན་དམ་པའི་ཡོན་ཏན་དྲན་ཏེ་དགའ་བ་དང་། རྒོད་ན་འཁོར་བའི་སྐྱོན་དྲན་ཏེ་སྐྱོ་བའི་གཉེན་པོ་འདུ་བྱེད་པ་དང་། བྱིང་རྒོད་ཞི་བའི་ཚེའང་བྱིང་རྒོད་ཀྱི་གཉེན་པོར་ཧ་ཅང་འདུ་བྱེད་པའི་གཉེན་པོ་ནི་འདུ་བྱེད་གཏང་སྙོམས་ཏེ། བྱིང་རྒོད་ཞི་བའི་ཚེ་རྩ་བའི་དམིགས་པ་ལ་སེམས་རྣལ་དུ་འཇུག་པའོ།།

དེ་ལྟར་ཉེས་པ་ལྔ་སེལ་བ་དང་། སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པས་ཞི་གནས་བསྒོམས་པས་ཉམས་མྱོང་སྐྱེ་ཚུལ་རིམ་པ་ལྔ་འབྱུང་སྟེ། གནས་པ་དང་པོ་རི་གཟར་གྱི་འབབ་ཆུ་ལྟར་རྣམ་རྟོག་གཅིག་རྗེས་གཉིས་འཐུད་དུ་བྱུང་བས། བློ་ཆུང་དག་སྒོམ་མི་སྐྱེ་བར་འདུག་སྙམ་ཞིང་སྒྱིད་ལུག་པ་འབྱུང་བས། རྣམ་རྟོག་ངོས་ཟིན་གྱི་ཉམས་ཅེས་བྱ་སྟེ། སྔར་རྣམ་རྟོག་ངོས་མ་ཟིན་པ་ལ་སྒོམ་བྱས་པས་རྣམ་རྟོག་གི་རྐུན་པོ་ངོས་ཟིན་པ་ཡིན་པས་སྒོམ་སྐྱེ་བའི་སྔ་ལྟས་ཡིན་ནོ།།

དེའི་རྒྱུན་བསྒོམས་པས།
གནས་པ་གཉིས་པ་གཅོང་རོང་དོགས་མོའི་འབབ་ཆུ་ལྟར་རེས་འགའ་རྣམ་རྟོག་ཞི་མལ་སོང་བ་ལ། རེས་འགའ་རྣམ་རྟོག་ཐོལ་ལེ་བ་རེས་འཇོག་ཏུ་འབྱུང་བས། དེ་ལ་རྣམ་རྟོག་ངལ་གསོའི་ཉམས་ཞེས་བྱ།

ཡང་དེའི་རྒྱུན་བསྒོམས་པས།
གནས་པ་གསུམ་པ་ལུང་པ་ཕུ་གསུམ་གྱི་རྫིང་བུ་ལྟར་འགལ་རྐྱེན་གྱིས་མ་དཀྲུགས་པའི་ཚེ་སེམས་ཞི་མལ་དུ་གནས་སྙམ་བྱེད་ཀྱང་། རྐྱེན་ཅུང་ཟད་བྱུང་བའི་ཚེ་སེམས་གནས་སུ་མི་སྡོད་པས། དེ་ལ་རྣམ་རྟོག་ཐང་ཆད་ཀྱི་ཉམས་ཞེས་བྱ།

སླར་ཡང་དེའི་རྒྱུན་བསྒོམས་པས།
གནས་པ་བཞི་པ་རྒྱ་མཚོ་རླབས་དང་བཅས་པ་ལྟར་རྐྱེན་རྣམ་རྟོག་གི་རྦ་རླབས་ཅི་བྱུང་ཡང་། གཉེན་པོ་དྲན་ཤེས་ཅུང་ཟད་བསྟེན་ན་རང་ཡལ་དུ་འགྲོ་བས། དེ་ལ་རྣམ་རྟོག་འདུ་བྱེད་པའི་ཉམས་ཞེས་བྱ།

སླར་ཡང་དེའི་རྒྱུན་བསྒོམས་པས།
གནས་པ་ལྔ་པ་རྒྱ་མཚོ་རླབས་དང་བྲལ་བ་ལྟར་རྐྱེན་ཅི་ཙམ་བྱུང་ཡང་། གཉེན་པོ་དྲན་འཛིན་གྱི་འབད་པ་ཆེར་མི་དགོས་པར་རང་གི་ངང་གིས་ཏིང་འཛིན་ལྷུག་པོར་འཆར་བས། རྣམ་རྟོག་མངོན་པར་འདུ་མི་བྱེད་པའི་ཉམས་ཞེས་བྱའོ།། 


དེ་ལྟར་སེམས་འཇོག་པའི་ཐབས་གསུམ་དང་། སེམས་གནས་པའི་ཐབས་དགུ་དང་ལྡན་པས་ཇི་སྐད་བཤད་པའི་ཉམས་མ་བྱུང་གི་བར་དུ་སྒོམ་ལ། སླར་ཡང་དེའི་རྒྱུན་བསྲིང་སྟེ་བསྒོམ་ན་གནས་སྐབས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ། ལུས་ཤིང་བལ་ལྟར་ཡང་བ་དང་། སེམས་ཏིང་ངེ་འཛིན་ལ་གཏོང་འགྲོ་བཞག་གསུམ་རང་དབང་ཐོབ་པ་དང་། ཞི་ལྷག་ཟུང་འབྲེལ་གྱིས་བསྒོམ་ན་མཐར་གཏན་གྱི་བདེ་བ་ཡང་འདི་ལ་བརྟེན་ནས། ལས་དང་པོ་རྣམས་ཀྱིས་འདི་ཉིད་གནད་དུ་བཟུང་བར་ལེགས་སོ།།
ཁྲིད་ཡིག་དག་གཞིར་བཟུང་ནས་འཇམ་དབྱངས་མདོ་སྔགས་ཀྱིས་ཁམས་བྱེ་མ་ཐང་དུ་སྦྱར། ༢༠༡༩ / ༩ / ༡༣
                                   རྩོམ་སྒྲིག་པ། མྱི་གསར་བ།