རང་ལུས་ཀྱི་མགྲོན་པོ། ཞར་བཀོད་ལྔ།

    རྩོམ་པ་པོ། དབྱིངས།


རང་ལུས་ཀྱི་མགྲོན་པོ།
ཞར་བཀོད་ལྔ་ཡོད།

                  དབྱིངས། རྨ་ལྷོ་རྩེ་ཁོག
ག་དུས་ཡིན་ཡང 
ན་ཚ་དང་སྡུག་བསྔལ་ལ་སྐྲག་མི་སྲིད
འཆི་བ་ལའང་སྐྲག་མི་སྲིད 
ངས་འཆི་བདག་ལ་གྲོགས་བསྒྲིགས་ཟིན
 
ཡང་ན་རང་ལུས་འདོམ་གང་བོ 
ས་ཆུ་མེ་རླུང་གི་འབྱུང་བས་གྲུབ་པའི
དཀྱིལ་འཁོར་ཞིག་ཡིན་པ་གཞི་ནས་རྟོགས 
 
ནམ་ཞིག 
ས་ནི་སའི་དབྱིངས་སུ་འདྲེས 
ཆུ་ནི་ཆུའི་དབྱིངས་སུ་འདྲེས 
རླུང་ནི་རླུང་གི་དབྱིངས་སུ་འདྲེས 
མེ་ནི་མེའི་དབྱིངས་སུ
ཅིས་ཀྱང་འདྲེས་དགོས
 
ང་ཚོས་ཨུ་ཚུགས་ཇི་ལྟར་བརྒྱབ་ཀྱང 
ང་ཚོས་ཞེན་པ་ཇི་ལྟར་བྱས་ཀྱང
ང་ཚོ་ནི་རང་ལུས་ཀྱི་མགྲོན་པོ་ཁོ་ན 
 
འདང་བརྒྱགས་མང་པོ་ཞིག་གིས་ཅི་བྱ
འཆི་བ་ནི འཚོ་གནས་ཞིག་བརྗེ་བ་ཙམ
 
རྟོག་བཏགས་ཀྱི་ལུས་པོའི་ཕྱི་ནང་ལས 
ངལ་གསོའི་སྟེགས་བུའི་ཞིག་ཀྱང་མ་རྙེད་རུང 
སེམས་ཀྱི་ངོ་བོ་ནི་ངོ་བོ་ཡིན་ལ 
གདོད་མའི་གཤིས་ལུགས་ཀྱང་དེ་ཁོ་ན 
 
ནམ་ཞིག 
ཆེས་མཐའ་མའི་ལོག་མལ་དུ
དབྱིངས་རིག་སེམས་སུ་འདྲེས་ཚེ
ལུས་པོ་ནི་མགྲོན་ཁང་མ་ཡིན་ནོ།  

 
བདེན་པ་ལགས།

 
མཚམས་སྤྲིན་དང 
ལོངས་སྤྱོད་ཐམས་ཅད་མི་རྟག་པས་ཟོས་ཚེ 
ཁྱོད་ལ་སྐྱོ་ཡས་དང་སྡུག་བསྔལ་མེད་པར་ཞུ 
 
ཐ་ན སྤང་ཐང་ཡངས་པོར་སྐྱེས་པའི 
མེ་ཏོག་དང་སྐྱེད་མོས་ཚལ་དུ 
རང་ཉིད་ཀྱི་ཡོད་ཚད་སྔ་མོ་ནས་ཕུལ་ཟིན 
མཛེས་སྡུག་གི་བདེན་པ་ལགས 
 
རྟོག་བཏགས་ཀྱི་ལུས་པོ་དང 
ངོ་གདོང་དག་ཡང་རི་དང་ཆུ་བོ་ལ་ཕུལ་ཟིན 
 
འཇིག་རྟེན་ནི་སྐྱོ་གདུང་གི་ཕུང་བོ་སྟེ 
དབུགས་གཏོང་ལེན་གྱི་ཁོམ་པ་ཞིག་མེད་རུང 
 
སྟོན་ལྗོངས་སྐྱ་བོའི་ཁྲོད་དུ 
སྔར་བཞིན 
ཁྲུང་ཁྲུང་ཁྱུ་ཞིག་གི་འཕུར་ཤུལ་ནས 
རང་ཉིད་འཚོལ་དགོས། 

རྩེད་འཇོ།

ཆུ་ཆེན་གྱིས་སྤུར་བཏབ 
རི་ཆེན་གྱིས་ཧུས་བཏབ
རླུང་ཆེན་གྱིས་ཀི་བཏབ 
 
ཀི་གཅིག ཀི་གཉིས ཀི་གསུམ 
 
གླུ་ཨ་ལའི་དབྱངས་འགུགས 
གླུ་ཐ་ལའི་བྲོ་བརྒྱགས 
སྟང་སྟབས་འཁྱུག་ཙམ་འཁྱུག་ཙམ 
ལྡེམ་མྱུར་གློག་ཞགས་འཕྲོ་འཕྲོ 
 
ཕུག་བསམ་དང་རྨི་ལམ་གྱི་ཐ་སྙད
རྒུད་ཅིང་སྟོང་པར་གྱུར 
 
རྟོག་སད་པས་ངུ་ཤུམ་བྱེད 
དྲང་སྲོང་ནི་སྐྱོ་གདུང་གིས་མནོན 
རྒྱུ་མཚན་ཁོ་ཚོའི་སེམས་ཀྱི་ཀློང
མ་འོངས་པ་རུམ་འདུག་པས 
 
སང་ཉིན་གྱི་འཆར་ནུབ་ལ་སེམས་ཁྲལ་བྱེད།


འོད་ཟེར་འཚོལ་བ།
 
ཅོང་བརྡ་གྲག་པའི་མཇུག་ཐོག 
ང་རང་མལ་ནས་ལྡང 
 
དེ་རིང མཚན་མོ་དང་འདྲ་བར
འོད་ཅུང་ཙམ་ཡང་མི་འདུག 
 
ངས་འཇིག་རྟེན་གྱི་འོད་འཚོལ་དགོས 
བདེ་བ་དང་འདྲ་བའི་ལོངས་སྤྱོད་འཚོལ་དགོས 
ངས་གང་དུ་འཚོལ་ལ་ཅི་ལྟར་འཚོལ  
 
ནམ་གུང་དང་འདྲ་བའི་ཉིན་མོ་འདིར 
འུག་པ་ལྟ་བུ་ང་ཁོ་ནས་ག་ལ་ཚད 
མགོ་ཡོད་ཀྱང་སྒལ་ཚིགས་མེད་པ་དེ་དག 
ཤ་ཡོད་ཀྱང་རུས་པ་མེད་པ་དེ་དག 
 
ཁ་དཔེར
མུན་པ་འཐིབས་ན་ལྟས་ངན་དུ་བརྩི་སྲིད་པས 
ངས་ཅི་ནས་ཀྱང་འོད་འཚོལ་དགོས 
 
ཕྱོགས་བཞི་དང
མཚམས་བརྒྱད་དུ་བཙལ 
སྟེང་དང་འོག་ཏུ་བཙལ  
 
ཡིད་དུ་འོང་པའི་ཉི་མ 
ཤར་ཕྱོགས་སུ་འཆར་སྲིད་ཀྱང 
ཤར་ཕྱོགས་ནི་མུན་པས་གཡོགས་འདུག 
 
དེ་དུས་ལྡོག་ཕྱོགས་ཀྱི་ཉག་གར་འཁྱུག་ཙམ་ནི 
ཉི་མ་ནི་སྔ་མོ་ནས་ཚང་མལ་དུ་ལོག་འདུག་ཨང་། 

རྟོག་བཟོའི་བྱེའུ་ཆུང་།
 
ཞོགས་པའི་ཉི་ཟེར་ཁྲོད་དུ
བྱེའུ་ཞིག་རྟོག་བཟོ་བྱས 
གཤོག་པ་ཞིག་རྟོག་བཟོ་བྱས 
གཤོག་པ་དེར་སྟོབས་ཤུགས་ཞིག་རྟོག་བཟོ་བྱས
གཤོག་པ་དེར་སྒྲོ་མདངས་ཞིག་ཀྱང
རྟོག་བཟོ་བྱས 
 
བློས་ཞིབ་ཏུ་དཔྱད་ན
རྩལ་ལྡན་གྱི་བྱེའུ་དེ
གང་དུ་འཕུར་དགོས 
 
བྱེའུ་དེ་འཕུར་སའི་གནས་མེད་པར
སེམས་ཁྲལ་གྱི་ཁུར་བོ་ཤིན་ཏུ་ལྕི 
 
ཁོ་རང
གང་དུ་འཕུར་དགོས
 
མཐའ་མེད་པའི་རྒྱ་མཚོ 
རྒྱ་ཆེ་བའི་ནགས་ཚལ 
བརྗིད་ཆགས་པའི་རི་བོ 
མཛེས་པ་ཡི་ཉི་ཟླ 
གང་དུ་འཕུར་དགོས  
 
གལ་སྲིད 
འུ་ཅག་གི་མགོ་ན་གནས་པའི 
ནམ་མཁའི་དབྱིངས་སུ་འཕུར་ན 
གཞན་གྱིས་འཕྱ་སྲིད་པར་གདོན་མི་ཟ 
 
འཕྱ་མི་སྲིད་ཀྱང
ནམ་མཁའ་འདི
གས་ཆག་བྱུང་ནས་འཐོར་འགྲོ།  
 

སེམས་ཀྱི་ཁང་བ།
 
ངའི་སེམས་སུ
འདང་རྩིས་ཆེ་བའི
ཁང་བ་ཞིག་ཡོད 
 
སྒེའུ་ཁུང་བཞི་དང
སྒོ་གཅིག་ཅན་གྱི་ཁང་བ་ཞིག་ཡོད 
ཆེ་རྒྱུ་མེད་ལ་ཆུང་རྒྱུ་ཡང་མེད་པའི 
ཁང་བ་ཞིག་ཡོད 
 
ཁང་བའི་ནང 
ངའི་དོན་ལྔ་སྣོད་དྲུག་བཀལ་ཡོད 
ཤ་དང་རུས་པ་བཞག་ཡོད 
མཛུབ་མོ་དང་སྐྲའི་ཉག་མ་ཡང་འདུག
 
སྒེའུ་ཁུང་བཞི་ཡི
ཕྱོགས་མི་འདྲ་བ་བཞི་ལས 
འོད་ཟེར་མི་འདྲ་བ་བཞི་འཕྲོས 
 
ངོ་ཚའི་འོད་ཟེར་ལྗང་གུ 
ལ་རྒྱའི་འོད་ཟེར་དཀར་པོ 
ཚུགས་ཐུབ་ཀྱི་འོད་ཟེར་སེར་པོ 
ཤེས་རབ་ཀྱི་འོད་ཟེར་དམར་པོ  
 
གཅིག་ཏུ་བསྡམས་རྗེས 
འོད་ཟེར་དམར་སེར་ཞིག་གྲུབ
དེའི་མིང་དུ“མི་གཞི”འབོད། 


                 རྩོམ་སྒྲིག་པ། མྱི་གསར་བ།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease