གལ་ཏེ།

    རྩོམ་པ་པོ། གསོན་འདྲེ།


གལ་ཏེ།
ཞར་བཀོད་གསུམ།


              གསོན་འདྲེ།



གལ་ཏེ་

ང་ལ་གནམ་མཁའི་བྱ་རྒྱལ་འདྲ་བའི་གཤོག་ཟུང་ཞིག་ཡོད་ན་

སྤྲིན་གྱི་བང་རིམ་འཕྲེད་དུ་བཅད་ནས་ཁྱེད་ཀྱི་གན་དུ་བཅར་ན་འདོད

 

གལ་ཏེ་

ང་ལ་ཅང་ཤེས་རྟ་ཕོ་དང་མཉམ་པའི་བང་རྩལ་ཞིག་ཡོད་ན་

རི་ལུང་ཐང་གསུམ་རྒྱུད་ནས་ཁྱེད་ཀྱི་དྲུང་དུ་ཡོང་ན་འདོད་

 

གལ་ཏེ་

ང་ནི་བར་དོ་རྣམ་ཤེས་ལྟ་བུ་ཐོགས་མེད་དུ་རྒྱུ་བ་ཞིག་ཡིན་ན་

སྐད་ཅིག་དེ་ཉིད་ལས་ཁྱེད་ཀྱི་གན་དུ་འཁོར་ན་འདོད་


གནས་འདི་རུ།


གནས་འདི་རུ

སྤང་ཁུག་རེ་རེའི་ནང་

འདོད་རྩལ་དབེན་པའི་

འབྲོག་མོ་ཞིག་དང་མལ་སར་ཕབ་པའང་གྲངས་ཉུང་མིན།

 

གནས་འདི་རུ

རྐང་ཚི་སྐྱུར་རུ་རུ་བྲོ་ཞིང་

བྲང་གཞོང་ལག་མཐིལ་མཉམ་པའི

འབྲོག་མོ་ཞིག་གི་རྐུབ་ལ་བལྡགས་པའང་ལན་ཉུང་མིན།

 

གནས་འདི་རུ

ནམ་ཚོད་རེ་རེ་ལ

ཆགས་པའི་མེ་སྟེགས་བར

འབྲོག་མས་ང་ལ་བདེ་ཞིང་དུ་ཁྲིད་པའང་གྲངས་ལས་འདས།


ཁྱེད་བྱོན་པ།

འདྲེས་མེད་རྒྱུས་ཡོད་ཁྱེད་བྱོན་པ་དེས།

ངའི་སེམས་རྩའི་ལྡང་འགྲོས་ཇེ་འགྱོགས་བཏང་།

ངའི་ལུས་ཀྱི་ལྷུ་ལག་ལ་ཚ་བེར་བསླངས།

ངའི་མི་ཚེའི་གཏམ་རྒྱུད་མགོ་མཇུག་སློག

ངའི་འཚོ་བའི་ཁ་ཕྱོགས་སྟེ་འོག་བསྒྱུར།
              རྩོམ་སྒྲིག་པ། འཕགས་མི།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

Signature is customized by Netease