ཤོ་ལོ་ཀ་བརྒྱ་དང་བརྒྱད་ཅན་གྱི་དུངས་བརྗོད་རིང་མོ།

    རྩོམ་པ་པོ། འཕན་འོ་མཚོ།


དུངས་ཕྲེང་དམར་པོ།
     ཤོ་ལོ་ཀ་བརྒྱ་དང་བརྒྱད་ཅན་གྱི་དུངས་བརྗོད་རིང་མོ།

               འཕན་འོ་མཚོ། མཛོད་དགེ།
༼  སྔ་དུམ།  ༽
 
 ༠
བཀོད་པ་གཡུང་དྲུང་ཀློང་དུ།།
རྟག་བརྟན་རྒྱལ་བའི་ཡུམ་གཅིག །
བརྩེ་ཆེན་དབྱངས་ཀྱི་ལྷ་མོས།།
གདུང་བའི་བུ་ལ་གཟིགས་ཤིག །

ལས་དབང་ལྷ་ལ་བཅོལ་ཡོད།།
དུང་བ་མི་ལ་གཏད་ཡོད།།
འཁོར་བ་སྐྱིད་སྡུག་གླིང་ལ།།
རེ་ཞིག་འཁོར་ན་བསམ་བྱུང་།།

སྙིང་སྡུག་སྙིང་གི་སྲུབས་ཀར།།
རྒྱུན་གྱི་སྐལ་བར་ཐོབ་ན།།
སྐད་ཅིག་འཁོར་བའི་བདེ་སྐྱིད།།
གཏན་གྱི་འདུན་མར་ལོས་འཛིན།།

བརྩེ་བ་སེམས་ལ་ཡོད་ན།།
དུང་བ་ཀུན་ལ་མ་བསྒྲགས།།
མི་ཁ་བདུད་ཀྱི་བུ་མོར།།
སྙིང་རྗེ་ཟེར་བ་མི་འདུག །

ལྷད་མེད་སེམས་གཏམ་དྲོན་མོ།།
ཐུག་ཐུག་ཀུན་ལ་མ་གླེང་།།
བརྩེ་བ་ཕྱི་ཐག་ཅན་པོར།།
ད་གཟོད་གླེང་ན་འགྲིག་ཡོད།།

འདོད་པའི་བུད་མེད་ཟེར་བ།།
འཁོར་བའི་རྟིང་ཕུར་ལགས་ཀྱང་།།
མཛེས་མ་རིག་རིག་ཀུན་ལ།།
ཡང་ཡང་ལྟ་དགོས་བྱུང་གི།།

བརྩེ་བ་གཡང་གི་རུ་མ།།
དུང་བ་ཐུལ་དཀར་འོ་མ།།
ལས་མཐུན་ཙན་དན་གཞོང་བར།།
བསྙལ་ནས་ཞོ་རུ་འཁྱག་ཆོག །

སེམས་འདྲིས་བྱམས་པ་ངེད་གཉིས།།
བ་སོའི་ཐུར་མ་ཆ་ཞིག །
མི་ཚེའི་དཀར་ཡོལ་ནང་ལ།།
སྔ་ཐུག་ཕྱི་ཐུག་བརྒྱག་འགྲོ།།

བརྩེ་དུང་ཆུ་དང་འོ་མ།།
ཐབ་ཐོག་གཅིག་ལ་གདུས་ཡོད།།
མི་ཁ་ཇ་རགས་སྤར་གང་།།
བཏབ་ཀྱང་རང་མདངས་མི་འགྱུར།།

སྙིང་སྡུག་གངས་ལྷ་མེ་ཏོག །
མེ་ཏོག་ནང་གི་མཆོག་ཡིན།།
བྱམས་པ་སེམས་ཀྱི་རྒྱན་ཆ།།
རྒྱན་ཆའི་ནང་གི་ཕྲ་ཡིན།།
༡༠
ཐལ་དཀར་བ་སོའི་ཐུར་མ།།
སྲབ་འཇམ་དཀར་ཡོལ་འབྲུག་མ།།
འབྱུང་ཡུལ་རྒྱ་གར་རྒྱ་ནག །
འཛོམས་པ་བོད་པའི་ཡ་ཁྱིམ།།
༡༡
ལྷ་ཤིང་ཙན་དན་ཌ་རུ།།
ཀླུ་ཤིང་བྱུ་རུའི་ཕྲ་རྒྱན།།
སྐྱེ་ས་མཚོ་སྟེང་མཚོ་འོག །
འཛོམས་པ་ཨ་མཆོད་ཕྱག་རེད།།
༡༢
འདྲིས་པའི་གོ་སྐལ་ཐུང་ཐུང་།།
སྟེས་དབང་ཙམ་ཞིག་མིན་ངེས།།
ཚེ་སྔོན་ལས་འབྲས་དཀར་རོ།།
ད་ལྟ་སྨིན་པ་ཡིན་སྙམ།།
༡༣
རང་མཐུན་རོགས་ལོ་ཆ་དེའི།།
བརྩེ་དུང་འབྲི་ལྔའི་བསིལ་ཆང་།།
ཟླ་རེ་འགྱངས་ན་ཇེ་དྭངས།།
ལོ་རེ་འགོར་ན་ཇེ་ཞིམ།།
༡༤
གསར་སྐྱེས་རི་མགོའི་སེར་ཆེན།།
བཅོས་མའི་འཛུམ་ཕྲེང་མ་ངོམ།།
ཆུང་འདྲིས་གངས་ལྷ་མེ་ཏོག །
སྙིང་གི་རྒྱན་ཆར་བཀོད་ཡོད།།
༡༥
བརྩེ་དུང་སྦྲང་རྩིའི་མངར་ཁ།།
མྱོང་འདོད་སྔར་ནས་མཆིས་ཀྱང་།།
རྩི་འཛིན་གངས་ལྷ་མེ་ཏོག །
སྐྱེ་བའི་དུས་སྐལ་འགྱངས་སོང་།།
༡༦
སེམས་ཀྱི་བྱམས་པ་གང་དེར།།
སྙིང་གཏམ་འཆད་རྒྱུ་མ་དོགས།།
དུས་དང་བསྐལ་བ་འགྱངས་ན།།
གཞན་པར་འགྲོག་ཉེན་ཆེ་བཞག །
༡༧
བྱམས་པ་སེམས་ལ་བབ་འདི།།
མོ་སྒོ་ཙམ་གྱིས་མིན་ངེས།།
ཕྱི་ཐག་རིང་བ་དེ་དང་།།
གཤིས་རྒྱུད་འཇམ་ནོ་ཡིན་འདྲ།།
༡༨
རོགས་དེའི་བརྩེ་བ་ཨེ་ཟབ།།
རང་གི་དུང་བ་ཨེ་མཐུག །
བརྩེ་དུང་རྣམ་དག་ཆ་གཅིག །
ལྷན་འདུག་འཚོ་བའི་སྐྱིད་ཡིན།།
༡༩
བྱམས་པ་དུང་ཟླའི་དཀྱིལ་འཁོར།།
མཁའ་ནས་དགོད་པ་ཨེ་བྱུང་།།
སྙིང་སྡུག་ཀུ་མུད་ན་ཆུང་།།
དོག་ནས་འཛུམ་པ་བྱུང་ཡོད།།
༢༠
སེམས་རྟེན་བྱམས་པ་ཡོད་ན།།
སྙིང་སྡུག་ལྷག་མ་མ་འཚོལ།།
གནས་སྐབས་ཨ་གསར་དེ་ཡང་།།
ཡུན་གྱིས་ཕུང་བའི་གཞིར་འགྲོ།།
༢༡
སྙིང་སྡུག་ལྷག་མ་ཞིག་ལ།།
ཚོར་སྣང་ལྷག་མ་ཡོད་རུང་།
ཕྱི་ཐག་མེད་པའི་གྲོགས་དེ།།
ཕུགས་ཀྱི་གཏད་སོ་མི་ཉན།།
༢༢
ཐོབ་ཐང་མི་རྟག་འཇའ་ཡིན།།
རྒྱུ་ནོར་སྐད་ཅིག་གློག་ཡིན།།
བརྩེ་དུང་ལྷད་མེད་ཅིག་ལ།།
གང་གིས་འགྲན་ཡ་མི་ཡོང་།།
༢༣
རང་ལ་བརྩེ་བའི་སྙིང་གྲོགས།།
རང་ལས་ལྷག་པར་གཅེས་དགོས།།
ཕན་ཚུན་བརྩེ་འདང་ཅན་པོར།།
འཁོར་བ་དགོད་སྒྲའི་གླིང་ཡིན།།
༢༤
བརྩེ་བ་བཤད་ཁ་ཅན་པོར།།
དུང་བ་ཁོག་ལ་ཡོད་དཀའ།།
བརྩེ་དུང་ཁ་ཁོག་ཅན་ཞིག །
ཡིད་བཞིན་ནོར་ལས་དཀོན་འདུག །
༢༥
རང་ལ་དབང་བའི་བྱམས་པར།།
ཁྲེལ་མེད་མགོ་སྐོར་མ་གཏོང་།།
མི་ཚེ་གློག་གི་འཁྱུགས་འགྲོས།།
སྐད་ཅིག་དེ་བས་ཟད་འགྲོ།།
༢༦
རྒྱུ་དང་ནོམ་པ་མེད་ཆོག །
ཡག་དང་འཕྱོར་རྩ་བྲལ་ཆོག །
སྙིང་ནས་སྐྱ་ཡར་བྱམས་ན།།
ཁྱིམ་ཚང་སྐྱིད་པའི་གཞི་མ།།
༢༧
སྐབས་ཐོན་དྲྭ་ལམ་ངོས་ཀྱི།།
སྙིང་གཏམ་བདེན་པར་མ་འཛིན།།
དོན་གྱི་བརྩེ་བ་ཡོད་མེད།།
ཡུན་ནས་མ་འགྲོགས་མི་ཤེས།།
༢༨
སྐད་འཕྲིན་སྐུད་ལམ་སྣེ་རུ།།
བརྩེ་བ་གླེང་གླེང་ཚིག་མིན།།
དུང་བ་རིག་རིག་དངོས་མིན།།
ཀུན་གྱིས་གཟབ་གཟབ་གནོང་དགོས།།
༢༩
ལག་ན་ལས་ཀ་ཀུན་འཛོམས།།
སེམས་ན་རྒྱུ་འབྲས་རང་འཁོར།།
བྱམས་པ་དེ་འདྲ་མཆིས་ན།།
བརྒྱ་དང་སྟོང་གི་ཕུད་ཡིན།།
༣༠
ནོར་དང་འཚོ་བའི་ཡོ་ཆས།།
མེད་ཀྱང་འཚོལ་ཐབས་བྱ་ཆོག །
སེམས་དང་བསམ་པའི་སྙིང་སྡུག །
ཤོར་ན་དོ་ཡ་གཞན་དཀོན།།
༣༡
འཚོ་བ་རོལ་ཐབས་མ་ཤེས།།
འཁོར་བ་དམྱལ་བའི་ཟངས་ཡིན།།
འཚོ་བ་རོལ་ཐབས་ཅན་པོར།།
འཁོར་བ་བདེ་ལྡན་ཞིང་ཡིན།།
༣༢
འཚོ་བ་དགའ་སྡུག་སྐྱོ་གསུམ།།
མི་ཚེ་རྨི་ལམ་ཐེངས་གཅིག །
ལས་དབང་རི་མོ་འགྲིག་ན།།
མི་མཐུན་བསམ་པ་མི་དགོས།།
༣༣
མི་རིགས་མི་གཅིག་ཁ་ཁ།།
སྐད་ཡིག་མི་འདྲ་སོ་སོ།།
ཕན་ཚུན་བརྩེ་བ་ལྡན་ན།།
གར་འགྲོག་གར་མཐུན་ལས་ཡིན།།
༣༤
སྙིང་དང་འདྲ་བའི་བུ་མོར།།
ལུས་སེམས་གཤིབ་རྒྱུ་བྱུང་ན།།
རྒྱ་སྡེའི་མི་ཁར་མ་སྐྲག །
སྟོང་སྡེའི་བྲ་མཆུར་མ་སྡུག །
༣༥
བྱམས་པ་མིག་ཡ་འདྲ་བོར།།
ལྷན་འགྲོག་སྐལ་བ་ལྡན་ན།།
རྩམ་སྐྱ་འགམ་ཡང་ལུས་བདེ།།
ཆུ་འཁྱག་བཏུང་ཡང་སེམས་དྲོན།།
༣༦
ལོ་ཆང་ཁམ་པ་འཐུང་ཡང་།།
གདུང་བའི་བཟི་ཁ་མི་སྟེར།།
བྱམས་པའི་ཟུར་མིག་གཅིག་གིས།།
ལོ་འགར་ར་རོར་གྱུར་སོང་།།
 
 
༼   བར་དུམ།   ༽
 
༣༧
མཆུ་སྒྲོས་བིམ་པའི་སྙིང་ཁུ།།
འཇུབ་ཀྱིན་འཇུབ་ཀྱིན་ཞིམ་འགྲོ།།
ཞལ་རས་སྟོན་ཟླའི་དཀྱིལ་འཁོར།།
ལྟ་བཞིན་ལྟ་བཞིན་མཛེས་ཡོང་།།
༣༨
དྲན་གདུང་སེམས་ཀྱི་དབྱངས་རྟར།།
ཉན་གྱིན་སུན་པ་མི་འདུག །
སྐུ་ལུས་ཙ་རིའི་སྨྱུག་མར།།
འབྲེལ་བའི་ཚིམས་པ་མ་བྱུང་།།
༣༩
ཁྱོད་ཀྱི་བརྩེ་བ་ལྷད་མེད།།
ང་ཡི་དུང་བ་འགྱུར་མེད།།
བརྩེ་དུང་ཆུ་གཏིང་གོར་མ།།
བསྐལ་བར་མི་འགྱུར་མི་འབངས།།
༤༠
ཚེ་གཅིག་སྙིང་གི་སྐྱ་ཡར།།
ཁྱོགས་འཁོར་བླུ་རིན་དབེན་ཡང་།།
གསེར་དངུལ་ཁུག་ཡོན་མེད་ཀྱང་།།
ཁྲེལ་མེད་མ་བྱེད་དེས་ཆོག །
༤༡
སྟོང་གི་ནང་ནས་བསལ་བའི།།
བརྒྱ་ཡི་ནང་ནས་བདམས་པའི།།
མཛེས་མ་བྱུ་རུའི་ཕྲེང་བ།།
སྙིང་སྡུག་ཕྲེང་དཔོན་དེ་ཡིན།།
༤༢
ཆེན་པོས་གསུང་གསུང་དབང་རེད།།
ཕལ་བས་བཤད་བཤད་རྒྱུ་རེད།།
དབང་ནོར་རྩོད་རྩོད་མེད་པའི།།
བུ་ངས་གླེང་གླེང་ཁྱོད་ཡིན།།
༤༣
སྙིང་སྡུག་གཤིས་རྒྱུད་བལ་ཡིན།།
ཁ་ཆུ་བལ་གྱི་འཇམ་ཡིན།།
བྱམས་པའི་ཕྱི་ཐག་ཆུ་ཡིན།།
རྨ་འབྲི་ལི་མའི་རིང་ཡིན།།
༤༤
ལོ་ཟླ་ཉིན་གྱིས་ཟ་ཞིང་།།
ཉིན་མཚན་དུས་ཀྱིས་ཟད་ཀྱང་།།
ཁྱོད་ལ་གདུང་བ་གཅིག་བུ།།
འགྱུར་མེད་ཨ་སྔོན་གནམ་ཡིན།།
༤༥
ཡིད་འཇོ་ཁྱོད་ལ་གང་མཁོ།།
ཁྱོད་ལ་འདི་དགོས་ཡོད་ན།།
དགུ་ཚིགས་སྐྱ་མོའི་ལམ་གྱི།།
རྒྱུ་སྐར་ཡིན་ཡང་ལེན་ངེས།།
༤༦
སྙིང་དང་འདྲ་བའི་རོགས་ལོར།།
གདུང་བའི་བརྡ་དང་རྟེན་མ།།
ཚིག་གསུམ་བཤད་པ་མེད་ཀྱང་།།
ཡ་ཆུང་སེམས་ལ་དོད་ཡོད།།
༤༧
ཆུང་འདྲིས་མེ་ཏོག་ཆ་གཅིག །
ལུག་ཁྱུའི་འདབ་ནས་བཞད་སྣང་།།
ཕ་མའི་བཀའ་བཀྱོན་བཙན་པོས།།
རང་མཐུན་ཕྲལ་བ་མ་གཏོང་།།
༤༨
སྐྱེས་གཟུགས་ཡག་མིན་མ་ལྟ།།
གཤིས་རྒྱུད་འཇམ་མིན་ལྟོས་ཤིག །
ལོ་དང་ཟླ་བ་འགྱངས་ན།།
ལང་ཚོའི་རང་མདངས་འགྱུར་འགྲོ།།
༤༩
རྐང་བ་མ་དཀྱགས་གོང་ལ།།
རྡོག་པ་རྡོ་ལ་ཐོགས་ཞེས།།
ལག་ལས་རི་མོ་བྲལ་བའི།།
བཤད་ཁ་ཅན་ཚོ་མ་རློམས།།
༥༠
མཛེས་མ་ལྷ་མོ་ལྷ་རེད།།
གཏད་ཚུགས་མེད་ལ་འཇའ་རེད།།
ཕྱི་ཐག་ཐུང་ནོ་གློག་རེད།།
དེ་འདྲ་སྐྱ་ཡར་མ་ཡོང་།།
༥༡
སྟག་ཤར་སྟོབས་ཆེན་གཡག་རེད།།
སྙིང་ཁམས་ཆུང་བ་ཤིག་རེད།།
བློ་འགྱུ་མང་ནོ་རླུང་རེད།།
དེ་འདྲ་བཟའ་ཟླ་མི་ཉན།།
༥༢
དང་ཐུག་ཟ་ལ་ལྡག་ལ།།
བར་དུ་ཤེས་མེད་ཚོར་མེད།།
མཐའ་མར་མི་རིག་མི་མཐོང་།།
དེ་འདྲར་ཡོད་ཚད་མ་གཏད།།
༥༣
བརྩེ་བ་ཁོག་ལ་མེད་ན།།
ཁ་ཡི་དུང་བར་ཅི་རློམ།།
བཤད་ཚད་ཆུ་ཡི་གཉེར་མ།།
འགྱུ་བ་གློག་གི་ཞགས་རེད།།
༥༤
སྙིང་སྡུག་གོམ་ཁ་རླུང་རེད།།
བུ་ངའི་སེམས་ཁ་དར་རེད།།
རླུང་བུ་གཡུག་ཕྱོགས་རེ་ལ།།
དར་ལྕེ་སྐྱོད་འདི་ལས་རེད།།
༥༥
སེམས་དང་བསམ་པའི་འཁོར་ཕྱོགས།།
གཅིག་ཏུ་མཐུན་པ་མིན་ན།།
ཐུང་ཐུང་ཡུན་གྱི་འབྲེལ་འདྲིས།།
མི་ཚེ་གཅིག་ལ་འཁྱོལ་དཀའ།།
༥༦
ཨ་གསར་ཅན་པོའི་སྣང་ངོར།།
དང་ཐོག་བྱམས་པ་ལྷ་ཡིན།།
བར་དུ་བྱམས་པ་མི་ཡིན།།
མཐའ་མར་བྱམས་པ་འདྲེ་ཡིན།།
༥༧
བྱམས་པ་ལྷ་འདྲེ་མིན་ཡང་།།
རང་སེམས་ལྷ་འདྲེ་འགོང་བུ།།
དུས་རེ་འགོར་ན་ཇེ་ངན།།
ལོ་རེ་བསྡད་ན་ཇེ་རྩོག །
༥༨
པད་མོ་གསར་ཞེན་ཆེ་བ།།
གཡུ་སྦྲང་མྱུལ་དགའ་ཆེ་བ།།
སྦྲང་ཆུང་འཕུར་ཤུལ་ཞིག་ལ།།
སྦྲང་རྩི་གཞན་ལ་མ་གཏོད།།
༥༩
ཕྱི་རོལ་རྒྱལ་ཁམས་མྱུལ་རོགས།།
མི་འབྲལ་གྲིབ་མ་ནག་རིལ།།
ནང་རོལ་དྲན་པའི་ཁྱིམ་ལ།།
འདུག་རོགས་བྱམས་པའི་བརྙན་རེད།།
༦༠
ཆ་མེད་ལ་ལུང་འགྲིམ་དུས།།
ཚེས་ཆེན་བཅོ་ལྔའི་དུང་ཟླ།།
མགོ་བོ་བཀྱགས་ཙམ་མཇལ་འདི།།
སྙིང་སྡུག་ཡིན་ན་སྐྱིད་པ།།
༦༡
འདུ་བྲལ་སྒྱུ་མའི་ཞིང་འདིར།།
གཏན་དུ་འཛོམས་ཞེས་མེད་མོད།།
ལོ་འགར་འགྲོག་ཐབས་བྱུང་ན།།
དགའ་བའི་སྤྲོ་བ་ལོས་བརྟས།།
༦༢
ཁ་རྒྱན་བུམ་པའི་མེ་ཏོག །
མཛེས་ཀྱང་དྲི་བསུང་མི་འཐོར།།
གནས་མ་བུ་ཁྲིད་ཅན་ཚོ།།
སྒེག་ཀྱང་རྩེ་འདོད་མ་འཛིན།།
༦༣
བྱམས་པར་མ་ཐུག་དུས་ལ།།
ཁ་པར་གཅིག་གཏོང་གཉིས་གཏོང་།།
བྱམས་པ་གམ་ན་ཡོད་ཚེ།།
འཆད་རྒྱུ་ལྷག་མ་མི་འདུག །
༦༤
སྨན་ཤར་བརྒྱ་ཚོགས་སྟོང་འདུས།།
མི་ཚོགས་ཁྲི་མ་འབུམ་རེད།།
བྱམས་པ་མེད་པའི་ཁྲོམ་དེར།།
ལྟ་དགོས་སེམས་འགྱུ་མ་བྱུང་།།
༦༥
སྐྱེས་པ་སྐྱེས་མར་གདུང་བ།།
སྲིད་པའི་ཆོས་ཉིད་ལགས་སོ།།
སྐྱེས་མ་སྐྱེས་པར་ཞེན་པ།།
འཁོར་བའི་འཁོར་ཕྱོགས་ཡིན་འདྲ།།
༦༦
དྲི་མེད་སེམས་ཀྱི་ཤེལ་བུམ།།
སྙིང་སྡུག་ལྷ་མོར་ཕུལ་ཡོད།།
དེ་ཡི་བརྩེ་བ་དམུ་ཡད།།
གང་དེར་གཏད་དང་འཆུག་མེད།།
༦༧
བརྩེ་བ་ཐུལ་དཀར་འོ་མ།།
དུང་བ་རྫ་ཆབ་བསིལ་མ།།
བརྩེ་དུང་འོ་ཆུ་འདྲེས་ན།།
ཁ་ཁ་བྱེད་རྐྱང་མ་རེད།།
༦༨
གློག་སྒྲོན་མེད་པའི་མཚན་མོ།།
ཐུན་གསུམ་ལོ་གསུམ་འདས་འདྲ།།
བྱམས་པ་མེད་པའི་ནམ་ཟླ།།
ནམ་ཟླ་ལོ་ཟླ་འཁོར་འདྲ།།
༦༩
དགུན་གསུམ་གྲང་ངར་བཙན་པོ།།
ཚེར་མའི་རྩང་གི་རྣོ་རེད།།
ལུས་འདིའི་མགོ་མཇུག་གཙགས་ཚེ།།
སྙིང་སྡུག་ཨེ་འཁྱག་དོགས་ཡོད།།
༧༠
དབྱར་གསུམ་ཚ་ངད་དྲག་པོ།།
མེ་ལྕེའི་དབལ་གྱི་ཚ་རེད།།
བྱང་ཁོག་ཚད་པས་མནར་དུས།།
བྱམས་པ་ཨེ་དྲོ་བསམ་བྱུང་།།
༧༡
སེམས་པ་གྱང་ཁའི་རྩྭ་ཕྲན།།
གཏན་ཚིགས་ཟེར་རིན་མེད་མོད།།
དུངས་བ་རུས་རྐང་དྲོན་མོ།།
རིན་དང་གོང་གིས་མི་ཁུག །
༧༢
ཚུར་ལ་ཚིག་གཅིག་ལབ་ན།།
ཕར་ལ་ལན་དགུ་མ་སློངས།།
ཕྱི་ཐག་ཅན་གྱི་བྱམས་པར།།
ཁོ་ཐག་ཆད་ཀི་མ་འཇུག །
༧༣
ཁྲི་ཐུབ་ངང་བ་ཕོ་མོ།།
ཆ་དང་ཆ་ནས་ལྡིང་བ།།
འདབ་ཆགས་བྱ་ལུས་ཡིན་ཡང་།།
བརྩེ་བ་འོ་མའི་མཚོ་རེད།།
༧༤
སྟོང་ཐུབ་ཕོ་རོག་ནག་ཆུང་།།
ལུས་དེར་མཛེས་པ་དབེན་ཡང་།།
འགྱུར་མེད་འདང་བརྩེ་ཟབ་མོས།།
ཚེ་གྲོགས་གཅིག་གིས་གཅིག་སྐྱེལ།།
 
 
༼   ཕྱི་དུམ།   ༽
 
༧༥
བྱེའུ་ཆུང་མཐེབ་རྡོག་འདྲ་ཚོ།།
རྒྱ་ལྕང་ཡལ་ག་དེ་རུ།།
ཆ་ནས་ཉི་མར་ལྡེས་ཏེ།།
གཅིག་ཤིག་གཅིག་གིས་འཐུ་འགྲོ།།
༧༦
སྲིན་འབུ་ཤིག་ལྕི་འདྲ་ཡང་།།
གཅིག་རྒྱབ་གཅིག་ལ་ཁེལ་ནས།།
དུང་ཐུང་དབྱར་དཔལ་བསུ་ལ།།
དགའ་སྣང་དེ་འདྲ་ཆེ་བ།།
༧༧
འཇོག་པོའི་གཙུག་གི་ནོར་བུ།།
ཀླུ་ཁམས་ཡོངས་ཀྱི་དབྱིག་རེད།།
སྨན་ཆུང་ལྕུག་ཕྲན་འདྲ་བོ།།
སྟག་ཤར་གཞོན་ནུ་སྙིང་རེད།།
༧༨
ལྷ་དབང་ཕྱག་གི་གཞུ་མོ།།
ལྷ་ཡུལ་མཛེས་པའི་རྒྱན་རེད།།
སྟག་ཤར་སྟག་ཕྲུག་འདྲ་བོ།།
སྨན་ཆུང་བུ་མོའི་མིག་རེད།།
༧༩
མཛེས་སྡུག་གངས་ལྷ་མེ་ཏོག །
སྐྱེ་ས་རི་གསུམ་རྩེ་རེད།།
མི་འདོད་མི་ཁ་རྩུབ་མོ།།
བབ་ས་རང་མགོའི་ཐོད་རེད།།
༨༠
བ་ལུ་སུར་དཀར་སྡོང་བོ།།
ཡར་སྐྱེས་རྩ་བ་སྨན་རེད།།
ཆུང་གཞས་བརྩེ་གཏམ་ཐར་ཐོར།།
ཆེར་སྐྱེས་དྲན་པའི་རྟེན་རེད།།
༨༡
རྫ་རི་ཁ་རྒྱང་ཅན་པོའི།།
རྫ་ཆབ་འོ་མའི་ཞིམ་རེད།།
བྱམས་པ་སེམས་བཟང་ཅན་པོའི།།
གཞུང་རྒྱུད་མདའ་མོའི་དྲང་རེད།།
༨༢
མཛེས་མ་ལྷ་མོ་ལྷ་རེད།།
འཕྱོན་མ་འདྲེ་མོ་འདྲེ་རེད།།
ང་དང་ལས་མཐུན་ཅན་པོ།།
མི་མོ་བྱམས་པ་ཁོ་རེད།།
༨༣
མཛེས་པའི་ཡང་རྩེ་མིན་མོད།།
རང་སེམས་འཁྲེང་བའི་མཛའ་མོ།།
ཉལ་ན་རྨི་ལམ་ཁོ་ཡིན།།
ལངས་ན་དྲན་པ་ཁོ་ཡིན།།
༨༤
ཟླ་བ་འཕེལ་གྲིབ་མྱུར་བ།།
པད་མོ་རྙིད་པ་སྐྱེན་བ།།
ཚོན་དང་བྱུག་པས་མ་བཅོས།།
ཁྱོད་ཞལ་མཛེས་པའི་ཡང་བཅུད།།
༨༥
ཡར་སྐྱེས་པད་མའི་ལྟེ་བར།།
སྦྲང་ཆུང་བརྒྱ་རུབ་སྟོང་རུབ།།
མར་བྲུལ་པད་མའི་འདབ་ལོར།།
གཡུ་སྦྲང་འཁོར་བ་མི་གདའ།།
༨༦
འདམ་སྐྱེས་པད་མོ་སེར་ཆེན།།
ཡར་སྟེགས་མཆོད་པའི་རྒྱན་རེད།།
དམན་སྐྱེས་བུད་མེད་ཟེར་ཡང་།།
སྲིད་པའི་བདེ་དགའི་གཞི་རེད།།
༨༧
བུ་མོ་མེ་ཏོག་རྐང་གཅིག །
མ་སྒྱིད་འགྲམ་དེར་བཞད་སྣང་།།
ཕ་མ་སྟག་སེང་ཁ་སྤྲོད།།
ཐུག་བསམ་མཇལ་རྐྱང་མ་རེད།།
༨༨
རིན་ཆེན་མི་ལུས་ཐེངས་གཅིག །
རིན་མེད་རྩེད་ཆས་མ་བྱེད།།
བློ་འགྱུ་བུ་མོའི་གནས་ཚང་།།
གཞིས་རྟེན་ཆགས་ས་མ་རེད།།
༨༩
མཛེས་མ་རིག་དུས་ཅེར་འགྲོ།།
དངུལ་ལོ་རིག་དུས་ཧད་འགྲོ།།
ལང་ཤོར་བུ་ལོ་དེ་ཚོར།།
ལུས་སེམས་གཏད་པ་མ་གནོང་།།
༩༠
བུ་ཆུང་བརྩེ་མེད་གཅིག་རེད།།
བུ་མོ་སེམས་མེད་གཅིག་རེད།།
བརྩེ་མེད་སེམས་མེད་བར་དེར།།
བརྩེ་དུང་ཟེར་རིན་མི་འདུག །
༩༡
མི་བུའི་ལུས་ཀྱི་ཕུང་ཁམས།།
ཤ་ཁྲག་གདོས་ཀྱི་རྒྱུ་ཚོགས།།
འདོད་སེམས་འཕྲུལ་གྱི་དྲ་བར།།
མཆོག་དམན་ཀུན་འདི་ཚུད་རེད།།
༩༢
ཉིན་གཅིག་ཉིན་གཉིས་འགྲོགས་ནས།།
ང་ཡིན་ཁྱོ་ཡིན་མ་བྱེད།།
ལོ་དང་ཟླ་བར་འདྲིས་ནས།།
འགྱུར་བ་མེད་ན་རབ་ཡིན།།
༩༣
སྔ་འདང་ཕྱི་འདང་མེད་ན།།
སྔ་འགྲོག་ཕྱི་འགྲོག་མ་བྱེད།།
ལུས་དང་ལང་ཚོ་ཤོར་ཚེ།།
བཙལ་བའི་ཕྱི་ཡོང་མི་འདུག །
༩༤
ཨ་གསར་ཕོ་མོའི་བརྩེ་དུང་།།
སོས་ཀའི་ཁམ་སྡོང་མེ་ཏོག །
ཞག་འགར་རྣམ་པར་འཚེར་ནས།།
གར་ཡོད་འདིར་ཡོད་མེད་འགྲོ།།
༩༥
ཉིན་བྱེད་མཁའ་ནས་ཤར་བ།།
པད་མོ་དོག་ལས་འཛུམ་པ།།
ཁ་ཐག་ཡུལ་གྱིས་བསྐལ་ཡང་།།
བརྩེ་བར་ཡུལ་དུས་མ་བྱུང་།།
༩༦
ཚེ་གྲོགས་སྐྱ་ཡ་ཟེར་བ།།
ཡོད་སྡུག་མེད་སྡུག་རེད་བཞག །
ཡོད་དུས་ཁ་རྩོད་སློང་གི།།
མེད་དུས་སུན་སྣང་སྐྱེ་གི།།
༩༧
བལྟས་ན་སླ་བོ་འདུག་ཀྱང་།།
ལས་སུ་སླ་བོ་མི་འདུག །
འཇིག་རྟེན་ཕོ་མོའི་བརྩེ་དུང་།།
ཤ་ཆང་སྟོན་མོ་ཙམ་མིན།།
༩༨
ཁྱོད་ཀྱིས་མི་བཤད་དགུ་བཤད།།
ང་ཡིས་མི་ལས་དགུ་ལས།།
དུས་ཀྱི་འགྱུར་བག་ཁྲོད་ན།།
གསང་བའི་དོན་འདྲ་འབུད་ངེས།།
༩༩
བྱམས་པ་སྙིང་ལ་རྗེ་བོ།།
ཁ་བའི་ལྗོངས་འདིར་ཡོད་རེད།།
གངས་ཀྱི་རང་མདངས་དཀར་རོ།།
བྱམས་པའི་རང་གཤིས་ཡིན་འདྲ།།
༡༠༠
དྭངས་གསལ་འཇགས་རྩེ་ཟིལ་ཐིགས།།
ཆུ་བསིལ་ནང་གི་བདུད་རྩི།།
ཚིག་རྟེན་ལེགས་སྐྱེས་ཆུང་ཆུང་།།
ལྷད་མེད་རུས་པའི་རྐང་ཞུན།།
༡༠༡
མེ་ཏོག་ཁ་འབྲས་མཚར་འདི།།
ཉིན་ཞག་རེ་འགའི་ཡུན་ཙམ།།
ལང་ཚོའི་སྒེག་ཉམས་ལྡེམ་པའང་།།
དུས་ཐུང་ལོ་དང་ཟླ་ཤས།།
༡༠༢
སྙིང་གཏམ་འོ་སྤྲི་མངར་མོ།།
སྙིང་འདྲའི་སྙིང་ལོ་བླུད་དང་།།
སྙིང་སྡུག་བརྩེ་འདང་ཅན་པོའི།།
སྙིང་གི་བདག་པོ་ཁྱོད་ཡིན།།
༡༠༣
རོགས་ལོའི་བརྩེ་བ་མཐའ་དག །
སེམས་ཀྱི་ཞིང་སར་བབས་ན།།
ང་ཡི་གདུང་བ་ཡོད་ཚད།།
སོས་ཀའི་ལྗང་བུ་འབུད་འབུད།།
༡༠༤
དམ་པའི་ལྷ་ཆོས་གླིང་ནས།།
སྒྱུ་མའི་མི་ཆོས་མ་དོར།།
མི་ཆོས་འདམ་ལ་ཟུག་དུས།།
ལྷ་ཆོས་ཡིད་ལ་འཁོར་ཡོང་།།
༡༠༥
ཡུན་རིང་བསམ་པའི་བྱམས་པར།།
དེ་རིང་མཇལ་རྐྱང་མིན་ཡང་།།
རྟིང་མའི་ཟླ་བ་གང་དེའི།།
ཚེས་མགོ་དེ་རུ་མཇལ་ཡོང་།།
༡༠༦
མ་མོས་ལུ་གུར་གདུང་གདུང་།།
བུ་ལོ་ང་ཡིས་བྱེད་ཆོག །
ཅེས་པའི་ཚིག་གསུམ་གཏའ་མ།།
ལོ་གསུམ་སྔོན་དེར་བཞག་ཚར།།
༡༠༧
གཞོན་ནུ་འཕན་པོ་ཟླ་བར།།
བརྩེ་དུང་མི་འདུག་མ་གསུང་།།
བརྩེ་དུང་འབྲི་ཞོ་མངར་མོ།།
སྙིང་གི་ག་འུར་ཆགས་ཡོད།།
༡༠༨
བརྩེ་དུང་ཆབ་རྒྱུན་རིང་མོ།།
ཚིག་གསུམ་ཡི་གེས་མི་མཚོན།།
ཆུང་ལོ་བརྩེ་འདང་ཅན་པོར།།
འཆད་པའི་གོ་སྐབས་འཚོལ་ཆོག །

 
               རྩོམ་སྒྲིག་པ། འཕགས་མི།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease