རྒོད་ཐང་།

    རྩོམ་པ་པོ། སྒྲོལ་བྱེད།


ཁ་བ་སྙིང་ལྕགས།


             སྒྲོལ་བྱེད།
རླབས་ཕྲེང་གི་མུ་ཏིག་རེ་རེའི་ངོས་སུ།
རྨི་ལམ་གྱི་ཞོགས་པ་ཕྱོགས་སུ་འཐོར་དུས།
མཚོ་ཆུང་ནོར་བུའི་ངང་ངུར།
མི་ཞིག་གི་གཉིད་ཅོག་ཡིན།
 
སྐྱེ་བ་གཅིག་ལ་བྲིས་བའི་སྒྲུང་ནང་དུ།
དུས་ཚོད་ཀྱིས་ཀྱང་ཐ་སྙད་ཁོ་ན་རྔོན།
 
སྙིང་ལྕགས།
ངས་ཉི་ནུབ་ཀྱི་ཟུང་ཁྲག་ལས་ཁྱོད་ཀྱི་སེམས་པ་མཐོང་།
ཁེར་རྐྱང་གི་སྦྲག་སྲིད་ལས་རྒྱང་ལ་བསྐུར་བའི་ཁྱོད་ཀྱི་འགྲུལ་བཞུད་མཐོང་།
 

ལྷ་ས།
 
སྐྱིད་ཆུའི་རྒྱུད་འཇམ་གྱི་གཞུང་རྟ།
མེས་པོའི་མགུར་གྱིས་བསྙེས་བའི་ཆོད་སེམས་ཡིན་ནམ།
 
ལྷ་ཚོགས་ཀྱི་ཐུགས་ཀར་གླན་པའི་ངོ་གདོང་དཀར་དམར།
རིགས་རྒྱུད་ཀྱི་སོར་མོས་རྩེ་རུ་བཞད།
 
ལྡེབས་རིས་ཀྱི་སྨྲ་བརྗོད་འོད་སྣང་གིས་བསྒྲོན་པ།
མཚན་མོའི་ནགས་ཚལ་གྱི་གྲམ་ཐང་དུ་ལྷུང་།
 
ཚངས་དབྱངས་ཀྱི་སྙན་ཚིག་ལ་བསྲོས་བའི།
བར་སྐོར་གྱི་རྡོ་བའི་སེམས་གཅོང་།
 
ཇོས་ཁང་གི་སྒོ་ཐེམ་སྐལ་བའི་གཞལ་ཕྱིར་དུ།
འུ་གཉིས་སྨོན་ལམ་གྲངས་མེད་ཀྱི་ནང་ནས།
ཡང་ཡང་གཅར་མྱོང་།      ལྷ་ས།

 
ཁྱོད་རང་།
 
མི་རྟག་པའི་མགུལ་གྱི་སྐེ་རྒྱན་བཞིན།
བྱ་གླག་གི་གཤོག་པའི་རྣོ་དབལ་བཞིན།
མེ་ཏོག་གིས་གཅུད་པའི་མདེའུ་བཞིན།
དགུན་གྱི་ཉི་འོད་བཞིན།
ཡུད་ཙམ་གྱི་ཨུ་དུམ་ཝ་ར་བཞིན།
 
འཇིག་རྟེན།
རེ་ཞིག་ཆེ་ནའང་།
རེ་ཞིག་ཆུང་ནའང་།
ཁྱོད་རང་ང་ཡི་འབག་བཙོག་གི་ཤོག་ངོས་ལས་ལྷ་སྒྲུང་དུ་གྱུར།
 

རྒོད་ཐང་། 
 
སྤྲིན་གྱི་གྲུ་ཆུང་ནང་ཉལ་བའི།
མེ་ཏོག་གི་གཟབ་མཆོར་ནི།
རྒོད་པོའི་བར་སྣང་ནས་མནབས།
 
སྲིད་པའི་སྒྲུང་ནང་གི་མུ་ཏིག་ཁུར་བའི།
རྟ་ཆེན་གྱི་རྨིག་སྒྲའི་གདངས་དབྱངས།
ཁྱོད་ཀྱི་མཁུར་གོང་ནས་དཀྲོལ།
 
རྒོད་ཐང་།
ཁྱོད་ཀྱི་དྲི་བསུང་ཞེ་ལ་ཐོགས་པས།
སྐྱ་མྱིའི་རྡོག་བར་རླུང་གིས་བཟི།
 
རྒོད་ཐང་།
གྲོང་ཁྱེར་གྱི་བྲེལ་འཚུབ་ཡལ་བའི་ཉི་ནུབ་ཅིག་ཏུ།
ང་ཡིས་ཁྱོད་ལ་རྨི་ལམ་དང་ཁེར་རྐྱང་གླེང་།
རྐང་རྗེན་དུ་བརྩེས་བའི་ལོ་ཟླ་གླེང་།
     —མཆན། རྒོད་ཐང་ཞེས་བ་ཨ་མཆོག་གི་ཐང་ཡངས་མོ་ཞིག་ལ་ཟེར།
 

བར་སྟོང་།
 
ཁྱོད་ཀྱི་མེ་ལོང་ནང་གི་ནམ་ཟླ་བཀྲེས་སྐོམ་གྱིས་ཤི།
གཟུགས་བྱད་ཀྱི་ལེགས་ཉེས་ཁ་ཁར་བཀར་བས།
ཆོས་ཉིད་ཀྱི་སྲང་ལམ་ལ་སྐྱོ་ཤས་སྐྱེ།
 
ཁྱོད་ཀྱི་སྣང་བས་འཇའ་ཚོན་འཛིན།
མིག་གིས་ནམ་མཁའ་འཛིན།

            རྩོམ་སྒྲིག་པ། འཕགས་མི།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease