རས་གཟན་འོག་གི་མི་ཚེ།

    རྩོམ་པ་པོ། གསོན་འདྲེ།


རས་གཟན་འོག་གི་མི་ཚེ།


           གསོན་འདྲེ། མི་ཉག
ཡིད་འོང་སློབ་རའི་སྐྱེད་ཚལ་ཡངས་པོ་རུ།།
ལྔ་ཟུང་རིག་པའི་སྦྲང་རྩི་མངར་མོ་ལ།།
རིག་རྒོད་སློབ་གྲོཊ་གཡུ་སྦྲང་བུང་བ་དག །
དུས་བཞིར་ངལ་མེད་སྦྱང་བརྩོན་བྱེད་ན་ཡང་།།
མདོ་མེད་ང་རང་བྱ་བཞག་ཉག་ཉོག་འགར།།
སེམས་ཉིད་གཡེང་སྟེ་ཡུན་ཐུང་མི་ཚེ་འདི།།
དོན་མེད་ཁུག་སོ་དབུས་ན་ཕྱེད་ཙམ་ཡོལ།།
 
སྲིད་པའི་ཆོས་ཀུན་བདེན་མེད་བདེན་སྟོང་ཞེས།།
དམ་པའི་རྣམ་ཐར་སྐྱོང་བའི་གཤེས་བཉེན་དག །
ཡང་དང་བསྐྱར་དུ་སློབ་སྟོན་གནང་ན་ཡང་།།
དུག་གསུམ་སྨག་རུམ་སྒྲིབ་པའི་མིག་ལོང་བདག །
བཅོས་མིན་འཁོར་བའི་རང་གཤིས་མཐོང་མ་ནུས།།
བརྟན་མེད་འཁོར་བའི་བདེ་བ་ཕྲ་མོ་ལ།།
ཞེན་བློ་དྲགས་པས་ཐར་བའི་ལམ་སྣེ་བོར།།
 
ངོ་མཚར་ཤེས་བྱར་བརྩོན་པའི་སྐལ་དམན་ཞིང་།།
དབེན་པའི་རི་སུལ་རྒྱུ་བའི་སྙིང་སྟོབས་བྲལ།།
ཕུན་ཚོགས་བསླབ་བྱ་ལེན་པའི་མོས་པ་ཆུང་།།
ངེས་མེད་ཕྱོགས་བཞིར་ཉུལ་བའི་བན་ཆུང་བདག །
དབྱར་དགུན་རེས་མོའི་དུས་ཀྱི་བར་གསེང་ནས།།
གོ་མེད་ཚོར་མེད་ཕོ་ལོ་ཉེར་ལྔ་བརྒལ།།
སེམས་ཉིད་ཕངས་ཏེ་སྐབས་རེ་ངུ་ཁ་བྲོ།།
 

མ་སྐྱེས་ཨ་མ།
ལྷད་མེད་ཞལ་ཁྱིམ་བཅོ་ལྔའི་ཟླ་བར་འགྲན།།
མ་བཅོས་འཛུམ་པའི་ཀོང་བུ་རང་ཤུགས་འཁྱིལ།།
ཁྲ་ཆེམ་སྤྱན་ཟུང་སྐར་མའི་དཔལ་འཕྲོག་ཅིང་།།
སྟུག་པའི་མཆུ་སྒྲོ་པད་རག་རང་མདངས་འཕྲོ།།
ལྡེམ་མྱུར་གཟུགས་སྐུ་ཕྲ་མོ་མདའ་ལས་དྲང་།།
སྲབ་འཇམ་དར་ཡུག་འོག་གི་ནུ་འབུར་རྒྱས།།
མཁྲེགས་ཤིང་ཟླུམ་པའི་རྐུབ་ཀྱི་བང་རིམ་མཐོ།།
བརྒྱད་གཉིས་བཅུ་དྲུག་ཤ་ཚུགས་དོད་པོ་འཁུར།།
ཞི་ལྷོད་གོམ་འགྲོས་བར་ན་རང་གཤིས་མངོན།།
ལྐོག་མེད་གཏམ་གླེང་དབུས་སུ་ཡིད་ངོ་གསལ།།
ལུས་ཀྱི་ཉམས་འགྱུར་ཀུན་ལ་སྒྱུ་རྩལ་བསླེས།།
ནམ་ཡང་རུམ་ཁ་ལྷོད་པའི་དགོངས་ཡངས་ཅན།།
བརྐྱང་བསྐུམ་འདོད་རྩལ་ལས་ལ་བྱང་ཆ་ལྡན།།
སྤྱོད་སེམས་ཚིམ་པའི་མཐའ་ཞིག་སྟེར་ཐ་བྲལ།།
དབང་མེད་སེམས་རྒྱུ་འཐེན་པའི་སྐྱུ་མ་མཁན།།
སྟེང་འོག་ལྷ་ཀླུའི་ཉམས་འགྱུར་ཆ་ཀུན་རྫོགས།།
 

དཔྱིད་ཀྱི་སྨྲེང་བ།
དཔྱིད་རླུང་བསིལ་མོས་དལ་བུར་ལྡང་འགོ་རྩོམ།།
གངས་ངོགས་ཁ་བའི་མཐུག་ཚད་ཇེ་སྲབ་འགྱུར།།
སྡོང་འགོར་གཡུ་ཡི་ལྕུག་ཕྲན་རྒྱན་སྤུད་པའི།།
ཚུགས་ཀ་མཐོང་དུས་བདག་སེམས་ཕ་ཡུལ་ཕྱོགས།།
 
ཉལ་འགྲོ་བུ་མོའི་འགྱུར་ཁུགས་ཇེ་མཐོ་ལྷན།།
བྱ་བྱིའུ་རྣམས་ཀྱིས་ཉམས་འགྱུར་གཤོག་རྩལ་ངོམས།།
རྩ་གསེབ་ལྗང་མྱུག་གསང་བའི་འཛུམ་སྟོན་པའི།།
ཚུགས་ཀ་མཐོང་དུས་བདག་སེམས་ཕ་ཡུལ་ཕྱོགས།།
 
མཚེ་འུ་འཁྱག་རོམ་གོས་ཆེན་ཐོལ་གྱིས་ཕུད།།
རླུང་གིས་སྒུལ་བའི་ཆུ་གཉེར་ལང་ལོང་བར།།
ངང་ངུར་ཁྱུ་ཚོགས་རྩེད་འཇོ་ལ་གཡེང་པའི།།
ཚུགས་ཀ་མཐོང་དུས་བདག་སེམས་ཕ་ཡུལ་ཕྱོགས།།
 
སེར་ཆེན་མེ་ཏོག་རུམ་ཁ་ལྷོད་པོར་གྲོལ།།
ཆར་ཟིལ་མུ་ཏིག་དོ་ཤལ་བྲང་ལ་དཔྱོང་།།
རྐང་དྲུག་མ་བུ་དལ་མེད་འདུ་ལོང་གི།།
ཚུགས་ཀ་མཐོང་དུས་བདག་སེམས་ཕ་ཡུལ་ཕྱོགས།།
 
ཉམས་དགའི་དུས་ཀྱི་འགྱུར་བག་རེ་རེ་ལ།།
ཁྲེར་ཧྲེང་ལྕི་བའི་འཁྱམས་པོ་ང་རང་གི།།
ལུས་ཀྱི་ལྷུ་ལག་རྒྱང་དུ་གནས་མོད་ཀྱང་།།
སེམས་ཀྱི་སྲབ་ཁ་ཡང་ཡང་ཕ་ཡུལ་ཕྱོགས།།

             རྩོམ་སྒྲིག་པ། རྣོན་པོ།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease