སྒོ་ཁྱི་དང་འབྲེལ་བའི་དྲན་ཚུལ།

    འཕུར་སྐྱོད།

སྒོ་ཁྱི་དང་འབྲེལ་བའི་དྲན་ཚུལ།
 
         འཕུར་སྐྱོད། ཆབ་མདོ།
 ཁང་ཁྱིམ་གྱི་གློག་སྒོ་བརྒྱབ་ཟིན
ད་ནི་མཚན་ཕྱེད་ཐོན་ལ་ཉེར
 
སྒོ་ཁྱི་ཟུག་པའི་སྐད་གདངས་རེ་ལ
ད་དུང་བློས་མི་ཐོངས་པའི་སེམས་ཁྲལ་འདྲེས
 
ནང་མི་ཞིག་གཉིད་དུ་ཡུར་བའི་སྒྲས
ཉིན་གཅིག་གི་ངལ་དུབ་ལ་བརྙས་བཅོས་བྱེད
 
མཚན་མོ་འདི་ནས་མིག་ཟུང་བཙུམ་རྗེས
ངས་ད་དུང་གངས་ལྗོངས་གི་རྩྭ་ཐང་མཐོང་ངམ
 
འཆི་བདག་ལྟ་བུའི་རྨི་ལམ་གྱིས
ནུས་མེད་ཀྱི་སེམས་ཆུང་འདི་ཐང་ནས་མ་འདྲུད་གོང
 
དོ་ནུབ་སྒེའུ་ཁུང་ནང་གི་སྐར་འོད་བཞིན
ང་རང་བག་ལྷོད་ཀྱི་སྒོ་ནས་འཆི་ན་སྐྱོ་བ་ལ
 
ཁྱོད་ཀྱིས་ངའི་མཚར་སྡུག་གི་ནེ་གསིང་རུམ་དུ་བཅུག་ཉིན
ངས་ཁྱོད་ཉིད་ལྷད་མེད་ཀྱི་ཉ་གང་དུ་བསམ་པ་ནོར་འདུག
 
གང་ལྟར མཚན་མོ་འདི་ནས་མིག་མ་ཟུམ་གོང
ང་ལ་རང་སེམས་མཐོང་བའི་སྐལ་བ་ཡོད་དམ
        ༢༠༢༤.༠༢.༡༨ རང་ཁྱིམ་ནས།
              རྩོམ་སྒྲིག་པ། འཕགས་མི།

        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease