སྐད་ཆ་ལྷག་མ།
རྩོམ་པ་པོ། ཐོར་བུ།
རྩོམ་པ་པོ། ཐོར་བུ།
སྐད་ཆ་ལྷག་མ།
ཐོར་བུ། དཀར་མཛེས།
ང་ལ་གྲོགས་པོ་ཟེར་མཁན་མང་པོ་ཡོད།
དེ་ལྟ་ནའང་། གྲོགས་པོ་ཟེར་མཁན་མང་ཤོས་ནི།
ང་ལ་མཚོན་ན་“ཤི་བོ་གསོན་པོ་”ཉིད།
མི་སེམས་ཕར་ཚུར་མཐོང་དཀའ་ཡང་།
གྲོགས་པོ་འགའ་ནི་ཕ་མ་བཞིན།
ང་དང་སེམས་ཐག་ཤིན་ཏུ་ཉེ་པོ་འདུག
མི་རྣམས་རླུང་ལས་ཡང་མོ་འདུག
དེ་བཞིན་ང་ཡང་རླུང་ལས་ལྡབ་འགྱུར་གྱིས་ཡང་།
དེ་ལྟ་ན་འང་། རླུང་ལས་ཡང་མོ་དག་ལ་འང་།
ཡང་ལྕི་སྣ་ཁ་མང་པོ་མང་པོ་འདུག
ང་ནི་དེ་ལས་ལྕི་མོ་ཡིན་མིན་ཁྱོད་ལ་གསལ།
ཁྱོད་ཀྱི་ཡང་ལྕི་ངོ་མ་ངོ་མར་ངས་མི་ཤེས།
དེ་བས། ང་རང་ཁྱོད་ལ་ཡིད་ཆེས་དེ་ཙམ་ཡོད་མ་སོང་།
དེ་རིང་ཉི་མ་སྤྲིན་གྱིས་བཟུང་ཚར་འདུག
འཇིག་རྟེན་འཁྱག་པས་བསྡམས་ཚར་འདུག
ནང་སེམས་སྨེང་བས་གཡོགས་ཚར་འདུག
དེ་བས། ཁྱོད་ཀྱིས་ང་ལ་སྐད་ཆ་མང་ཙམ་མ་བཤད་རོགས།
ང་ཡིས་ཁྱོད་ལ་ཚིག་རྩིབ་འཁོར་ལོ་སྐོར་ཡང་སྲིད།
འཇིག་རྟེན་འཇིག་རྟེན་ཟེར་བ་འདི།
ཐེངས་རེར་ཤིན་ཏུ་ཆུང་དྲགས་འདུག
དེ་དུས་ང་ཡི་སེམས་ཀྱི་སྐད་ཆ་དག
ཤོག་དཀར་ངོས་སུ་དལ་གྱིས་རྡོལ་དང་རྡོལ་བཞིན་ཡོད།
༢༠༢༣ ༢ ༡༦
ང་ནི།
ང་ནི། ཆེ་ཚུགས་མ་ཟིན་ཅིང་ཆུང་ཚུགས་མི་འཛིན་པའི་མིའོ།།
ངོ་ལ་བལྟས་ཏེ་ཁ་ཡག་བཤད་ཅིང་ལྐོག་ཏུ་ངན་བཤད་བྱེད་མཁན་དེའོ།།
གྲོགས་པོ་ལའང་རྫུན་ཤིན་ཏུ་རབ་ཏུ་བཤད་མཁན་དེའོ།།
ཁོག་ཏུ་སྦབ་པའི་སྐད་ཆ་དག་ཁ་ནས་བཤད་མི་ཐུབ་པའི་མིའོ།།
ཆེན་པོ་དག་ལ་ཞེན་པ་ལོག་ཅིང་ཆུང་ཆུང་དག་ལ་ཡིན་མདོག་སྟོན་མཁན་དེའོ།།
ང་ནི། སྤྱི་ཚོགས་ཀྱི་སྤྱོད་ཁང་ནང་དུ་ལྷུང་བའི་མི་ཧྲེང་དེའོ།།
སྐྱོ་དུས་སྙིང་གཏམ་བཤད་ས་མི་ལོན་ཞིང་།
སྨེང་བ་དག་ཤོག་ངོ་རུ་ཕབ་མཁན་གྱི་མི་དེའོ།།
གསང་བ་དག་སུ་ལ་འང་མི་ཤོད་པའི་གླེན་པ་དེའོ།།
སྲང་ལམ་དུ་འཁྱར་བའི་བྱིས་པ་སྣབས་དྲུད་དག་ལ་སྙིང་ཉེ་ཞིང་།
གྲལ་མགོ་རུ་སྡོད་པའི་དཔོན་པོ་དག་ལ་ཞེ་སྡང་མཁན་དེའོ།།
དུས་རྒྱུན་དབྱར་གཞུང་ལ་སྒུག་ཀྱང་དབྱར་ཁར་སྨུག་སྤྲིན་ལྟར།
སྐྱོ་ངལ་ཁུར་ཏེ་སྡོད་མཁན་དེའོ།།
ང་ནི། དམིགས་ཡུལ་མེད་པར་དཔེ་ཆ་ཀློག་ཅིང་།
རྒྱུ་མཚན་མེད་པར་གཞན་ལ་འཁང་ར་བྱེད་མཁན་དེའོ།།
མཚན་མོ་གྲངས་མེད་ཅིག་སྟོང་བསམ་གྱིས་གཏོང་ཞིང་།
ཉིན་མོ་གྲངས་མེད་ཅིག་གཉིད་ཀྱིས་སྐྱེལ་མཁན་དེའོ།།
རྒྱུ་མཚན་མེད་པར་སྨེང་བས་བཟི་སྟེ།
རང་ཉིད་དུམ་བུ་བརྒྱ་རུ་གཏོར་ནས་བལྟ་འདོད་པའི་སྨྱོན་པ་དེའོ།།
ང་ནི། སྐད་ཅིག་འགར་འཇིག་རྟེན་འདིར་སྡོད་ཅིང་།
དེ་རྗེས་གར་སོང་གི་རྗེས་ཡང་མི་རྙེད་པའི་མགྲོན་པོ་དེའོ།།
ཁྱོད་ལ་སྐབས་སྐབས་སུ་བརྩེ་བ་སྟོན་ཅིང་།
དུས་དུས་སུ་ཁྲོ་ཉམས་སྟོན་པའི་རྨི་ལམ་གྱི་མདོ་ཡི་མི་སྣ་ཉམས་ཆུང་དེའོ།།
༢༠༢༣ ༢ ༡༣
ང་རང་བཙལ་ཚུལ་ཞིག
ཁྱོད་ཀྱི་སྔུན་ནས་སྐད་ཆ་བཤད་མཁན་དེ།
གླུ་ལ་ཉན་ཏེ་མི་ཚེ་གཏོང་མཁན་དེ།
སྨྲ་བ་མེད་པར་ཉི་འོད་ལ་ལྡེ་མཁན་དེ།
སྐྱོ་གདུང་གིས་མནར་དུས་མིག་ཆུ་གཏོང་མཁན་དེ།
རྨི་ལམ་གྱི་གས་ཆག་དྲན་ཏེ་དངན་པ་གཏོང་མཁན་དེ།
མི་ཚོགས་འཐིག་པོའི་སྦུ་བའི་ཟོམ་དུ་ལྷུང་བའི་ཁེར་རྐྱང་དེ།
རྒྱང་རིང་གི་སྙིང་ཉེ་དྲན་ནས་ན་ཟུག་སྒྲུག་མཁན་དེ།
མཚན་མོའི་གཏིང་དུ་ཟུག་དུས་མྱ་ངན་བྱེད་མཁན་དེ།
ང་མིན། ང་གཏན་ནས་མིན།
ཕྱེད་འཁྱག་ཅིང་ཕྱེད་དྲོ་བའི་ལུས་པོ་དེ།
དམྱལ་ཁམས་ནས་ཐོན་ཅིང་ལྷ་ཡུལ་དུ་མ་ཐོན་པའི་རྣམ་ཤེས་དེ།
ཡན་ལག་ལྔ་ཚང་ཡང་གྲིབ་ནག་གིས་མནན་པའི་མི་གཟུགས་དེ།
འཆི་བདག་གི་དབང་དུ་བསྡུས་པའི་མི་དམངས་ཕལ་བ་དེ།
གངས་རི་དགའ་ཡང་གངས་སེང་མཇལ་མ་མྱོང་བའི་བོད་མི་དེ།
མུན་ནག་ལ་སྐྲག་ཅིང་ཉི་འོད་ལ་རེ་བའི་བཙོན་པ་དེ།
རང་ཉིད་སྒྱུར་བཅོས་ཤིག་གཏོང་འདོད་དེ་བསམ་བློ་གཏོང་མཁན་དེ།
ང་མིན། ང་གཏན་ནས་མིན།
༢༠༢༢ ༡༡ ༢༡
གདུང་བ།
མི་ཚོས་རང་ཉིད་མཐོང་གི་མི་འདུག་སྟེ།
རང་ཉིད་ལ་གྲིབ་མ་ཡོད་པ་འང་བརྗེད་འདུག
ད་དུང་། ཕ་མས་ཡུལ་ནས་རང་ཉིད་སྒུག་བཞིན་པ་འང་བརྗེད་འདུག
དེ་ལྟའི་མི་ཚོགས་ཀྱི་དབུས་སུ།
ངས། གླུ་ཞིག་ལེན་འདོད་བྱུང་།
མི་ཚོས་རང་ཉིད་མཐོང་བྱེད་ཀྱི་གླུ་ཞིག་ལེན་འདོད་བྱུང་།
མི་ཚོས་ཕ་མ་དྲན་པར་བྱེད་པའི་གླུ་ཞིག་ལེན་འདོད་བྱུང་།
ངས། དེ་ལྟར་སྙམ་ནས་ཡུན་རིང་འགོར་རྗེས།
མཁའ་མཐའ་རུ་སྐར་མ་ཤར་བ་མཐོང་སྟེ།
རང་ཉིད་ཡུལ་ལ་ལོག་རྒྱུ་གསར་དུ་དྲན།
ཨོ། ངའི་ཡུལ་ནི་རྒྱང་རིང་ཞིག་ཏུ་ཡོད།
རྩྭ་ཐང་གི་ཁ་རྒྱ་ཆེ་ཞིང་། མེ་ཏོག་གི་ཕྲ་ཚོམ་མང་ས་ཞིག་ཏུ།
ངའི་ནང་མི་ཚོའི་མགོ་སྦྲ་བཀྱགས་ཏེ་ཡོད།
ཟླ་འོད་གཉོམ་པོ་དེ།
ག་ལེར་ངའི་ཉེ་སར་བབས་བྱུང་།
ངས། རྒྱང་རིང་ལ་བལྟས་ཏེ་ཡུན་རིང་འགོར་རྗེས།
སྙན་ངག་ཅིག་འབྲི་འདོད་སྐྱེས།
སྙན་ངག་དེའི་མིང་ལ། གདུང་བ་ཟེར།
༢༠༢༢ ༣ ༡༥
![]() |
|
Signature is customized by Netease