ངག་གི་རྣམ་ཤེས།
རྩོམ་པ་པོ། རྫ་ཤུལ་བློ་བཟང་།
རྩོམ་པ་པོ། རྫ་ཤུལ་བློ་བཟང་།
བདག་གི་སེམས་སུ་སྨུག་པ་འཐིབས་ནས། །
དབྱངས་ཀྱི་བུ་མོའི་མགྲིན་པ་བརྐུས་ཡོད། །
རླུང་བུ་ལྡང་དུས་ཚོར་བའི་གཤོག་པ། །
མི་མངོན་དབྱིངས་སུ་དལ་གྱིས་བརྐྱངས་སོང་། །
ཁྱོད་ཀྱི་མིག་ནང་གཟུགས་རིས་འཆར་བ། །
མིང་དང་ཚིག་གིས་སྤྲོས་པའི་གར་མ། །
མཚར་སྡུག་ལང་ཚོ་རྫོགས་པའི་འཛུམ་ཞལ། །
སྐྱོ་གདུང་ན་བུན་སེལ་བའི་འོད་ཟེར། །
ང་ཡི་མཉེན་འཇམ་ཚིག་གི་བུ་མོ། །
ཕྱེ་ལེབ་འཕུར་བའི་སྟངས་སྟབས་འདྲ་བར། །
ཡངས་བའི་ལྗོངས་སུ་འགྲིམ་པར་མངོན་ནས། །
རྒྱང་རིང་ས་མཐར་མིག་ཟུང་ཕྱོགས་སོང་། །
ཐོལ་གྱིས་བཞུར་བའི་སྙན་ངག་ཐེད་པོ། །
དམིགས་གཏད་མེད་པར་བྲིས་པ་ཅང་མིན། །
ཚོར་བའི་ཁྲག་རྒྱུན་འགུལ་བའི་སྟོབས་ཀྱིས། །
དབང་མེད་སོར་མོས་ཟློས་གར་རྩེན་བཞག །
ལས་དབང་ལམ་ཡིག་ཡོན་པོ་ཞིག་གིས། །
ཚེ་ཡི་མར་མེ་ཕྲ་རྒྱན་བཏགས་འདུག །
མོས་འདུན་ཟབ་མོས་དང་བླངས་ཅང་མིན། །
བསུབ་མེད་བརྐོས་པའི་འགན་འཁྲི་ཞིག་རེད། །
གྱེར་ཚིག་སྲིད་པའི་ཞེན་ཆགས་ཡིན་པ། །
ང་ཡི་ངག་གི་སྡིག་སྒྲིབ་མ་ཡིན། །
རང་སེམས་དྲན་པའི་རླངས་པ་དཀར་པོ། །
འཇིག་རྟེན་འདི་རུ་འཐུལ་བའི་སྟེས་ཡིན། །
གྲེ་འགྱུར་སྙན་མོས་མགྲིན་རྩལ་མངོན་པའི། །
ཡིད་འོང་བྱེའུ་ཆུང་འཇོལ་མོ་ཆ་འགྲིག །
སྤྲོས་པའི་མགུར་ལ་རམ་འདེགས་གནང་དོན། །
བཀའ་ཁྲིམས་བཙན་པོ་ཕབ་པས་མ་རེད། །
མཚམས་མཚམས་ཁུ་བྱུག་གྲགས་པའི་ཚོད་ལ། །
འཇོལ་མོའི་གདངས་དབྱངས་སྒྲོག་དོན་མི་འདུག །
ལན་རེ་དཀར་དམར་མེ་ཏོག་འཁྲུངས་སྐབས། །
ཐ་སྙད་ཀུ་མུད་རྒྱས་དོན་ཅི་ཡོད། །
ལུས་འདི་འཁྲི་ཤིང་གཟུགས་སུ་བཀོད་ན། །
ཚིག་སྙན་དབྱངས་འགྲོས་སུ་ཡིས་དཔེར་འོས། །
སྙན་དབང་ཨུཏྤལ་གོང་བུའི་ཁྲ་རྒྱན། །
འདོད་པའི་ཚིག་གིས་རབ་བཏགས་བྱས་ཡོད། །
ཚོར་བའི་འོད་ཟེར་འབུམ་གྱིས་ཕྱུག་པ། །
གནམ་སའི་ཁྱོན་དུ་བཀང་བའི་སྣང་ཚུལ། །
ཚིག་རྒྱན་འཕར་མས་རང་སེམས་བསླུས་པས། །
དབང་མེད་སྨྱུག་གུས་ཞབས་བྲོ་འཁྲབ་སོང་། །
༢༠༢༣/༤/༥
ལྷོད་ཀྱིས་བཞུར་བའི་སྙན་ངག
ཆུ་མོ་ཤག་ཤག་བཞུར་བས། །
གཙང་ཆུའི་མེ་ལོང་མཐོང་སོང་། །
མེ་ལོང་ནང་གི་གཟུགས་རིས། །
འཕྱོངས་རྒྱས་སྒྲོལ་མ་འདྲ་བ། །
སྨིན་དྲུག་རི་མོའི་སྣང་བརྙན། །
ནམ་མཁའི་ངོས་སུ་བཀྲམ་ཡོད། །
རིག་འཛིན་ཚངས་དབྱངས་རྒྱ་མཚོ། །
གསེར་ཁྲི་གཡུགས་ནས་འཁྱམས་སོང་། །
བར་སྐོར་ནང་གི་མེ་ཏོག །
དབུས་ཀྱི་ཨ་ཅག་འདྲ་སོང་། །
སྐྱིད་ཤོད་ལྷ་སའི་ལུང་པ། །
འཁོར་བའི་གཞས་ཆུང་ལེན་ས། །
ཐང་ལ་ཐང་ཆེན་ཡག་མོ། །
མཛེས་ལྡན་ནོར་བུ་གླིང་ཀ །
བརྩེ་བའི་མེ་ཏོག་དགོད་པའི། །
མཛེས་འཛུམ་དུང་ཟླ་མཐོང་ས། །
ནོར་བུ་གླིང་ཀ་མ་བསམས། །
ཟླ་བ་སྒྲོལ་མ་བསམ་ཡོད། །
དབུས་མོའི་འཛུམ་ལ་འཁྲི་ནས། །
དབྱངས་ཀྱི་ལང་ཚོ་འཁྲུངས་སོང་། །
སེམས་ཀྱི་ཨུ་དུམ་ཝ་ར། །
སྤྲོས་པས་མ་ཆོག་བྲིས་ཡོད། །
འཁོར་བའི་འདབས་སུ་ལྷག་པའི། །
བུ་ཁྱོད་ཞལ་དྲོ་འཛུམ་བདེ། །
སྐྱིད་ཆུ་ཟམ་པའི་སྒོ་སྲུང་། །
ས་མཐར་འཁྱམས་པ་འདྲ་སོང་། །
སྙན་ངག་མིང་དང་ཚིག་གིས། །
ཟམ་ཐོག་བྲོ་གར་འཁྲབ་སོང་། །
ཟླ་བ་མཚོ་ནང་གསལ་བས། །
མཚོ་མོ་ཡིད་ལ་བཅངས་ནས། །
ཚངས་དབྱངས་རྒྱུད་མངས་གཡར་ཏེ། །
མཚན་མོའི་ལྷིང་འཇགས་དཀྲོག་ཡོད། །
བདེ་མོ་བཞུགས་རོགས་ཞུས་པས། །
བདེ་ཆེན་རི་གྲོང་འགྲིམས་སོང་། །
བདེ་སྐྱིད་སྨོན་འདུན་ཞུས་ཡོད། །
འཕྱོངས་རྒྱས་ཟླ་བའི་སྲིང་ཆུང་། །
གླུ་ཆུང་སེམས་ནས་བླངས་ཡོད། །
སེམས་པ་རྒྱང་རིང་ཕྱོགས་སོང་། །
རྨི་ལམ་ནང་གི་འཁྲུལ་སྣང་། །
མལ་སའི་ནང་ནས་རྨིས་སོང་། །
༢༠༢༣/༤/༥
ངག་གི་རྣམ་ཤེས།
ནམ་ཞིག་རླུང་བུའི་འགྲོས་སུ་བསྡེབ་པ་ན། །
གཉུག་མའི་མགུར་ཚིག་སེམས་སུ་ཉར་བས་ཆོག །
ལུས་ཀྱི་ལང་ཚོ་བྱ་རྒོད་ཁྲོམ་ལ་བསྟར། །
རྣམ་ཤེས་ཕྲ་མོ་འཇག་མའི་གམ་དུ་རྩེས། །
དེ་བཞིན་ངག་གི་མདུད་པ་ལྷོད་ཀྱིས་བཀྲོལ། །
འཁོར་བའི་རང་བཞིན་སེམས་སུ་བསྒོམ་པ་ཡིས། །
རྨི་ལམ་མེ་ལོང་ནང་དུ་དགའ་སྐྱོ་མངོན། །
མིང་དང་ཚིག་གིས་རྒྱུད་མང་ཡང་ཡང་བརྡུང་། །
གལ་ཏེ་རྨི་ལམ་སྐྱ་བོའི་མཇུག་གྲོལ་ནས། །
ཁྱོད་ཀྱི་སྐྲ་ལོ་རྒྱང་དུ་སྤུར་བའི་ཚེ། །
ཚེ་ཡི་ཉག་མ་འཁོར་བའི་འདབས་སུ་ལུས། །
ངེས་མེད་ས་མཐའི་ཡུལ་གྱི་མགྲོན་པོ་ཡིན། །
བཅོས་མའི་ཚོན་གྱིས་བསྐུས་པའི་ལྭ་བ་འདིས། །
རེ་དོགས་རྟོག་བཏགས་དྲྭ་བའི་མཐའ་མ་ཆོད། །
འཁོར་བའི་ཐབ་ཚང་ནང་གི་ཕལ་བའི་མི། །
སྐྱོ་གཞས་གཟན་མོ་ཞིག་གི་འཁྲིས་སུ་ལྷག །
རང་བློ་ཚེ་རབས་སྔོན་ནས་བག་ཆགས་གོམས། །
ངན་གཤིས་ཧྲགས་པོ་བཅོས་སུ་མ་མཆིས་པས། །
ལས་ཀྱི་མིག་དར་ཐོད་པའི་ཐོག་ཏུ་བརྐོས། །
ཞེན་ཆགས་སྟོང་གིས་སྤྲོས་པའི་མཁར་རྫོང་བརྩིགས། །
ཁྱོད་ཀྱི་ཡན་ལག་ཐམས་ཅད་ལྷ་ཡི་གཟུགས། །
དཔྱིད་དཔལ་ལང་ཚོའི་སྒེག་ཉམས་ཚེས་དང་མཚུངས། །
གློ་བུར་མི་རྟག་གཤིས་སུ་གྱུར་བ་ཡིས། །
སྐྱོ་བའི་བུམ་ཆུང་ནང་གི་མེ་ཏོག་འཁྲུངས། །
མི་ལའི་རྣམ་ཐར་མ་བསམ་མགུར་ཚིག་བསམས། །
མགུར་མའི་གཤིས་ཀྱི་སྙན་འཇེབས་དབྱངས་རྟ་དྲན། །
མིང་དང་ཐ་སྙད་ཆགས་པའི་འཁོར་བའི་མི། །
སྒྱུ་མའི་ཟློས་གར་ནང་གི་འཁྲབ་མཁན་ཡིན། །
མ་སྐྱོ་མ་སྐྱོ་བདག་དང་གཞན་གྱི་ཚོགས། །
བཅོས་སུ་ཡོད་ན་སྔོན་ནས་བསྒྱུར་ཀྱང་ཆོག །
གཤིས་ལུགས་འདི་ཡང་ལུས་ཀྱི་འགན་འཁྲི་སྟེ། །
རང་ལ་དབང་བའི་ཐོབ་སྐལ་རྣལ་མ་ཡིན། །
2023/3/31
གླུ་བ་ཆུང་ཆུང་།
ང་འཁོར་བའི་གྲོང་གི་མགྲོན་པོ་ཡིན། །
ཚིག་ཐ་སྙད་སྤུང་བའི་གླུ་བ་ཡིན། །
སེམས་དགའ་སྡུག་སྙི་བའི་བྱིས་པ་ཡིན། །
ཁྲེལ་ངོ་ཚ་མི་འདུག་མ་གསུངས་རོགས། །
ཡིད་སྐྱོ་དུས་མིག་ཆུ་བཞུར་མཁན་ཡིན། །
སེམས་སྤྲོ་སྐབས་གླུ་ཆུང་ལེན་མཁན་ཡིན། །
གཞི་འཁོར་བའི་ལ་ཆེན་ལ་ཆུང་བརྒལ། །
རིགས་མི་འདྲའི་གླུ་ཆེན་གླུ་ཆུང་བླངས། །
བཟང་བསྟོད་པའི་ཚིག་དང་སྨད་པའི་ངག །
ཉན་མ་བསམ་སེམས་སུ་བཙན་གྱིས་འཛུལ། །
ང་འཁོར་བའི་གྲོང་གི་ལན་ཆགས་ཡིན། །
གཏམ་ཡག་བཙོག་གཉིས་ཀྱི་བརྗོད་བྱ་ཡིན། །
ངོ་རིག་དུས་ངོ་དགའ་བཤད་མཁན་ཡོད། །
རྒྱབ་རིག་དུས་གླ་བཙག་བྱེད་མཁས་ཡོད། །
ངའི་སྙན་ཚིག་ངོ་ལྐོག་གཉིས་མཚུངས་ཡིན། །
སེམས་གཏིང་གི་འདང་ཆེན་གལ་ཆེན་ཡིན། །
ངག་སྙན་མོའི་དབྱངས་ལ་དགའ་མཁན་ཡིན། །
དོན་ཟབ་མོའི་གཤིས་ལ་དུང་མཁན་ཡིན། །
ཡིད་པདྨའི་དཀྱིལ་དུ་སྒོམ་པའི་ཚིག །
ངས་གང་ནུས་གང་ལྕོགས་འབྲི་བར་འདོད། །
ང་རྨི་ལམ་འཚོལ་བའི་རྣམ་ཤེས་ཡོད། །
ལས་དཀར་དམར་རི་མོའི་རང་མདངས་ཡོད། །
གཞི་འཁོར་བའི་འགྱུར་ལྡོག་སེམས་སུ་བསྒོམས། །
འགྲིག་མི་འགྲིག་གཉིས་ཀའི་གླུ་ཞིག་བླངས། །
དབྱངས་སྙན་མོས་རང་སེམས་བཟི་མྱོང་ཡོད། །
ངག་འཁྱར་མ་འཁྱོར་གྱིས་ལེན་མྱོང་ཡོད། །
བདག་ཚོར་བ་སྐྱེན་པའི་གླུ་བ་ཡིན། །
དོན་ཡིན་མིན་གཉིས་ཀ་འབྲི་མཁན་ཡིན། །
དོན་ཟབ་མོ་གླེང་བའི་ཤེས་རབ་དབེན། །
དབྱངས་སྙན་མོའི་སྡེབ་སྦྱོར་མི་ལེགས་ཀྱང་། །
ངས་རང་སེམས་རང་གིས་གསོ་བའི་སླད། །
ཚིག་བདུད་རྩི་འདྲ་བོའི་འཁྲིས་སུ་ཕྱོགས། །
དྲིན་ཕ་མའི་སེམས་ཀྱི་འདང་ཆེན་ཡིན། །
ནང་ན་ཟླའི་བཟང་རོགས་རྒྱན་རོགས་ཡིན། །
ཚིག་ངན་པས་གཞན་སེམས་དཀྲུགས་མྱོང་མེད། །
ང་གླུ་བ་འདི་སྐྱིད་ཕྱི་སྐྱིད་ཡིན། །
༢༠༢༣/༤/༢༠
![]() |
|
Signature is customized by Netease