དབྱར་ཟླ་ཉེར་ལྔའི་བརྗེད་ཐོ།

    རྩོམ་པ་པོ། འབུམ་ལྷ་སྲས།


དབྱར་ཟླ་ཉེར་ལྔའི་བརྗེད་ཐོ།


                   འབུམ་ལྷ་སྲས། གསེར་རྟ།


ཚིག་དང་ཚིག་འབྲུ་འདི་ཡིས་མཚོན་པ་གང་ཞིག ། 
གཏམ་དང་གཏམ་གྱི་རི་མོའི་བརྗོད་བྱ་ཅི་ཞིག །
ཉེར་ལྔ་དུས་ཀྱིས་བདས་པ་གཅིག་ཏུ་དྲིལ་བས། །
རྟོག་པར་འདྲི་ཚིག་ཅིག་ལས་གཞན་ཞིག་མ་ལྷག །

ཚེ་དང་ཚེ་འདིར་ཅི་བྱས་རྐང་འཐུང་གྲངས་བཞིན། །
མི་དང་མི་ལ་འཕྲད་པ་དེ་ཡི་ཆ་ཙམ། །
ལྔ་བཅུའི་ཕྱེད་དུ་ཟིན་པར་ཕྱི་མིག་འཁོར་བས། །
སྙིང་པོ་སྙིམ་ལས་ཟགས་པའི་བྱེ་རྡུལ་ཙམ་ཞིག །

འཇའ་སྤྲིན་གོས་ཀྱི་ལུས་འདིའི་འཕྱོར་ལྭ་བྱས་ཤིང་། །
སྙན་འགྱུར་འབུམ་གྱིས་དགའ་སྐྱོ་ངག་ཏུ་བཏེགས་ཏེ། །
རང་བློ་དགུང་ལས་མཐོ་བར་ཅི་དགར་རོལ་ཡང་། །
འགྱོད་མེད་བློ་སེམས་བདེ་བ་ཏོག་ཙམ་མ་བྱུང་། །

ཞིང་དང་ཞིང་ཁམས་སྟོང་ཕྲག་གཞིས་སུ་བསྡུས་ཏེ། །
སྙན་པ་སྙན་པར་འཁོར་ལ་རེ་བཞག་བཅོལ་མོད། །
དོན་འདིར་དོན་གྱིས་བརྟགས་པ་གཟུ་བོར་གནས་ཚེ། །
འཁྲུལ་བ་འཁྲུལ་བས་བསྐྲུན་འདི་སེམས་ལ་ཟུག་ཡོང་། །

སྣང་བ་སྣང་བའི་དབུ་འཕང་ཉི་ཟླའི་ཆ་ཡ། །
རྟོག་པ་རྟོག་འགྱུའི་ཟེར་གྱིས་འགྲན་པ་ཅི་ཡོང་། །
འཇིག་རྟེན་ཧམ་སེམས་འོག་ཏུ་གཅུན་པར་རློམ་པ། །
ད་ལྟ་འོད་ཀྱིས་བདས་པའི་གྲིབ་མར་འདྲ་བ། །

བདག་ལ་བདག་གི་འཇིག་རྟེན་གསར་དུ་བཞེངས་མྱོང་། །
དེ་ལ་དེ་ཡི་མཛེས་སྡུག་སྤུད་པ་བརྗོད་དཀའ། །
སྟོང་གསུམ་སྟོང་ལས་བརྒལ་བ་འཆར་སྒོ་སྣ་མང་། །
དུས་འདིར་རྨི་ལམ་གཟུགས་ལྟར་འཛིན་ཐབས་མི་འདུག །

དེ་ནི་གཞོན་པའི་དབྱར་ཟླ་གྲུབ་སྟངས་ཙམ་ཨང་། །
དེ་ནི་སྣང་བ་དྭངས་ལ་གསལ་ཚུལ་ཙམ་ཞིག །
དེ་ནི་ཕུགས་བསམ་ཡིད་དུ་བཞེངས་པ་ཙམ་དང་། །
དེ་ནི་རྨི་ལམ་གྲོང་གི་རྨི་ལམ་ཙམ་མོ། །

འདི་དག་དོན་གྱིས་སྟོང་པ་དོན་ལ་བྲིས་ཡོད། །
འདི་ཉིད་དོན་དམ་ཁྲོད་ནས་དོན་དུ་འགྱུར་དཀའ། །
འདི་ག་དོན་བྲལ་དོན་དུ་བསྒོམས་པ་ཡིན་ནོ། །
འདི་ནི་དོན་མེད་དོན་དུ་བཙལ་བ་རེད་དོ། །

དུས་ཀྱི་འགྲུལ་པ་རྒྱང་དུ་བཞུད་པ་དྲན་ན། །
དུས་དེར་ཚེ་ཡི་བཞུར་རྒྱུན་འགྲོགས་པར་བསམ་ན། །
དུས་དེ་སྙིགས་བཞིན་དོར་བའི་དགོས་འདོད་ཡིན་པ། །
དུས་དག་དུས་འདིར་འགྱོད་པའི་རྒྱུ་ཡི་མཆོག་གོ །
     
     22/9/20

གཅིག་པུར་ལུས་རྗེས།  

     
 འདི་ལྟར་མཚན་གྱི་སྨག་རུམ་གཅིག་པུས་བཅད། །
 མུན་པའི་ཁྲོད་དུ་བདག་ཉིད་ཁོ་ན་ལུས། །
 ཆོས་ཀུན་འགྱུར་བའི་ལུགས་ལ་བསམ་གཞིག་བྱས། །
 གྱེས་བྲལ་འཆར་ནུབ་རིགས་ཀྱིས་དངངས་ཤིང་འདར། །

 ཁྱོད་རང་མེད་པའི་བདག་གི་སྲིད་པ་ནི། །
 དགུན་གསུམ་གྲང་དང་སྟོན་ཟླས་གཞོམ་པ་བཞིན། །
 འདབ་ལོ་རྙིད་པོ་དེ་དང་མཚུངས་འདུག་ཨང་། །
 དེ་ལྟར་སྐྲག་སྣང་ངང་དུ་ལྷག་པ་ཡིས། །
 མདུན་གྱི་དུས་འདི་བདེ་སྐྱིད་ཡིན་པ་རྟོགས། །
 འོན་ཏེ་མཚན་མོར་དབེན་པ་མོད་དྲགས་པས། །
 མིག་དང་སེམས་ཀྱི་ངོས་སུ་ཁྱོད་ཁོ་ན། །
 འཆར་བའི་གཟུགས་ལ་འཇགས་པ་མི་འདུག་ཀྱེ། །
 འཁོར་བ་ཁབ་ཀྱིས་བཙེམས་པའི་འབོལ་གདན་ཞིག །
 འུ་ཅག་དེ་རུ་གནས་པའི་སྲོག་ལྡན་ཨང་། །
 སྐྱོ་སྡུག་བར་མེད་རྒྱུ་བ་མཐོང་ན་ཡང་། 
 ཁྱོད་ནི་ཚེ་ཡི་ནམ་མཁའ་རྒལ་རོགས་ལགས། །


 བདག་རང་ཤིན་ཏུ་སྟུག་པའི་གདུང་སེམས་ཀྱིས། །
 མནར་ཞིང་གཅུན་པར་འབྲལ་ཐབས་གང་ཡོད་དམ། །
 ཁྱོད་ཉིད་མཐོང་ཐོས་གནས་སུ་བཞུགས་ན་བསམ། །
 དེ་ཡི་གམ་དུ་ང་ཡང་ལྷག་ན་འདོད། །
 མཚམས་སྤྲིན་མིག་མདངས་རབ་མཛེས་ཞོགས་པ་རུ། །
 ངང་ཆུང་ཆ་གཅིག་དལ་གྱིས་བགྲོད་པ་མཐོང་། །
 ལྷན་དུ་འཚོ་བའི་རྣམ་འགྱུར་དེ་ཡིས་ཀྱང་། །
 དྲན་པ་གཏིང་ནས་སྔོག་པ་ཅིས་མི་བདེན། །
     2022/5/28 

མཚན་མོ་འདིར།
              ZM ལགས་ལ།

མཚན་མོའི་མུན་པ་གཞས་ཀྱིས་སངས་བར་བྱས། །
ལམ་གྱི་རི་མོ་སུན་སྣང་ངང་ནས་བསྐྱལ། །
གཟུགས་འཛིན་མཁའ་རུ་ཕྱོགས་པའི་དུས་ཉིད་ལ། །
ཟླ་བའི་གཟི་དཔལ་བདག་གི་གདོང་ལ་ཕོག །
རབ་གཙང་ཤོག་དཀར་ངོས་བཞིན་སེམས་པ་རུ། །
ཁྱོད་གཏམ་རྣ་བའི་བདུད་རྩི་ཡང་ཡང་ཟགས། །
ངལ་བའི་གྲང་རེག་བཏུང་བ་མི་ཉུང་མོད། །
འཛུམ་ཟེར་ཡིད་ལ་འཁོར་བས་སྐྱིད་སྣང་ཚོར། །

བདག་ཉིད་འཆི་བའི་སྒོ་རུ་དལ་གྱིས་བགྲོད། །
ན་གཞོན་སྣང་བའི་འདབ་མ་ལོ་ཟླས་བཅོམ། །
གནས་ལུགས་ངག་གི་གདངས་ཀྱང་རིམ་བཞིན་ཉམས། །
འཁང་ར་སྟོང་ཕྲག་ཀློང་དུ་གནས་མལ་བསྐྲུན། །
ཡིད་འོང་ཡིད་དུ་བཞད་པའི་སེམས་ཀྱི་རྟེན། །
འཚོ་བའི་སྲོག་ཏུ་གྱུར་བའི་དཔལ་དྲན་ཞིང་། །
བྱིས་དུས་རྩེད་དགོད་འཛུམ་པ་མིག་ལ་ཐོགས། །
དེས་ཀྱང་གསོན་འདོད་རེ་བ་རང་ལ་ཞུས། །

           21/7/29
         རྩོམ་སྒྲིག་པ། འཕགས་མི།


        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།


 

 

Signature is customized by Netease