ཚིགས་སུ་བཅད་པའི་འགྲོས་གཞན་ཞིག

    རྩོམ་པ་པོ། བནྡེ་དཔལ།


ཚིགས་སུ་བཅད་པའི་འགྲོས་གཞན་ཞིག

 

                          བནྡེ་དཔལ། རྫ་ཆུ་ཁ།



དབལ་ཚ་ཙད་གྱིས་བརྙས་པའི་མེ་ཏོག་དག་རྙིད་ཀྱང་སྤྲིན་བྲལ་ནམ་མཁས་བསླུས་པའི་མི་ཚོགས་དག་སྨྱོས་ཀྱང་བཟང་ངན་ལས་ཀྱིས་འཚོས་པའི་འོ་སྐོལ་གྱི་བར་ཐག་གཟུགས་མེད་བརྩེ་བའི་ཞགས་ཀྱིས་དམ་པོར་རང་འཆིང་ངོ་།།
 

ལང་ཚོ་འཇའ་འོད་འཐབ་མའི་ལྡེམ་མྱུར་གྱི་གར་སྟབས་སྤྱན་ཟུང་བུང་བ་གཡོ་བའི་སྒྱུ་འཕྲུལ་དུ་བབས་ན་མི་སྡོད་ཡིད་ཀྱི་རྟོག་པ་རང་ཡན་དུ་ཤོར་བ་མཐུར་མེད་གཤོག་ཐོགས་རྟ་ཕོས་ཟླ་བོར་ཡང་མི་གཏུབ།།
 

འཁོས་ཆུང་འཛུམ་གྱིས་ཚིམས་པའི་ཡིད་རྟོན་དག་བོར་ཞིང་མི་བདེན་ཚིག་གི་སྤྲུལ་བའི་རྣམ་རྟོག་དག་ཡལ་བས་བདེན་པའི་བརྩེ་བའི་མེ་ཏོག་བསྟུད་མ་རུ་ཕུལ་བའི་མི་མིན་ལྷ་ཡི་གར་གྱི་ཨུཏྤལ་ཁྱེད་མཛེས་པ།།
 

མི་རྟག་གློག་གི་གར་གྱིས་སྐད་ཅིག་མ་བསྟན་ཞིང་མི་ཐུལ་སེམས་ཀྱི་ཁྱེའུས་དེ་བཞིན་དུ་རྟོགས་ཀྱང་མི་མཐུན་ལས་ཀྱི་རླུང་བུའི་སྒུལ་ཤུགས་ཀྱི་དབང་གིས་མི་མོ་ལྷ་ཡི་ལུས་ལ་བར་མེད་དུ་ཆགས་པ།།
 

ཡིད་བཞིན་བརྩེ་བའི་གཏེར་འཆང་འདོད་འབྱུང་གི་བུམ་པ་མེ་ཏོག་ཟིལ་བས་སྤྲས་པའི་མཐར་ཐུག་གི་མཛེས་སྡུག་བདག་ཡིད་པདྨའི་ཚལ་དུ་དགྱེས་འཛུམ་གྱིས་བཞད་པ་བསོད་ནམས་ནམ་མཁའ་མཛོད་ཀྱི་རྒྱུ་སྐར་དུ་ངེས་སོ།།
 

རྒྱང་རིང་སྤྲིན་གྱིས་ཁུར་བའི་འཕྲིན་ཡིག་གི་ཆར་བས་ཡིད་ཀྱི་སྐྱོ་བའི་དྲི་མ་རང་ས་རུ་བཀྲུས་པ་ལྷོད་ཡངས་རྣམ་པར་རྟོག་པའི་བྱེའུ་ཆུང་གི་གཤོག་པའི་ལྗིད་ཀྱི་རྡོ་བ་དེ་ཡང་ཇེ་ཡང་དུ་གྱུར་སྐད།།
 

ངག་རིག་དབྱངས་ཀྱི་རོལ་མོའི་གྲུ་ཆར་གྱི་བདུད་རྩིས་ཁོ་བོ་བར་མེད་གསོས་པའི་དྲིན་ལན་དག་དྲན་ན་བྱང་ཁོག་དབྱངས་ཀྱིས་ཁེངས་པའི་ཐ་སྙད་ཀྱི་བུ་ཆུང་བནྡེའི་མིང་ཅན་དེའང་རང་ཤུགས་ཀྱིས་སྐྱེངས་བ།།
 

ལོ་ཟླས་ཡོངས་སུ་བསྙལ་བའི་དུངས་ཞེན་གྱི་རུ་མ་མཛའ་མཐུན་ཟོམ་གྱི་ལྷུམས་སུ་ཞི་དུལ་གྱིས་ཆགས་པ་སྐལ་མང་ལས་ཀྱིས་སྟེར་བའི་བུ་ལོན་དུ་ངེས་པས་དེ་ཡང་དེ་ལྟར་སྙིང་གི་གསང་མཛོད་དུ་འབར་རོ།།
 

ད་ནི་དྲན་པར་དྲན་པའི་གཤོག་པ་ཞིག་ཐོགས་ཏེ་དྲན་གདུང་མཚོ་མོའི་ངོས་ནས་དྲན་འཛིན་ཕྱོགས་སུ་དྲན་བཞིན་དྲན་བཞིན་དྲན་པའི་གཤོག་པ་རང་སྡེབས་ནས་དྲན་དྲན་གསང་བའི་བརྡ་ཐབས་ཅི་རིགས་སུ་བསྟན་ཐལ།།
 

ཞེས་ཀྱང་ཐ་སྙད་ཀྱི་སྤྲོས་པ་ལ་ཤིན་ཏུ་མོས་པའི་དབྱངས་ཅན་ཀུན་ཏུ་བཞད་པའི་དཔལ་ལམ་བནྡེ་དཔལ་གྱིས་སོ།།

        རྩོམ་སྒྲིག་པ། འཕགས་མི།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease