ནང་སེམས་ཀྱི་ལྷགས་པ།
རྩོམ་པ་པོ། རླུང་།
རྩོམ་པ་པོ། རླུང་།
ཐོར་རྡུལ།
རླུང་། ཁྲི་འདུ།
དྲན་རབ་མེ་ཏོག་གསལ་ལ་མ་གསལ་དེ།།
གཞོན་སེམས་འདབ་ལོའི་ནང་གི་ཚོར་བ་ཡིན།།
དེ་བས་རྟོག་འགྱུར་རི་མོའི་སྐད་ཆ་ནི།།
ཚངས་སྲས་ལྷ་མོའི་གདངས་གི་དབྱངས་རྟ་ཡིན།།
ཅུང་ཟད་སྒེག་པར་སྒྲོན་པའི་གཞོན་ཉམས་དང་།།
ཧ་ཅང་འདྲིས་པ་ཡོད་པའི་ནང་གཏམ་སྩོགས།།
མཚན་མོའི་ཟླ་འོག་དཀྱིལ་གྱི་ཕྱི་མིག་ལས།།
མཛའ་བརྩེ་འོ་ཆུ་འདྲེས་པའི་མཚར་སྡུག་དྲན།།
རླུང་བུ་བཞིན་དུ་ལྡང་བའི་དྲན་པས་ཀྱང་།།
ཧ་ཅང་གཉོམ་ཆུང་ཡིན་པའི་ངང་གིས་ནི།།
ཁྱོད་རང་དྲན་པ་དབང་གིས་ཡིག་ཚོགས་བསྡུར།།
གང་ཞིག་མཐོང་བའི་རྣམ་པ་ཐོན་པར་བྱས།།
དེ་བས་མི་ཚོགས་ཁ་ལ་མེ་ཏོག་འབབ།།
ལམ་དང་གྲོང་གསེབ་དག་ཏུ་ལྷུང་བ་ན།།
མི་ཚོས་དེ་ཉིད་ངོ་ཤེས་གྱུར་པ་ཡིས།།
ང་ཡི་མིང་ལ་ཐ་སྙད་ཐེད་པོ་ཟེར།།
གཟུར་གཤོལ།
ཞལ་གྱི་པདྨའི་འཛུམ་དཀར་ཡིད་འོང་དེ།།
ཕྱོགས་བཅུ་ངེས་མེད་གནས་སུ་གཏོར་ན་ཡང་།།
ལྐོག་གི་རང་བཞིན་རྣལ་མ་བཅོས་སུ་མེད།།
དེ་བས་གཏམ་རྒྱུད་ཡོད་ལ་ལོ་རྒྱུས་ཡོད།།
ཕལ་བས་བཅོས་བཅོས་གནང་རུང་གབ་ཏུ་མེད།།
བྱ་ཁྱུ་མཁའ་རུ་ལྡིང་ཡང་ལུས་གྲིབ་བཞིན།།
རང་བཞིན་ངོ་མའི་ཟོལ་དེ་མངོན་པ་ཡིས།།
དགེ་ཆོས་འཁྱམས་པོ་ཇི་བཞིན་ཕྱི་ནང་སློག།
ཐེངས་རེ་ལྗོངས་ལ་ལྟ་ནས་ས་བོན་འཚོལ།།
སྐབས་རེ་འབྲས་བུར་ལག་བསྙབས་བྱེད་དེ་ནི།།
མཐོ་པོ་རི་རྩེར་ངལ་ཡང་བགྲོད་པར་བྱེད།།
ད་དུང་འུ་གཉིས་འབྲེལ་བ་མ་ལྷོད་པ།།
སེམས་ཀྱི་ཟབ་ས་ལྷུང་བའི་ཡིག་འབྲུ་དང་།།
ཤ་རུས་གསེབ་ན་ལུས་པའི་ཐ་སྙད་ཚོགས།།
འགྱུར་མེད་རྒྱ་ཡིས་རུས་ཀྱི་ངོས་སུ་བཏབ།།
གཞོན་པོའི་བརྩེ་དུང་ཟེར་ཡང་དེ་ཙམ་སྣང་།།
ནང་སེམས་ཀྱི་ལྷགས་པ།
ལོ་རྒྱུས་རྡོ་རིང་ས་ལ་འཐིམས་ཤིང་མེ་ཡིས་བསྲེགས།།
རྩ་བའི་བདེན་དོན་རླུང་གིས་ཁྱེར་ཞིང་མུན་དུ་ལྷུང་།།
ཕ་ས་ཕ་ཡུལ་ས་རྡུལ་གཡོག་ཅིང་སྒྲིབ་པས་འཆིང་།།
མིག་ཆུ་འབྱིན་པའི་སྐྱེས་བུ་དག་ལ་སུ་ཡིས་ཅེར།།
ན་ཟུག་མེ་ལྕེ་གྲང་ལྷགས་འགྲོགས་ནས་ཁེར་རྐྱང་གནས།།
ཚོར་བའི་རླབས་ཕྲེང་རིམ་གྱིས་འཕེལ་བ་བདེན་ན་ཡང་།།
ངག་གི་སྒྲིབ་པ་ཡོངས་སུ་དག་ཀྱང་མག་མོག་ཡུར།།
འདི་ཉིད་ལུས་པ་སུ་ཡིས་དཔང་བྱེད་ཇི་ལྟར་བརྗོད།།
སྨྲ་བ་དག་པོ་གང་དུ་གནས་ཤིང་གང་དུ་ཕེབས།།
མ་འཁྲུལ་རིགས་པ་སུ་ལ་ཡོད་ཅིང་སུ་ཡིས་སྨྲ།།
ཉེ་བའི་རུ་སྡེ་སུ་ཡིས་སྲུང་མཛད་སུ་ཡིས་བརླག།
མ་དཔྱད་རིག་པས་སུ་ཞིག་གནོད་འགྲོ་སུ་ཞིག་འཆི།།
མ་བྲིས་རི་མོ་སུ་ཡིས་བསུབས་ཤིང་སུ་ཡིས་འདོར།།
ཁྲིམས་ལུགས་ལོག་སྤྱོད་སུ་ཡིས་བྱས་ཤིང་སུ་ཡིས་འཛིན།།
སློབ་མས་བླ་མའི་རྩོམ་ཆོས་འདོད་སླད་སྒྱུར་བ་ཡི།།
རྟོགས་ནས་བྱུང་ཚེ་སེམས་ལ་འདྲེན་པའི་ཆུ་འཁྱགས་ཤིག།
དཀའ་སྤྱད་རྔུལ་ཆུ་རི་ལུང་ཀུན་ལ་ཁྱབ་པར་གྱུར།།
བདེན་དོན་མེ་ལོང་ཡང་ཡང་ཚེས་ཤིང་གསལ་ན་ཡང་།།
ད་དུང་ལམ་ག་གཉིས་སུ་བྱུང་བའི་ཨུ་ཚུགས་གང་།།
ཐ་མ་བདེན་པའི་རི་མོ་བསུབས་པས་མཆི་མ་གླན།།
ལོ་རྒྱུས་ཟེར་བའི་དངོས་བྱུང་བརྙན་གྱི་རྩོམ་ཆོས་དེ།།
ཡར་ལ་འཐེན་ཞིང་མར་ལ་འཐེན་པ་མཛད་པ་ཡི།།
ཁུངས་མེད་ཨུ་ཚུགས་རྒན་པོས་ཞེན་བློ་ནག་ནོག་གིས།།
ཚ་རབས་བསྐྲུན་པའི་ནག་ཉེས་ཀུན་གྱི་གཞི་མ་ཞིག།
དགེ་འདུན་ཆོས་འཕེལ་བོད་ལ་མ་ཤོང་བོད་ཡུལ་ཆུང་།།
བཙོན་ར་སྙེག་པའི་ལོ་རྒྱུས་དེ་ཡང་བདེན་པའི་གཏམ།།
དེ་ཡི་རྒྱུ་རྐྱེན་ཕྲག་དོག་ཡིན་པ་ཤེས་རྗེས་སུ།།
ཁྱོད་ཉིད་ཕ་ཡུལ་འདི་རུ་ཤོང་གིན་མེད་དམ་སྙམ།།
འདི་འདྲའི་གནས་ནས་ཁེར་རྐྱང་ཇི་བཞིན་གནས་པ་དང་།།
སྨྲ་བ་དག་ལ་སེམས་ཆུང་སྐྱེས་ཤིང་སྐྱེ་བ་ཡིས།།
ང་ཡི་གཤོག་པ་དེ་ཕྱོགས་གཏད་འདོད་ཆེ་ན་ཡང་།།
སྨྲེང་བ་གྲུབ་པས་ང་ཡང་ཚིག་གི་ལོ་མ་འགགས།།
ས་སྐྱ་པཎ་ཆེན་བླུན་པོར་འཇིགས་པའི་ལེགས་བཤད་ཡོད།།
པཎ་ཆེན་བཅུ་བས་དགྲ་ལས་གཉེན་ལ་འཇིགས་ཚུལ་གསུངས།།
བླུན་པོ་དང་ནི་ཉེ་བའི་ཨུ་ཚུགས་ཕྲག་དོག་གིས།།
ཡོངས་སུ་འཆིང་པས་འགྲོ་བའི་ལམ་ག་དོག་པོར་བསྐྲུན།།
དོག་པོ་དོག་པོས་སེམས་དང་ཁོར་ཡུག་ཁྱབ་པ་ཡིས།།
དཔྱད་བརྗོད་པ་དང་གོ་རྟོགས་ཅན་དག་ཤོང་ས་མེད།།
བདེན་དོན་རིན་ཆེན་ཁེར་རྐྱང་ལུས་པའི་ངང་ཚུལ་ལ།།
བསམས་ཤིང་བསམ་ན་ཡིད་ལས་རྡོལ་བའི་གྲང་ལྷགས་མོད།།
![]() |
|
Signature is customized by Netease