རང་དབང་གི་ཉིན་དེར།

    རྩོམ་པ་པོ། ལྷོ་བུ་དོན་གྲུབ།


རང་དབང་གི་ཉིན་དེར།

             ལྷོ་བུ་དོན་གྲུབ། རྔ་བ། 
གྱེས་བྲལ་གྱི་རྨ་ཁས
ཁྱེད་ཀྱི་ལག་མཐིལ་གྱི་དུས་ཚོད་དམ་པོར་བཟུང
རང་དབང་གི་ཉིན་དེར
ཁང་མིག་རེ་རེའི་སྒེའུ་ཁང་ལས་ཉི་འོད་འཐུས
གྱེས་བྲལ་གྱི་གདུང་བས
ཚ་རླབས་གཡོ་བའི་བྱེ་ཐང་གི་རྣམ་ཤེས་རབ་ཏུ་བསྐྱོམས
རང་དབང་གི་ཉིན་དེར
སྒོ་རའི་ནང་གི་ལྗོན་པ་དག་ལྟ་ན་སྡུག
 
གྲང་འཁྱག་གིས་ཟིན་པའི་ཁྲོམ་སྲང་འདིའི
ཁ་ཁར་གྱེས་པའི་སེམས་པ་ཕྱོགས་གཉིས་སུ་བཀར་བས
རང་དབང་གི་ཉིན་དེར
གང་ལ་སོང་ཡང་ཁེར་ཧྲེང་གི་གྲིབ་མ་ཡིན
 
 
སྟོན་མཇུག
 
སྡོད་མི་ཚུགས་པའི་སུན་སྣང་ཞིག་གིས
ངའི་ཁོག་པ་ཡོངས་སུ་དཀྲུགས་བྱུང་ངལ་བར་གྱུར
མཐའ་བྲལ་བའི་རི་རབ་སྟོང་ཕྲག་ཅིག་བརྒལ་བཞིན་པ་འདྲ
 
རི་ཐང་འདིའི་སྐྱོ་ཡུས་ཀྱི་གྲང་ངར་ལས
ངའི་ནང་སེམས་ཀྱང་གནས་ངེས་མེད་འཁྱག་པས་བཟུང
ཡིན་ཡང ངས་ད་དུང་དྲོད་སྣང་ཞིག་ལ་རེ་བས་འཆིང་ཡོད
ལུང་པ་འདིས་ཀྱང་སང་ཉིན་གྱི་ཉི་མར་བསྒུག་ཡོད

ལས་དབང་།
 
ལག་ཟུང་གཉིས་ཁ་ཁར་གྱུར་ན
ལག་གཡས་ཀྱིས་ཤོག་སྐུད་བཟུང་ནས
ནམ་མཁར་ཕྱིར་ལྟས་བྱས
ལག་གཡོན་གྱིས་མེ་ཏོག་བཟུང་ནས
མདུན་ཕྱོགས་སུ་ངང་གིས་བརྒྱུག
གློ་རྡེག་གི་ཚོར་བས་ཁྱེད་རང
རྗེས་སུ་འདྲུད་ལ་སྔོན་དུ་ཁྲིད
 
ཐང་ཆད་པས།
 
སྨན་ཁང་ལས་ཡངས་སར་བུད་ན
གདོང་ངོས་སུ་བཀལ་བའི་ངལ་དུབ་དང
སྣང་བའི་དྲན་པ་དག་རླུང་བུ་འཇམ་པོས་ཕྱག
པྲོག་གསར་གློ་ཚན་གྱིས་བསྐྲུན་པའི
འཆི་བ་ཐོ་བརྩེགས་སུ་སྤུངས་པའི་རི་བོ་ཡང
མིག་ཟུང་ལས་རིང་དུ་གྱེས
ད་ལྟ གནས་སྟེགས་ཤིག་ཏུ་ལྷིང་འཇགས་ལ་རོལ
ནམ་རྒྱུན་ལྟར་རང་ཉིད་ཆེས་དགའ་སའི་
གླུ་དེ་དག་གི་ལོ་མཇུག་བསྡུས་པས
རང་ཉིད་ད་དུང་འཚོ་བ་དང་ཁ་ཐག་ཉེ་བ་ཚོར
ཁ་པར་ལས་དུས་ཚོད་ལུས་འཕྲོ་དེ་དག
མ་འོངས་པའི་དུས་ཚོད་ཡིན་པ་ཡང་གསལ་བོ་རེད
ནད་པ།
 
ཁོང་ཚོ་རླུང་བུ་བསིལ་མོ་ཞིག་དང་མཉམ་དུ་ཡོང
ཁོང་ཚོ་ཉི་འོད་འཇམ་པོ་ཞིག་དང་ཉེ་བར་བཅར
སྐྱོ་གདུང་དེ་དག་དང་དགོད་སྒྲ་དེ་དག་གཞོགས་གཅིག་ཏུ
ཁོང་ཚོས་རང་གི་ཡུལ་ལྗོངས་ལ་འབུལ་གྱི་ཡོད
ཁོང་ཚོས་རང་ཉིད་ལ་གཉིད་ལམ་ཞིག་འཚོལ་གྱི་འདུག
ཆག་ཀྲུམ་གྱིས་བཟུང་པའི་རྨི་ལམ་ཞིག་འཐུས་པ་ཡིན
དེ་ནི་སྣང་བའི་ཁམས་དང་སྡང་བའི་ང་རྒྱལ་ལོ
 
མཐོང་བ་ལས་འཛིན་མ་ཐུབ།
 
འགྲུལ་བཞུད་སྟོང་པས
སེམས་སུ་ཅི་ཡང་མེད
གླུ་ཞིག་འབྲི་བསམ་ནའང
ཚིག་རྐང་གཅིག་ཀྱང་ཚོར་མ་བྱུང
རོལ་དབྱངས་ཤིག་ངང་གིས་རྒྱུ་བས
མིག་མེད་ཀྱི་ལོང་བ་བཞིན་གནས་ངེས་མེད་འཁྱམས
མཚན་མོ་འདིར གླུའི་རྣམ་འགྱུར་སྣ་ཚོགས
ངའི་ཁང་མིག་གི་ནང་རོལ་ཏུ་འཐིབ་ནས
ནང་སེམས་ལ་འཛུལ་མ་བྱུང
དེ་དག་ནི  ང་དང་རྒྱང་རིང་པོར་གནས་པས
ག་ཚོད་ལ་འགྲོ་ཐུབ་ན་དེ་ལྟར་ལམ་དུ་ཡོད།
 
སྒེའུ་ཁུང་ལས་རླུང་བུ་བསིལ་བསིལ་གཡོ
ལམ་དུ་ཆས་སོང་བའི་ཁྱོད་རང
སྐར་མདའ་མེད་པའི་དུས་ཚོད་ཀྱི་འཁོར་ལོའི་ནང་དུ
རྐང་པ་བརྒྱབ་ཏེ་འགྲོ་བཞིན་ཡོད
ཁྱེད་ནི་རབ་ཏུ་ལྗི་བའི་རྨི་ལམ་མཐུག་པོ་ཞིག
ཤིན་ཏུ་རིང་བའི་བཞུད་ལམ་དག་མོ་ཞིག
གཏིང་ཟབ་པའི་རྒྱ་མཚོའི་ནང་དུ་ཡིབ་ཀྱིན་ཡོད
མཐའ་མེད་པའི་ནམ་མཁའི་མཐོངས་སུ་བསྲིངས
ཁྱོད་ཀྱིས་འཚོ་བ་སྟབས་བདེ་ཞིག་སྐྱེལ་བཞིན་ཡོད
དཀའ་དགོས་མེད་ལ་སྐྱོ་དགོས་ཀྱང་མེད
ཆེས་མཐའ་མཇུག་ཡང
སོང་སོང་ན     ལོ་ན་ཕྲ་བའི་ཁྱོད་རང
བུ་མོ་ཞིག་གི་རེ་སྒུག་གི་ཁྲོད་དུ་ཉར་ཡོད
དེ་ནི་སྨག་ནག་པའི་ཁང་པའི་ངལ་ཆུ་དང
གཟུགས་མེད་པའི་མལ་ཁྲིའི་ཆགས་སྐད
རྟ་ཐོག་འཕང་སྦྱར་གྱི་ཕོ་མོའི་སྐྱིད་འཁོར་རོ
                   རྩོམ་སྒྲིག་པ། མྱི་གསར་བ།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease