སྐུ་ཞབས་ལགས།

    རྩོམ་པ་པོ། མགར་མེ་དུངས།


སྐུ་ཞབས་ལགས།
ཞར་བཀོད་གསུམ།
    ཁ་བ་སྙིང་ལྕགས་ཀྱི་ལྷུག་རྩོམ་འབུ་མེ་ལྕེབས་ལ་ལྟས་རྗེས།   
           མགར་མེ་དུངས། 
ཁྱོད་ཀྱིས་ང་ཚོར
ཁ་བའི་སྙིང་སྟོབས་བཤད་ཅིང
དུས་རབས་ཤིག་གི་སྐྱོ་སྣང་འཆད
 
རྩྭ་ལྡུམ་གྱིས
ཁྱོད་རང་གཉིད་སད་དུ་བཏང
གྲོགས་རོང་དུ་འཚོ་བའི་མི་དག་གི་ཚབ་ཏུ
ཁྱོད་ཀྱིས་མུན་དོང་དུ་ལུས་པའི་དུས་རབས་ཤིག་གི་སྒྲུང་གླེང
 
སྒྲུང་ནང་དུ
གསར་བརྗེ་དང་མུན་པའི་སྙིང་སྟོབས་ཡོད
འོད་ལ་དུངས་བའི་མེ་ལྕེབས་ཡི་རང་དབང་ཡོད
 
བྱ་རྒོད་ཀྱི་གཤོག་པ་དང་འདྲ་བའི་ཁ་བའི་འདབ་མ
དུས་ཚོད་ཀྱི་གཙང་བོའི་ཀློང་ནས
མི་སྣང་བར་གྱུར་སོང་མོད
རི་འདབས་སུ་ལྷུང་བའི་སྒྲོ་སྤུ་ཉག་གཅིག
མཛེས་སྡུག་ཅིག་ཡིན་པར་མ་ཟད
ཡིད་འོང་ཞིག་ཀྱང་རེད་ཨང  
.
རྩ་ལྡུམ། རྒྱལ་ནང་གི་རྩོམ་པ་པོ་ལུའུ་ཞུན་གྱི་ལྷུག་རྩོམ་དེབ་ཅིག  
ལན་རེར་ཧ་ཅང་སྐྱོ་འོང་། 
 
ད་ཆར    ནམ་གུང་གི་དུས་ཚོད་གསུམ་པ་རེད་འདུག 
ཡོད་ཚད་ལྷིང་འཇགས་སུ་གནས་ན་ཆོག་མོད
ང་རང་མུན་པར་ཁ་གཏད་དུ་འགྲེང་ནས
འདས་སོང་གི་ལམ་བུ་དག་དྲན་ཚེ
སྟོན་མཇུག་གི་སྡོང་ལོ་དང་འདྲ
གང་སར་འཐོར་ཞིག་ཏུ་ཡལ་སོང་བས
ངས་དབུགས་ཀྱི་རྒྱུ་བའི་གཏོང་ལེན་བྱེད་པའི་སྒྲའང
ཇེ་དམའ་ནས་ཇེ་དམའ་རུ་གྱུར
 
ལག་པ་ཡ་གཅིག་ཨམ་ཕྲག་གི་ནང་བཅུག་རྗེས
དོ་དགོང་གི་ཟླ་བ་སྟོང་ལྷང་ངེར་བུད་འགྲོ་ཞིང
ནམ་ལངས་ཀྱི་ཉི་ཤར་ཁེར་རྐྱང་ངང
རླུང་ཁ་ན་བསྐྱོད་པའི་ལོ་མ་ལྟར
སྔ་མོ་ནས་གྱེས་བརྡ་བཏང་འགྲོ་བས
ངས་མགོ་བོ་དགྱེས་ཞོར་ཡར་བགྲོད་མར་བགྲོད་ངང
གོམ་པ་ཇེ་དམའ་ནས་ཇེ་དམའ་རུ་གྱུར
 
མ་འོངས་པའི་མི་ཚེ་ཧྲིལ་པོ
མདུན་ཅོག་སྟེང་གི་ཇ་ཕོར་བ་གང་ལྟར
སྐམ་རིད་དུ་གྱུར་འགྲོ་བས
གསོན་བསྲེག་བྱེད་བཞིན་པའི་ང་རང
རྒྱ་མཚོ་ལྟ་བུའི་ཡུལ་ལྗོངས་ཤིག་ན
སེམས་ཤོར་བའི་མུན་པ་ལ
སྐྱེ་བ་འདིར་འཛུམ་མདངས་ཙམ་ཡང་སློང་མི་ནུས་པས
སྐྱོ་གདུང་གིས་མནར་ཞིང་ལམ་ནང་དུ་རྡོ་བ་ཇེ་མང་དུ་གྱུར 
 
ཡབ་ཆེན། 
 
ཕ་ཡུལ་གྱི་ས་གཞིར
ཁྱོད་ཀྱི་དྲི་བསུང་འཐུལ་བས
ཕ་ཡུལ་གྱི་ནམ་མཁའ་དྲན་དུས
ཁྱོད་ཀྱི་དཔའ་སྤོབས་དང་སྙིང་སྟོབས་དྲན་ཡོང
 
བདག་སེམས་ཀྱི་ནགས་ཚལ་དུ
ཁྱོད་ཀྱི་བརྩེ་འདང་བཞད་པའི
དྲན་གདུང་གི་ལྗོན་ཤིང་སྐྱེས
 
ཡལ་འདབ་དང་བསིལ་གྲིབ་རེ་རེར
ཁྱོད་ཀྱི་འཛུམ་མདངས་མཐོང་མི་ཐུབ་མོད
ཞལ་ཏ་ཡི་འོ་མ་ཟགས
འཁྲུལ་སྣང་། 

 
མེ་ཏོག་དུམ་བུ་ཞིག
བར་སྣང་སྟོང་བའི་དབྱིངས་ན་རྒྱུ
ཟུག་གཟེར་རྒྱག་མིས
ནམ་མཁར་ཅེར་ནས
ལག་པ་བཀྱགས
ག་ལེར་རེག་འདོད་ཀྱང
སྐར་མའི་གཤོག་པ
འཇའ་ཚོན་གྱི་ཐག་པ
ཡང་ན་སྤྲིན་པའི་ཐེམ་སྐས་ལྟར
ཐག་རིང་ཐག་རིང་ཞིག་ལ་བུད་སོང་བའི་ཟོལ་གྱིས
དུས་ཚོད་ཀྱི་ཐག་པ་ཆད་ཤུལ་དུ
མི་སྣང་བར་གྱུར
                    རྩོམ་སྒྲིག་པ། མྱི་གསར་བ།
        མཐོང་གྲོལ་དྲ་རྩོམ་དག་རྩོམ་བདག་དང་དྲ་བདག་གིས་ཆོག་མཆན་མེད་པར་རང་དགར་མི་འཁྱེར་བར་མཁྱེན།

 

Signature is customized by Netease